ཆོས་རྗེ་གྲགས་པ་བྱང་ཆུབ་
ཆོས་རྗེ་གྲགས་པ་བྱང་ཆུབ།
[རྩོམ་སྒྲིག]མཚན་གཞན་ཚེས་བཞི་གསར་མ་བ་ཞུ་བ་འདི་ཉིད་ཡབ་དྲུང་རིན་རྡོར་བ་དང་ཡུམ་ཟིན་ཟ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་སྤྲེལ་(༡༣༥༦)ལོར་དཔལ་ཁྲ་འབྲུག་གཙུག་ལག་ཁང་གི་འདབས་སུ་ཆགས་པ་དགོན་གསར་དུ་སྐུ་འཁྲུངས། མཚན་བྱང་ཆུབ་རྡོ་རྗེ་ཞེས་གསོལ། དགུང་ལོ་བཞི་པ་ནས་ཡི་གེ་སྦྱོར་ཀློག་སྦྱངས། རྒྱལ་སྲས་གྲགས་རིན་པ་ལ་བརྟག་གཉིས་ཀྱི་ལུང་མནོས་ནས་གསན་སྦྱོང་མཛད། དགུང་ལོ་བཅུ་གཉིས་ལ་སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་གྲགས་པ་བྱང་ཆུབ་ཏུ་གསོལ། ཆོས་དྲུག་གི་ཁྲིད་ཀྱང་གསན། སློབ་དཔོན་ཚུལ་རྒྱལ་བས་བརྡ་བཞིའི་སྒོ་ནས་སྨིན་པར་མཛད། དེ་རྗེས་རྩེད་ཐང་དུ་བརྟག་གཉིས་གསན། དགུང་ལོ་བཅོ་ལྔ་པར་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་མཁན་པོ་དང་། མཁན་ཆེན་གཞོན་དབང་པས་སློབ་དཔོན་ཆོས་སྒོ་བ་བརྩོན་འགྲུས་བཟང་པོས་དུས་སྒོ་བ་གནང་སྟེ་དགེ་ཚུལ་གྱི་བརྟུལ་ཞུགས་ཡང་དག་པར་བླངས་ཏེ་རབ་ཏུ་བྱུང་། དམ་པ་འདི་ཉིད་སྲིད་འབྱོར་་ལ་སྙིང་པོ་མེད་པར་གཟིགས་ནས་ཕག་གྲུའི་སྡེ་སྲིད་དུ་ཕེབས་དགོས་ཞུ་ནན་ཆེ་ཡང་སྤྱན་སྔ་བསོད་ནམས་གྲགས་པ་སྐུ་ན་མ་སོན་བར་ལོ་བརྒྱད་རིང་སྲིད་ཁྲིར་བཞུགས་རྗེས་ཐེལ་གྱི་ཚོགས་པ་མུ་མཐུད་བསྐྱངས། གང་གིས་ཕག་གྲུའི་སྡེ་སྲིད་གནང་རིང་རྫོང་གོང་འོག་ཐམས་ཅད་ལ་ཆོ་འཕྲུལ་གྱི་ཟླ་བར་སྲོག་གཅོད་སྤོང་འཇུག་སོགས་ཆོས་ལྡན་རྒྱལ་པོའི་མཛད་པ་ལྷར་བཞེས་དང་བཤད་པ་དང་སྒྲུབ་པས་བསྟན་པའི་དོན་ཆེ་བའི་མཛད་པ་ཁོ་ནར་གཞོལ། དེ་ནས་དགེ་སློང་གི་དངོས་པོ་ཐོབ། སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་དང་། ལོ་ཆེན་བྱང་ཆུབ་རྩེ་མོ། རྒྱལ་སྲས་ཐོགས་མེད་བཟང་པོ། མཁན་ཆེན་དྷརྨ་ཤྲཱི་བྷ་དྲ། འཇམ་དབྱངས་ཤཱཀྱ་རྒྱལ་མཚན། མཁན་ཆེན་གཞོན་ནུ་དབང་ཕྱུག དཔོན་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་འབྲི་གུང་པ་རིན་ཆེན་འབུམ་པུ་སོགས་མཁས་གྲུབ་དམ་པ་མང་པོ་སྤྱི་བོར་བསྟེན་ནས་རྒྱ་གར་ནས་བོད་དུ་བསྒྱུར་བའི་སྔགས་དང་མཚན་ཉིད་ཀྱི་དབང་བཤད་ལུང་མན་ངག་མཐའ་དག་དང་། ས་སྐྱ་པ་ཡབ་སྲས་ཐམས་ཅད་ཀྱི་བཀའ་འབུམ། དཔལ་ཕག་མོ་གྲུ་པ་དང་། ཆོས་རྗེ་འབྲི་གུང་པ། སྤྱན་རིན་པོ་ཆེ་ཡབ་སྲས་ཀྱི་བཀའ་འབུམ་སོགས་གྲགས་ཆེ་བ་ཕལ་མོ་ཆེ་གསན་པར་མཛད་དེ་མཁས་པའི་གྲགས་པ་ས་སྟེང་དུ་ཁྱབ། ཉམས་དང་རྟགས་པའི་ཡོན་ཏན་ཁྱད་པར་ཅན་འཁྲུངས། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་སྤྱན་སྔ་གྲགས་པ་བྱང་ཆུབ་ལ་མི་འཕྲོག་པའི་དད་པ་ཚད་མེད་འཁྲུངས་ཏེ《སྤྱན་སྔ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་བརྗོད་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ》ཞེས་བྱ་བ་ཡང་བཀའ་རྩོམ་གནང་། སྤྱན་སྔ་རིན་པོན་ཆེས་ཀྱང་རྗེ་ཙོང་ཁ་པ་ཆེན་པོའི་རྨད་དུ་བྱུང་བའི་མཁྱེན་རབ་ཀྱི་གསུང་རབ་མཐའ་ཡས་པ་གཟིགས་ནས་སྔགས་པ་རྒྱ་ཆེར་མཛད། དེ་ལྟར་བསྟན་པ་དང་འགྲོ་བའི་དོན་འབའ་ཞིག་ལ་སྨན་པའི་ལུང་རྟོགས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་དགུང་ལོ་སོ་གཅིག་ལ་ཕེབས་པ་རབ་བྱུང་དྲུག་པའི་མེ་སྟག(༡༣༨༦)ལོའི་བོད་ཟླ་གཉིས་པའི་ཚེས་ལྔ་ཉིན་སྐུ་གཤེགས།