ཆོས་རྒྱལ་འཁོན་ཕུ་བ་
ཆོས་རྒྱལ་འཁོན་ཕུ་བ།
[རྩོམ་སྒྲིག]འདི་ཉིད་མ་གཅིག་ཞ་མའི་མིང་པོ་ཡིན་ཅིང་། རབ་བྱུང་དང་པོའི་ས་བྱ( ༡༠༦༩)ལོར་སྐུ་འཁྲུངས། དགུང་ལོ་བདུན་བརྒྱད་ནས་ཡབ་མཆེད་ལས་ཡིག་ཀློག་བསླབས། གཉམ་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་དང་སྨོན་འཇུག་གི་སེམས་བསྐྱེད་མནོས། སྤྱོད་ཕྱོགས་ཀྱི་གཞུང་ཆེ་ཕྲ་མང་པོ་གསན། དགུང་ལོ་བཅུ་བཞིར་ཕེབས་སྐབས་རོང་ཟོམ་ཆོས་བཟང་གི་དྲུང་དུ་བྱོན། སྨྲ་སྒོ་སོགས་མཁས་པས་ཁོང་ལ་བསླབས། རྨ་ལོ་ཙཱ་བས་སྐད་རིགས་མང་པོ་མཁྱེན་པས་ཁོང་ལ་ཡང་སྦྱངས་པ་མཛད། ཤབ་ཏུ་རྨའི་ཕྱག་ཕྱིར་བྱོན། རྨ་གཤེགས་ཁར་ཕྱག་དཔེ་ལ་སོགས་པ་ཐམས་ཅད་གནང་ནས། ཞལ་ཆེམས་བཞག་པ་བཞིན་ཐོག་མར་བོད་ཀྱི་མཁས་པ་དགེ་བཤེས་ཞང་དང་། རྒྱང་རོང་གངས་པ་ཤའུ། མར་པ་སེང་རྫི་ལ་སོགས་པ་བསྟེན་ནས་ཆོས་མང་པོ་གསན། དགུང་ལོ་ཉེར་དྲུག་ལ་ཕེབས་སྐབས་བལ་པོར་བྱོན་ནས་ཡེ་རང་བའི་སྤྱན་སྔར་མཻ་ཏྲི་བའི་ཆོས་རྣམས་གསན། དེ་བཞིན་ཕམ་མཐིང་བ་དང་། འཁོན་སྒྱེ་ཆུ། དམ་པ་སངས་རྒྱས། རྭ་ལོ་སོགས་ལས་གསན་པ་མང་དུ་མཛད། སླར་ཡང་བལ་པོར་བྱོན་ནས་རྒྱ་གར་གྱི་བླ་མ་མི་མཉམ་རྡོ་རྗེ་ལས་ལཱུ་ནག་དྲིལ་གསུམ་ནཱ་རོ་པའི་ལུགས་དང་བཅས་པའི་བདེ་མཆོག་དབང་དང་བཅས་པ་གསན། དེ་ནས་བོད་དུ་ཕེབས་ཏེ་དགུང་ལོ་སོ་གཅིག་ནས་འཁོན་ཕུ་རྫིངས་ཀྱི་བྲག་དམར་དུ་སྒྲུབ་པ་མཛད། ལོ་གཉིས་སོང་བ་དང་ལྕམ་དྲལ་གཉིས་ལམ་འབྲས་གསན་དུ་བྱང་ལ་བྱོན། དེ་རྗེས་ཇོ་མོ་གཉིས་ཀྱང་ཁབ་ཏུ་བཞེས། སླར་འཁོན་ཕུར་སྒྲུབ་པ་མཛད་ནས་དམ་བཅའ་རྫོགས་པར་མཛད། དགུང་ལོ་བཞི་བཅུ་རྩ་བཞིར་ཕེབས་སྐབས་འཁོན་ཕུའི་གནས་མི་འདྲ་བ་མང་པོ་དང་། བྲིན་སྙེ་ནམ། ཕ་དྲུག ལ་སྟོད་ལྷོ་བྱང་གི་གནས་མང་པོར་བཞུགས་ནས་གདུལ་བྱ་མང་པོ་ལ་གྲུབ་སྙིང་ལ་སོགས་པའི་ཁྲིད་བསྐྱངས་ནས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར། དེའི་ཚེ་ཞ་མ་ལྕམ་སྲིང་ཞེས་ཡུལ་ཐམས་ཅད་དུ་སྙན་པས་ཁྱབ། དེ་ལྟར་རྗེ་འཁོན་ཕུ་བ་ཞེས་གྲགས་ཤིང་། མཚན་དངོས་ཆོས་ཀྱི་རྒྱལ་པོ་ཞེས་ཞུ་བ་དེས་གཞན་དོན་རྒྱ་ཆེར་མཛད་ནས་མཐར་དགུང་ལོ་བདུན་ཅུ་དོན་དྲུག་པ་རབ་བྱུང་གཉིས་པའི་ཤིང་བྱི( ༡༡༤༤)ལོར་སྐུ་གཤེགས།