Jump to content

ཆོས་རྒྱལ་ཕུན་ཚོགས་བཀྲ་ཤིས་

ཡོང་ཁུངས་Wikipedia

ཆོས་རྒྱལ་ཕུན་ཚོགས་བཀྲ་ཤིས།

[རྩོམ་སྒྲིག]

(འབྲི་གུང་གདན་རབས་ཉི་ཤུ་པ)ཆོས་རྒྱལ་ཕུན་ཚོགས་བཀྲ་ཤིས་ནི་མལ་དྲོ་གུང་མཁར་རྒྱ་མ་ཁྲི་ཁང་དུ་ཡབ་ལྷ་སྲས་གཉིས་པ་རིན་ཆེན་ཕུན་ཚོགས་དང་ཡུམ་རིག་འཛིན་བུ་ཁྲིད་གཉིས་ཀྱི་སྲས་སུ་མེ་ལུག་ལོར་སྐུ་བལྟམས། མཚན་ནོར་བུ་ཞེས་བཏགས། དབུ་ལ་གཙུག་གཏོར་དང་ཡི་གེ་ཨ་གསལ་ཡོད་པར་གྲགས། སྐུ་ན་ཆུང་ངུ་ནས་འཇིག་རྟེན་གྱི་གཙུག་ལག་རྣམས་ལ་མཁས་ཤིང་། དགུང་ལོ་བདུན་ལ་སྤྲོ་ལུང་དུ་ཕེབས། ཡབ་རྗེ་རིན་ཆེན་ཕུན་ཚོགས་ཀྱི་དྲུང་ནས་འབྲི་གུང་གི་ཆོས་སྤྱི་དང་། གསར་རྙིང་གི་དབང་ཆོས་བསམ་གྱིས་མི་ཁྱབ་པ་སོགས་གསན། དེ་ནས་རྒྱ་མར་བཞུགས། དགུང་ལོ་བཅུ་གཅིག་ཐོག་ཡབ་སྐུ་གཤེགས། ཁུ་བོ་རིན་ཆེན་རྣམ་རྒྱལ་གྱི་དྲུང་ནས་རབ་ཏུ་བྱུང་། ཡབ་གཤེགས་ནས་ལོ་གསུམ་གསང་རྒྱ་མཛད་པ་དུས་ཡོལ་ནས་ཚོགས་མང་དུ་དགོངས་རྫོགས་ཀྱི་འཕྲོ་དང་། དངུལ་གདུང་བཞེངས། དེ་རྗེས་ཡུམ་གཤེགས་པའི་འདས་མཆོད་རྣམས་མཛད། སྡེ་པ་མཁར་རྩེ་བས་རྒྱ་མར་དམག་བྱས་པས་ཀ་ཚལ་དུ་ཕེབས། སྙེ་མོ་སྒྲུབ་སྡེ་སོགས་མཚམས་གྲྭ་ཁག་ལོ་གསུམ་རེ་ནས་བརྗེ་ལེན་གནང་བའི་རྒྱུན་ཚུགས། བླ་མ་མང་པོ་ལས་ཟབ་ཆོས་དུ་མ་གསན་པ་དང་། སྒྲུབ་པ་ཉམས་བཞེས་ལ་ཐུགས་བརྩོན་པར་མཛད། ཆོས་འཁོར་རྒྱ་ཆེར་བསྐོར། རྭ་སྒྲེང་དང་། ཉང་པོ་སོགས་སུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་པ་སྣ་ཚོགས་བསྟན། ལོང་པོ་ནས་དཔོན་ས་ནོར་བུ་སྒྲོལ་མ་ཁབ་ཏུ་བཞེས་པར་སྲས་ཤིག་བྱུང་ཡང་ཞག་བཅུ་གསུམ་ལས་སྐུ་མ་འཚོ་ཞིང་མི་རིང་བར་དཔོན་ས(ལྕམ)ཡང་གཤེགས། ང་ཕོད་སྡེ་པའི་སྲས་མོ་ཨ་ལྕེ་གཡང་ཁུག་ཁབ་ཏུ་བཞེས་པར་སྲས་ཆེ་བ་ནཱ་རོ་གཉིས་པ་འཁྲུངས། འབྲི་གུང་དུ་བཞུགས་སྐབས་སྡེ་པ་མགོན་པོ་དཔལ་གྱིས་སྐུ་ལ་བསྡོ་བར་བརྩམ་པ་མཁྱེན་ཏེ་བྱང་འབབ་རོང་དུ་ཕེབས། ད་ནི་འབྲི་གུང་དུ་མི་འགྲོ་གསུངས་པར་ཐེལ་པ་སོགས་ཆེ་ཕྲ་ཐམས་ཅད་ཀྱིས་གདན་དྲངས་ཐོག་གདན་སའི་ཁྲིར་མངའ་གསོལ། སྡེ་པ་སྐྱིད་ཤོད་པ་ཡོན་བདག་ཏུ་གྱུར། སྒོམ་པ་རིན་ཆེན་རྣམ་རྒྱལ་ཕག་མོར་ཁབ་ཏུ་བྱོན་པ་ནས་འབྲི་ཕག་ཕན་ཚུན་གདུང་གཅིག་ཏུ་ཡིན་ཡང་རྗེ་འདི་འབྲི་གུང་གི་གདན་སར་བཞུགས་པར་འབྲི་ཕག(འབྲི་གུང་ལ་ཐོག་ཁ་ནང་སོ་དང་ཕག་མོར་ཁང་གསར་ནང་སོ་ཟེར་ཞིང་བསྡུས་མིང་ལ་ཁང་ཐོག་གཉིས་ཟེར)མ་མཐུན་པས་དུས་འཁྲུག་མང་དུ་བྱུང་ཡང་རིམ་གྱིས་འཇགས། ལྕགས་གླང་ལོ་གཞུ་སྨད་ཕུ་གུ་གདོང་དུ་རྫོང་གསར་བཀྲ་ཤིས་ཕྱག་འདེབས་པའི་ས་འདུལ་གནང་། དེ་ནས་ཡངས་རི་སྒར་གྱི་འདུས་པ་རྣམས་ལ་ཞལ་གདམས་ནན་ཆེ་བསྩལ་ཏེ་སྐུ་མཚམས་ལ་བཞུགས། ཆུ་སྟག་ལོ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། རྗེ་འདི་ལ་བུ་སློབ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས་དང་ཆོས་ལུང་མཁན་ཆེན་བྱམས་པ་ཆོས་འཕེལ་སོགས་དུ་མ་ཡོད། རིགས་སྲས་ནི་གདན་རབས་ཉེར་གཅིག་པ་ནཱ་རོ་གཉིས་པ་བཀྲ་ཤིས་ཕུན་ཚོགས་གྲགས་པ་རྒྱལ་མཚན་དང་། ཞྭ་དམར་དྲུག་པ་དཔལ་ལྡན་ཆོས་ཀྱི་དབང་ཕྱུག གདན་རབས་ཉེར་གཉིས་པ་རྗེ་བཙུན་དཀོན་མཆོག་རིན་ཆེན་རྣམས་ཡིན། གོང་གསལ་རིགས་སྲས་རྣམས་ཀྱི་འཁྲུངས་ཡུལ་ཡང་འབྲི་གུང་གི་ས་ཆར་ཡིན་པ་དང་། ཞྭ་དམར་དྲུག་པ་ངག་དབང་ཆོས་ཀྱི་དབང་ཕྱུག་ནི་རབ་བྱུང་བཅུ་གཅིག་ཤིང་སྤྲེལ(༡༥༨༤)ལོ་སྐུ་བལྟམས། ཞྭ་དམར་སྐུ་ཕྲེང་དྲུག་པར་ངོས་འཛིན་ཞུས་ཏེ་གདན་ས་ཡངས་པ་ཅན་གྱི་ཆོས་ཁྲིར་ཕེབས། རབ་བྱུང་བསྙེན་རྫོགས་སོགས་སྡོམ་བཞེས་དང་། སྐུ་ཡོན་གསན་བཞེས་ཀྱིས་མཁས་བཙུན་བཟང་པོའི་མཛད་པས་གདུལ་བྱ་བསྐྱངས་ཤིང་ཀརྨ་ཞྭ་དམར་གྱི་ཕྱག་སྲོལ་ཉམས་མེད་དུ་བསྐྱངས་ནས་གདུང་གྲངས་ཞེ་བརྒྱད་ཐོག་སྐུ་གཤེགས།