ཆོས་འཁོར་དུས་ཆེན།

ཡོང་ཁུངས་Wikipedia

ཆོས་འཁོར་དུས་ཆེན།[རྩོམ་སྒྲིག]

༄༅། བོད་ཟླ་ ༦ ཚེས ༤ ཉིན་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་མཛད་པའི་དུས་ཆེན་ཁྱད་འཕགས་ཅན་ཞིན་ཡིན། དེ་ཡང་བདག་ཅག་གི་སྟོན་པོ་མཉམ་མེད་ཐུབ་པའི་དབང་པོ་རྡོ་རྗེ་གདན་དུ་མངོན་པར་སངས་རྒྱས་ནའང་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ལ་མ་བབས་པས་རེ་ཞིག་མི་སྨྲ་ནགས་སུ་བཞུགས་བར་དགོས་པའི་ཚེ། ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་འབར་བ་དང་། ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ཏེ་ཆོས་འཁོར་བསྐོར་བར་བསྐུལ་བའི་གསོལ་བ་བཏབ་པ་ན། བོད་ཟླ་དྲུག་པའི་ཚེས་བཞི་ཉིན་དུས་ལ་བབས་པར་གཟིགས་ནས། ཡུལ་ཝཱ་རཱ་ཎ་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཕེབས་ནས་འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་གནང་མཛད། དེར་བརྟེན་ཉིན་མོ་འདི་བཞིན་འཛམ་གླིང་ཡོངས་ཀྱི་ནང་པ་སྤྱི་དང་ལྷག་པར། བོད་མི་ཚོས་ཁྱད་དུ་འཕགས་པའི་རྩ་ཆེན་དུས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཉིན་འདི་ནམ་ཤར་ལ་དེ་སྔ་བོད་གཞུང་ནས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ལ་མཆོད་སྤྲིན་སྣ་ལྔ་སྟོང་ཚར་རྒྱས་པ་དང་། ཐུགས་སྨོན་ཕྱོགས་མཐའི་ལྷ་ཁང་ཁག་ལ་མཆོད་འབུལ་དང་སྙན་ཤལ་བཅས་འབུལ་གནང་མཛད་ཀྱི་ཡོད་ལ། དེ་བཞིན་བོད་འདིར་ནང་པ་སངས་རྒྱས་ཀྱི་བསྟན་པ་ཐོག་མ་དང་བར་མཛད་པོ་ཆོས་རྒྱལ་མེད་དབོན་རྣམ་གསུམ་གྱི་བཀའ་དྲིན་དྲན་ཞིང་གུས་པ་ཆེན་པོས་ཆོས་རྒྱལ་སྲོང་བཙན་ སྒམ་པོའི་འཁྲུངས་བན་འཁྲུལ་པ་མེད་པ་དངུལ་རྒྱན་ཅན་བླ་ཕྱག་བཀར་སྟེང་ནས་གདན་ཞུས་ལྷ་གཉེར་ལས་དྲུང་ནང་གཟན་ཡོངས་རྫོགས་དང་། དཔལ་གསོལ་མ་བཅས་ནས་ཕོ་མོའི་ཆས་གོས་གནའ་བོའི་སྲོལ་བཟང་ཉམས་པ་མེད་པ་གཟབ་གྱོན་གྱིས་སྤྲུལ་པའི་གཙུག་ལག་ཁང་གི་བར་ཁང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ང་འདྲ་གསུང་ བྱོན་མའི་སྤྱན་སྔར་མཆོད་འབུལ་གཟབ་རྒྱས་དང་འབྲེལ་འཁྲུངས་གླུ་རྒྱས་པ་ཕུལ། དེ་ནས་རྩེ་ཕོ་བྲང་དང་། ནོར་གླིང་དུ་བཅར་ཏེ་དྲུང་བཞེས་ཐོག་མཇལ་བཅར་གྲལ་འཁོད། གསོལ་ཇ་བཞེས་འབྲས་ཕེབས། ཆོས་རྒྱལ་འཁྲུངས་བན་ནང་ནས་དྲུང་བཞེས་ཡོངས་རྫོགས་ལ་བྱིན་རླབས་འཁྲུངས་ཕུད་རིམ་པ་བཞིན་ཕུལ་ཏེ་དགྱེས་བཞེས་ཕུད་གཏོར་གནང་བ་སོགས་མཛད་ཀྱི་ཡོད། དད་ལྡན་མི་མང་རྣམས་ནས་རྩེ་ཕོ་བྲང་དང་། གཙུག་ལག་ཁང་། ལྕགས་པོ་རི་ལ་སོགས་ལྷ་ས་ཁུལ་དང། ཉེ་སྐོར་ལྷ་ལུང་རི་ཁྲོད། དགོན་གསར་རྩེ་ཤོད་ལ་སོགས་པའི་རི་ཁྲོད་ཁག་དང་དགོན་པ་ཁག །ཆོས་སྡེ་ཁག་བཅས་ཚང་མར་གནས་མཇལ་དུ་རྐང་ཐང་ལ་བསྐྱོད་དེ་དགོང་དྲོ་ལྷ་སར་ཕྱིར་ལོག་སྐབས་གཞོན་ནུ་མ་རྣམས་ཀྱིས་སེ་འབྲུའི་སྤ་ཕྲུག་དང་། ཕྲེང་བ་བཟོས་ཏེ་འདོགས་པ། ལྗོན་ཤིང་གི་འཁར་བ་འཁྱེར་ཏེ་གཞས་རྣམ་ཐར་གཏོང་བཞིན་ཡོང་སྲོལ་ཡོད། ནང་མི་རྣམས་ནས་ལྷ་སའི་བྱང་རྒྱུད་གཤོངས་ཁ་གླིང་ཀ་དང། ཀརྨ་དགོན་གསར། གྲྭ་ཕྱི་གླིང་ཀ་སོགས་ཕན་ཚུན་གླིང་ཀར་གུར་དང་བྱ་གཡབ་སོགས་གྲ་བསྒྲིགས་ཐོག་གདན་ལྕོག་དང་ཁ་ལག །ཇ་ཆང་ཕུན་སུམ་ཚོགས་པ་འཁྱེར་ཏེ་བསུ་བར་ཡོང་ནས་སྤྲོ་སྐྱིད་གཏོང་མི་མང་པོ་ཡོད། དེ་མཚུངས་འདི་གི་བཙན་བྱོལ་གཞུང་ནས་ཀྱང་གནའ་སྲོལ་བཟང་པོ་མི་ཉམས་རྒྱུན་འཛིན་དང་།བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་བཀའ་དྲིན་རྗེས་དྲན་སླད་ཉིན་དེར་ལས་ཁུངས་ མ་ལག་དང་བཅས་པ་གུང་གསེང་གཏོང་གནང་མཛད་དེ་སྤྱི་མཐུན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བཟང་པོ་གསོག་གནང་མཛད་བཞིན་ཡོད་པ་བཅས།། །།