ཆོས་ཚུལ་
ཆོས་ཚུལ་ཞེས་པ་ནི་དམ་པའི་ཆོས་ཀྱི་བདེན་པ་དང་ལམ་གྱི་རིམ་པ་སྟེ། ཆོས་རྣམས་ཀྱི་གནས་ལུགས་དང་དེ་ལ་འཇུག་པའི་ཚུལ་ལ་གོ་དགོས།
ངེས་ཚིག
[རྩོམ་སྒྲིག]ཆོས་ཚུལ་ཞེས་པ་ལ་ཁྱད་པར་དུ་དམ་པའི་ཆོས་ལ་འཇུག་པའི་ཚུལ་ལ་འཇུག་སྟེ། "ཆོས་སྒྲུབ་པའམ་ཉམས་སུ་ལེན་པའི་གེགས་སུ་གྱུར་པ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་དྲི་མ་ལས་འདས་པ།"[༡] ཞེས་གསུངས།
སྒྲ་བཤད།
[རྩོམ་སྒྲིག]ཆོས་ཞེས་པ་ནི་སངས་རྒྱས་ཀྱི་བསྟན་པ་དང་། ཚུལ་ཞེས་པ་ནི་རིམ་པ་དང་ལུགས་ལ་གོ་སྟེ། དེ་གཉིས་སྦྲེལ་ན་ཆོས་ཀྱི་རིམ་པ་དང་ལུགས་ལ་བརྗོད་དོ། །
ནང་དོན།
[རྩོམ་སྒྲིག]ཆོས་ཚུལ་གྱི་བདེན་པའི་གནས་ལུགས། "རྒྱལ་བའི་དགོངས་པ་ཟབ་ཡངས་ནམ་མཁའ་ཡི། །སྡེ་སྣོད་རྒྱ་མཚོའི་ཆུ་གཏེར་ཐམས་ཅད་ལས། །རྨད་བྱུང་ཤེས་རབ་ཕ་རོལ་ཕྱིན་པའི་མཆོག །"[༢] ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཚུལ་ཐམས་ཅད་ཀྱི་སྙིང་པོ་ཡིན་པར་བསྟན།
ཆོས་ཚུལ་ལ་འཇུག་པའི་རིམ་པ། དེ་ཡང་"དམ་པའི་ཆོས་ལ་ཡིད་དྭངས་ཤིང་མངོན་པར་འདོད་པའི་དགའ་བ་དང་། ཆོས་སྨྲ་བ་ལ་ཞེ་ས་དང་བཅས་པའི་གུས་པ་དང་། ཐེག་པ་ཆེན་པོ་ཐོས་པའི་ཕན་ཡོན་སོགས་ལ་ཡིད་ཆེས་པའི་དད་པའི་མཆོག་"[༣]ཅེས་དད་པ་གསུམ་གྱིས་ཆོས་ཚུལ་ལ་འཇུག་དགོས་པར་བསྟན།
ཆོས་ཚུལ་རྟོགས་པའི་ཁྱད་པར། "གང་ཉན་ན་ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་གཉིས་བསལ་བ་སྟེ་སྤངས་པའི་སྒོ་ནས་དྲི་མའི་སྐྱོན་ཐམས་ཅད་ལས་འདས་པའི་སངས་རྒྱས་"[༤] ཞེས་ཆོས་ཚུལ་རྟོགས་པས་སྒྲིབ་གཉིས་ཟད་པར་གསུངས།
དབྱེ་བ།
[རྩོམ་སྒྲིག]ཆོས་ཚུལ་གྱི་དབྱེ་བ། "ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས་སུ་འདུས་ཏེ། དེ་ལྟར་ཡང་མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །"[༥] ཞེས་ལུང་གི་ཆོས་དང་རྟོགས་པའི་ཆོས་གཉིས་སུ་ཕྱེ།
ལུང་གི་ཆོས་ཀྱི་དབྱེ་བ། དེ་ཡང་"ལུང་གི་ཆོས་ལ་ཡང་གཉིས་ཏེ། བཀའ་དང་བསྟན་བཅོས་གཉིས་སུ་འདུས།"[༦] ཞེས་བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ།།
རྒྱུ་མཚན། "རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྒྱལ་བས་དམ་པའི་ཆོས་ཚུལ་གང་བསྟན་པ་དེ་ལ་ནི་མི་མཆོག་ རྒྱལ་བའི་སློབ་མ་ཉན་ཐོས་སུ་གྱུར་པས། ཐོས་པའི་ཤེས་རབ་ཀྱིས་མངོན་པར་བསླབས་ཤིང་། བསམ་པའི་ཤེས་རབ་ཀྱིས་དོན་ཡིད་ལ་མངོན་སུམ་དུ་བྱས་ནས་བསླབས་པ་ཇི་ལྟ་བ་བཞིན་དུ་གཞན་ལ་སྟོན་ པར་བྱེད་ལ། དེ་ནི་སངས་རྒྱས་ཀྱི་མཐུས་བྱེད་པ་ཡིན་གྱི། རང་ཙམ་གྱི་སྟོབས་ཀྱི་མཐུས་བྱེད་པ་མ་ཡིན་ནོ། །"[༧]ཞེས་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་གྲངས་ ༣
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་གྲངས་ ༢།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་གྲངས་ ༣།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་གྲངས་ ༣།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་གྲངས་ ༤།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་གྲངས་ ༤།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་གྲངས་ ༤།