ཆོས་དང་རིག་གཞུང་སྐོར་གྱི་དྲིས་ལན་འགའ་

ཡོང་ཁུངས་Wikipedia

སྔོན་ཆད་འུ་ཚོའི་ཆོས་བརྒྱུད་ཁག་ནང་ཕན་ཚུན་དགག་པ་གཏོང་རེས་བྱས་པ་དེས་བོད་ཀྱི་བསྟན་སྲིད་ལ་ཕན་ཐོགས་ཅི་ཞིག་བྱུང་ཡོད་པ་དང་།ཕྱི་རབས་པ་ཚོས་ད་དུང་དགག་པ་རྒྱག་རེས་བྱས་ན་འུ་ཚོའི་མཐུན་སྒྲིལ་དང་ཆོས་བརྒྱུད་གོང་འཕེལ་དུ་འགྲོ་བར་ཕན་གནོད་ཅི་ཞིག་ཡོད།

ལན།

སྔོན་ཆད་ཆོས་ལུགས་ཕན་ཚུན་དགག་པ་གཏོང་རེས་བྱས་པ་དང་མཐུན་ལམ་བྱས་པ་སོགས་འདྲ་མིན་ཡོད།འདི་ལ་དགག་པ་གཏོང་ལུགས་ལ་ནང་གསེས་ཀྱི་ཁྱད་པར་ཕྱེ་དགོས།དཔེར་ན།ཀུན་མཁྱེན་གོ་བོ་རབ་འབྱམས་པ་དང་།སྟག་ཚང་ལོ་ཙ་བ་ཤེས་རབ་རིན་ཆེན་སོགས་ཀྱིས་རྗེ་བླ་མ་ལ་དགག་པ་གཏོང་བ་ལྟ་བུ་དང་།དེ་ལ་སེ་ར་རྗེ་བཙུན་པ་དང་འཇམ་དབྱངས་དགའ་བློས་དགག་ལན་སྤྲད་པ་ལྟ་བུ་ནི།སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་།བསྟན་པའི་སྙིང་པོ་ལྟ་གྲུབ་ལ་དག་ཐེེར་བྱས་པ་ཞིག་དང་།ཕན་ཚུན་གཉིས་ཀའི་ཕྱོགས་ནས་ལྟ་བ་ལ་དག་ཐེར་དང་།བློ་སྐྱེད་ལེན་རྒྱུ་ཡོད་པ་ཞིག་ལས་ཕྱོགས་ཞེན་གྱིས་དབང་གིས་དགག་ལན་གཏོང་རེས་བྱས་པའི་གནོད་སྐྱོན་ཅན་ཞིག་ཏུ་ངོས་འཛིན་གྱི་མེད།ད་དུང་སེ་ར་རྗེ་བཙུན་པས་ཀརྨ་མི་བསྐྱོད་རྡོ་རྗེ་ལ་ཕུལ་བའི་དགག་ཡིག་ལྟ་བུ་ཚིག་གི་བེད་སྤྱོད་བྱེད་སྟངས་ཧ་ཅང་ཡག་པོ་ཞིག་བརྩི་ཡི་ཡོད།ཡིན་ནའང་དེ་དག་གི་རྗེས་འབྲང་ཅི་ཡང་མི་ཤེས་ཤིང་།གང་ཡང་མ་བསླབ་པ། ཉོན་མོངས་དུག་གསུམ་གྱིས་རྒྱུད་འཁྲུགས་ནས་ཕྱོགས་རིས་དང་འབྲེལ་ཕན་ཚུན་གཉིས་ཐད་ནས་སྐྱེས་བུ་དམ་པ་དེ་ཚོ་ལ་ངན་སྨྲས་དང་སྐྱོན་བརྗོད་བྱེད་པ་དག་ནི།ཆོས་ལུགས་ཕན་ཚུན་མཐུན་ལམ་གཏོར་བྱེད་ཀྱི་མཚོན་ཆ་ཡ་ང་བ་ཞིག་དང་། རང་རང་གི་རྣམ་ཤེས་ཀྱི་སྟེང་དུ་ངན་སོང་སྐྱེ་བའི་རྒྱུ་ཚོགས་བསམ་བཞིན་དུ་སྒྲུབ་པ་ཞིག་ཏུ་ངོས་འཛིན་གྱི་ཡོད།དེས་ན། ཕྱི་རབས་པ་དག་གིས་དགག་པ་གཏོང་རེས་བྱེད་པ་ནི་དགོས་མཁོ་ཅན་ཞིག་དང་ལེགས་པ་ཞིག་ཏུ་ངོས་འཛིན་རྩ་བ་ནས་བྱེད་ཀྱི་མེད།མདོར་ན།ཆོས་ལུགས་ཕན་ཚུན་མཐུན་འབྲེལ་བྱེད་ན།ལྟ་གྲུབ་དང་གཞུང་ལུགས་གཅིག་གྱུར་དགོས་པ་མ་ཡིན་ལ།བྱེད་ཐུབ་ཐབས་ཡང་རྩ་བ་ནས་མེད།འོན་ཀྱང་ཆོས་པ་ནང་ཕན་ཚུན་ཁ་ཙམ་ཚིག་ཙམ་མ་ཡིན་པར་སེམས་གཏིང་ནས་དགའ་ཞེན་དང་སེམས་གཏིང་ནས་གྲོགས་པོ་ཞིག་ཆགས་དགོས་པ་ཡིན་ལ།གཅིག་ཕན་གཅིག་གྲོགས་ཀྱི་ཐོག་ནས་མི་རིགས་ཀྱི་བདེ་དོན་དང་།ཆེ་ས་ནས་འཛམ་གླིང་འདིར་འཚེ་མེད་ཞི་བདེ་ཡོང་བའི་ཐབས་ལམ་ལ་ཞུགས་ན་ནང་ཆོས་ཀྱི་དགོས་དོན་ཚང་ཞིང་།ནང་ཆོས་བྱེད་མཁན་གྱི་དོན་གོ་ཆོད་པ་ཡང་ཡིན།


གྲྭ་པ་ནི་སློབ་མ་དང་དགོན་སྡེ་ནི་སློབ་གྲྭ་ཡིན་པས་སློབ་གཉེར་མེད་པའི་དགོན་པ་དག་གི་བོད་ཀྱི་ཆོས་དང་སྤྱི་ཚོགས་ལ་ཕན་ཐོགས་ཅི་ཞིག་ཡོད།

ལན།

དྲི་བ་འདི་ནི་དངོས་གནས་གལ་ཆེན་པོ་ཞིག་ཡིན། ང་ཚོ་བོད་ཀྱི་ཡུལ་འདི་ནི་འཛམ་གླིང་ཐོག་ཡུལ་ལུང་ལ་དཔག་པའི་དགོན་པ་མང་ཤོས་ཡོད་པའི་ཡུལ་ཞིག་དང་།མི་གྲངས་ལ་དཔག་པའི་གྲྭ་པ་མང་ཤོས་ཡོད་པའི་ལུང་པ་ཞིག་ཡིན། སྔོན་ཆད་ང་ཚོའི་དགོན་པ་མང་ཤོས་སློབ་གཉེར་བྱེད་སའི་ཁོར་ཡུག་མེད་པའི་དགོན་པ་ཡིན་ཞེས་ཁ་ཚོན་བཅད་ནས་བཤད་ཐུབ།དེ་ལ་བརྟེན་ནས་གྲྭ་པ་མང་ཤོས་སློབ་གཉེར་ལ་ཞུགས་མ་མྱོང་བའི་གྲྭ་པ་ཡིན་ཞེས་བཤད་ཐུབ། གང་སློབ་གཉེར་ལ་ཞུགས་མ་མྱོང་བའི་གྲྭ་བཙུན་ཡོངས་སུ་རྫོགས་པ་དགོན་པར་བསྡད་ཀྱང་རང་རང་གི་འཚོ་བ་དང་ལྟོའི་དོད་རེག་ཙམ་ལས་གཞན་ཆོས་ལུགས་འཛིན་སྐྱོང་གི་དོན་དུ་གྲྭ་བཙུན་བཟོས་པ་མ་ཡིན་ཏེ།བོད་པའི་ཁ་རྒྱུན་དུ། གྲྭ་པ་བྱས་ན། གདན་ཐོག་ལ་བསྡད། སྡེར་མའི་ནང་དུ་ཟ་ཆོག ཞེས་པའི་བཤད་སྲོལ་ལས་ཀྱང་ཟ་སྐྱིད་སྡོད་སྐྱིད་ཡོང་བའི་ཆེད་དུ་ཡིན་པ་གསལ་བོ་གོ་ཐུབ།སྔོན་ཆད་གྲྭ་བཙུན་མང་ཉུང་གི་དཔེར་མཚོན་ཞིག་བཤད་ན། བཻ་སེར་ལས་སྐབས་དེ་དུས་ཀྱི་གྲྭ་གྲངས་ཞིབ་བཤེར་གནང་བ་ཞིག་ཏུ།དབུས་གཙང་ཁུལ་གཅིག་པུར་ཕྱི་ལོ་༡༦༩༤ ལོར་ཆོས་ལུགས་རིས་མེད་ཀྱི་གྲྭ་བཙུན་གྱི་བསྡོམས་གྲངས་༩༧༥༣༨ཙམ་ཡོད་པ་དང་། ཕྱི་ལོ་༡༦༩༤ ནས་༡༧༣༣ བར་ལོ་བཞི་བཅུའི་རིང་གྲྭ་གྲངས་གསར་འཕར་༢༢༡༧༤༢ བར་བྱུང་ཡོད་པ་དང་།དེའི་རྗེས་སུ་ཕྱི་ལོ་༡༧༣༣ ནས་༢༠༡༡ བར་ལོ་གྲངས་༢༧༨ རིང་དབུས་གཙང་ཁུལ་གཅིག་པོར་གྲྭ་བཙུན་འབུམ་བཅུ་བཞི་ལྷག་གསར་འཕར་བྱས་ཡོད་པ་ཚོད་དཔག་བྱེད་ཐུབ།(ལྷག་པར་དེང་སང་བཙུན་མའི་དགོན་པ་མང་པོ་རྒྱག་བཞིན་པ་དེ་དག་ཤེས་ཡོན་སློབ་གསོའི་ཐོག་ལ་གྱོང་རྒུད་མེད་པ་ཞིག་ཆགས་མ་ཐུབ་པར།ཟ་འདུ་འཆའ་འདུ་བྱས་ནས་ལྟོ་བགྲང་ཙམ་གྱིས་ཆོག་པར་བྱས་ན། མི་རིགས་འཕེལ་རྒྱས་ལ་ཆེས་གནོད་ཚབས་ཆེན་པོ་ཞིག་ཆགས་ཡོད་པས་གོང་དུ་བཞུགས་པ་རྣམ་པས་བསམ་བློ་གཏོང་དགོས་པ་ཞིག་གོ།)དེ་དག་ལ་དཔག་ན་ཁམས་དང་ཨ་མདོའི་ཁུལ་དུ་དེ་ལས་མང་བ་ཡོད་པ་ཚོད་དཔག་བྱེད་ཐུབ། བོད་མི་རིགས་ཀྱི་བརྒྱ་ཆའི་བཅུ་ནས་ཉི་ཤུའི་བར་གྲྭ་བཙུན་གྱིས་ཟིན་པས།བོད་ཀྱི་མི་རིགས་འཕེལ་ཚད་ལ་གནོད་སྐྱོན་ཆེན་པོ་བྱུང་ཞིང་གྲངས་ཉུང་མི་རིགས་ཆགས་པ་མ་ཟད།ནང་ཆོས་སློབ་གཉེར་དང་། རིག་གནས་སློབ་གསོའི་ཁོར་ཡུག་མེད་པའི་དགོན་པའི་ངོ་གྲངས་ཧ་ཅང་མང་བའི་རྐྱེན་དེས།བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་གསོ་ཡར་རྒྱས་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད་ལ། ལས་ཀའི་གོ་མི་ཆོད་ཅིང་ཟ་ཉལ་ལ་དགའ་བའི་མི་གྲངས་མང་པོ་དེ་དག་རང་རང་གི་ཁྱིམ་མི་དང་གྲོང་ཚོའི་མི་དམངས་ཀྱིས་གསོ་དགོས་པའི་གནས་སྟངས་འོག་དཔལ་འབྱོར་ཡར་རྒྱས་ལ་ཡང་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་གོ་མ་ཆགདེས་ན། སྡོམ་ཚིག་ནི། སློབ་གཉེར་མེད་པའི་དགོན་པ་ཁག་དང་། དེའི་ནང་གི་སློབ་གཉེར་མེད་པའི་གྲྭ་བཙུན་རྣམས་ནི།བོད་ཀྱི་སྤྱི་ཚོགས་ཀྱི་མི་རིགས་འཕེལ་རྒྱས་དང་། དཔལ་འབྱོར་ཡར་རྒྱས། རིག་གཞུང་འཛིན་སྐྱོང་ཡོངས་རྫོགས་ཀྱི་བཀག་རྡོ་ཡིན་ཞེས་སྡོམ་དུ་བྱས་སོ།།

དགོན་སྡེའི་ཤེས་ཡོན་པ་དང་སྤྱི་ཚོགས་ཤེས་ཡོན་པ་གཉིས་ཀྱིས་དགག་པ་གཏོང་རེས་བྱེད་པ་འདིས་ང་ཚོ་ལམ་ཁ་གང་ཞིག་ཏུ་འདེད་ཀྱིན་ཡོད།འདིའི་མཐུན་ལམ་ག་འདྲ་ཞིག་བྱས་ན་འཛུགས་ཐུབ།

(སྤྱིར་དྲི་བ་འདིའི་ནང་གི་དགོན་སྡེའི་ཤེས་ཡོན་པ་དང་སྤྱི་ཚོགས་ཤེས་ཡོན་པ་གཉིས་སོ་སོར་བྱས་ནས་དགོན་སྡེའི་ཤེས་ཡོན་པ་དེ་སྤྱི་ཚོགས་ཀྱི་ཤེས་ཡོན་པ་མིན་པ་ལྟ་བུར་བྱས་འདུག་པ་འདི་མི་འགྲིགས་སྙམ།དགོན་སྡེའི་ཤེས་ཡོན་ཟེར་བ་ནང་ཆོས་དང་བོད་ཀྱི་རིག་གཞུང་གི་ཤེས་ཡོན་འདི་རེད།འདི་ནི་བོད་མི་རིགས་ཀྱི་སྤྱི་ཚོགས་ལ་བེད་ཆོད་ཅིང་དགོས་མཁོ་ཡོད་པའི་ཤེས་ཡོན་ཡིན་པས་སྤྱི་ཚོགས་ཀྱི་ཤེས་ཡོན་ཟེར་དགོས།དེས་ན། ཐ་སྙད་སྦྱར་སྟངས་ཚུན་ཆད་ལ་གཟབ་དགོས།)

དགོན་སྡེའི་ཤེས་ཡོན་པ་གྲྭ་པ་དག་གི་བསམ་ཚུལ་དང་། སྤྱི་ཚོགས་ནང་དུ་སློབ་གྲྭ་ཁག་གི་སློབ་མའི་བསམ་ཚུལ་མི་མཐུན་པ་མང་པོ་ཞིག་ཡོང་གི་ཡོད།དེར་བརྟེན་དགག་པ་གཏོང་རེས་བྱེད་པ་དང་རྩོད་པ་མང་པོ་ཡོང་གི་ཡོད། སྤྱིར་ནང་ཆོས་ཀྱི་གོ་དོན་གཏིང་ཟབ་པ་དང་སློབ་ཡུན་རིང་བ་སོགས་ཀྱི་རྐྱེན་ལས།ནང་ཆོས་ཀྱི་གོ་དོན་ལེགས་པར་མ་རེག་པར་ནང་ཆོས་ཞེས་པ་བོད་ཀྱི་སྤྱི་ཚོགས་ཡོངས་སུ་དར་བཞིན་པའི་མཎི་འཁོར་ལོ་བསྐོར་བ་དང་།རླུང་རྟ་དར་ཅོག་སྒྲོན་པ། སྐྱེ་བཏགས་རེ་ཞུས་ནས་ཁ་འདོན་བཏོན་པ་ཙམ་ལ་བཟུང་ནས་སློབ་གྲྭ་ཆེ་འབྲིང་གི་སློབ་མ་དང་སློབ་ཐོན་པ་ཤེས་ཡོན་ཅན་དང་ལ་རྒྱ་ཅན་ཚོས་དགོན་སྡེའི་ཤེས་ཡོན་པ་ལ་སྐྱོན་འདོགས་དང་དགག་པ་སྣ་ཚོགས་བྱས་རབས་གོ་སོང་།དེ་དག་ནི་ཁོང་རྣམས་ཀྱིས་ནང་ཆོས་ཀྱི་ངོ་བོ་དངོས་དེ་མ་ཤེས་པའི་དབང་གིས་ཡིན་པ་ལས། ཁ་འདོན་བཏོན་པ་སོགས་ལ་ཕན་ཡོན་རེ་ལོས་ཡོད་ཀྱང་།ནང་ཆོས་བྱེད་ཟེར་བ་དེ་ཙམ་ལ་ཟེར་ན་ཧ་ཅང་འཁྲུལ། གཞན་ཡང། དེང་སང་བླ་སྤྲུལ་གྲྭ་པའི་མིང་ཁུར་རྒྱ་རིགས་མགོ་བསྐོར་གཏོང་མཁན་གྱི་བླ་བཙོང་འགའ་ཞིག་གི་བྱེད་སྟངས་ལས་ཤེས་ཡོན་པ་མང་པོ་དགོན་པ་དང་དགོན་སྡེའི་ཤེས་ཡོན་པ་མང་པོ་ལ་ཞེན་ལོག་བྱེད་ཅིང་དགག་པ་རྒྱག་པ་དག་ནི་ཁག་མེད་ཡིན་ལ།ལེ་ཁག་དེ་དགོན་པ་ཁག་དང་དེ་དག་གི་དབུར་བཞུགས་ཀྱི་བླ་མ་མཁན་པོ་རྣམས་ཀྱིས་སྟངས་འཛིན་ཡག་པོ་མ་བྱས་པའི་ཉེར་འབྲས་དང་།ཁྲི་སྒོར་ཁ་ཤས་ཁུར་ཡོང་ན་ཟོག་རྫུན་ཇི་ལྟར་འཁྲབ་ཀྱང་ཤེས་བཞིན་དུ་འཁྲབ་བཅུག་ནས་དེ་ལ་རྒྱབ་སྐྱོར་བྱེད་པ་དག་ནི་དམ་ཆོས་འདུལ་བ་དང་འགལ་ཞིང་།སྤྱི་ཚོགས་ཀྱི་འགྲོ་སྟངས་དང་ཡོངས་སུ་འགལ་བ་ཡིན་པས་དེ་ལྟ་བུ་མང་པོ་འདུག་པ་དག་ལ་དགག་རྒྱག་སྣ་ཚོགས་ཡོང་གི་ཡོད་པ་ནི་འོས་འཚམས་ཡིན།དམ་ཆོས་འདུལ་བ་དང་མཐུན་པའི་ནང་ཆོས་ལག་ལེན་པ་དང་ཉམས་ལེན་པ་ཤེས་ཡོན་པ་ཆེས་ཉུང་ཞིང་ཡོད་པ་དག་ཀྱང་གྲོང་དང་གྲོང་ཁྱེར་ཁག་ཏུ་ཁྱི་ལྟར་ཉུལ་བ་དེ་འདྲ་མེད་པས་དུས་རྒྱུན་དུ་ག་ལ་མཐོང་།དེ་ལས་ལྡོག་ཏེ་ཟོག་རྫུན་དེ་དག་ནི་གནས་སྟངས་གཅིག་མིན་གཉིས་མིན་མང་པོ་མཐོང་ཞིང་། དེ་དག་གི་བྱེད་སྟངས་ལ་ཞེན་ལོག་འབྱུང་བ་ནི་ཁག་མེད་ཡིན་པས།དེ་དག་ལ་ཐེར་འདོན་དང་སྐྱོན་ལ་མཛུབ་མོ་འཛུགས་ཐུབ་མཁན་གྱི་ཤེས་ཡོན་པ་སུ་ཡོད་ན་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།ཡིན་ནའང་ཡིད་སྐྱོ་བ་ཞིག་ལ་ཤེས་ཡོན་པ་རྣམས་ཀྱང་ཁྲི་སྒོར་ཁ་ཤས་འགྲོ་སོང་གཏོང་ངེས་ཀྱི་ཟོག་རྫུན་ཞིག་བྱུང་ན།དད་པ་བསླད་མེད་སྐྱེ་བཞིན་མགོ་འབུལ་ལུས་འབུལ་བྱེད་ཀྱི་ཡོད་པ་ལྟ་བུར་མང་པོ་མཐོང་སོང་བས་ཁ་བཤད་དོན་ལ་མི་གནས་པ་ཞིག་འདུགཤེས་ཡོན་པ་རྣམས་ཀྱང་རང་གི་ཤེས་ཡོན་དང་འཚམས་པའི་རང་ཚུགས་ཤིག་དགོས་པ་ཧ་ཅང་གལ་ཆེའོ། །དེས་ན།དགག་པ་གཏོང་ངེས་ཚོས་ཀྱང་ནང་ཆོས་བྱེད་མཁན་གྱིས་མ་འགྲིགས་པ་བྱུང་བར་ནང་ཆོས་ཀྱི་སྐྱོན་ཆ་ཞིག་ཏུ་མ་བརྩིས་པར་གནས་ཚུལ་སོ་སོ་ཕྱེས་ནས་སྐད་ཆ་བཤད་དགོས་སོ།།

སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས།ཕྱི་ལོ་༢༠༡༡ལོའི་ཟླ་༦ཚེས་༣ཉིན།