ཆོས་ཐང་དགོན་

ཡོང་ཁུངས་Wikipedia

ཆོས་ཐང་དགོན་ནི་འཛམ་ཐང་རྫོང་གི་ཀ་ཐོག་ཡུལ་ཚོའི་རབ་ཁ་གྲོང་ཚོར་ཆགས་ཡོད། རྫོང་མཁར་བར་སྤྱི་ལེ38ཡོད་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སྨི3560ཡིན། དགོན་འདི་ཡི་མཚན་ལ་བཀྲ་ཤིས་ཆོས་འཁོར་དགོན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་ངམ་སྦྱིར་བཏང་ཆོས་ཐང་དགོན་ཞེས་གྲགས། དགོན་སྡེ་འདི་རབ་བྱུང་བའི་ཆུ་འབྲུག་ལོར་སྤྱི་ལོ1232ལོར་གཙང་བ་སྐུ་ཕྲེང་གསུམ་པ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་གྱི་སྲས་ཀྱི་ཐུ་བོ་ངག་དབང་བསྟན་པ་གསལ་བྱེད་ཀྱིས་ཆོས་གཞི་ལ་བཀྲ་ཤིས་ལྷ་རྩེའི་དགོན་གསར་དུ་བཏབ་ནས་ཁོང་གིས་དངོས་སློབ་ངག་དབང་ཆོས་འཛིན་རྒྱ་མཚོ་དགོན་བདག་ལ་བསྐོ་བཞག་མཛད་དེ་བསྟན་དོན་ལེགས་མཛད་གནང་རྗེས་ཉིད་ཀྱི་དངོས་སློབ་ཀུན་དགའ་མཉམ་ཉིད་རྒྱ་མཚོ་ལ་གདན་ས་གཏད་ནས་བསྟན་པའི་ཁུར་བཞེས་ཏེ་དར་བར་མཛད། མཐར་གང་གི་སློབ་མ་ངག་དབང་ཚོགས་གཉིས་རྒྱ་མཚོ་དང་ངག་དབང་བསོད་ནམས་བཟང་པོ་རྣམ་གཉིས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་དར་བར་མཛད་རྗེས། སྔར་གྱི་དགོན་ས་ཆུང་ཞིང་འཐུང་ཆུ་དཀོན་པ་སོགས་རྐྱེན་སྣ་ཚོགས་ལ་བརྟེན་ནས་དགོན་ས་སྤོ་དགོས་ཀྱི་གྲོས་འཆམ་བྱུང་ཞིང་རྡོ་གྲུབ་སྐུ་ཕྲེང་བཞི་བ་སྤྲུལ་སྐུ་རིག་ལོ་སོགས་བླ་སྤྲུལ་དུ་མས་གཟིགས་ཤིང་ས་འདུལ་མཛད་པར་བཀྲ་ཤིས་པའི་རྟགས་མཚན་དུ་མའི་སྒོ་ནས་སྔར་གྱི་དགོན་པའི་མིང་ཟུར་ནས་སྨྲོས་ཏེ་བཀྲ་ཤིས་ཆོས་འཁོར་དགོན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་ངམ་ཆོས་ཐང་དགོན་ཞེས་མཚན་གསོལ་ནས་ད་ལྟའི་བཞུགས་སྒར་དུ་གནས་སྤོས་པ་ལགས་སོ།།


དགོན་འདིར་བྱོན་པའི་མཁན་རབས[རྩོམ་སྒྲིག]

དང་པོ། ངག་དབང་བསྟན་པ་གསལ་བྱེད་རབ་གདུགས་ཆུ་བྱི་སྟེ་སྤྱི་ལོ1792ལོར་ཝ་ཤུལ་ལ་འཁྲུངས་ནས་སྤྱི་ལོ1865ལོར་འདས། གཉིས་པ། ངག་དབང་ཆོས་འཛིན་རྒྱ་མཚོ་ཆུ་ལུག་ལོར་ཝ་ཤུལ་ལ་འཁྲུངས། གསུམ་པ། ངག་དབང་ཉམ་ཉིད་རྒྱ་མཚོ་ས་ལུག་ལོར་ཝ་ཤུལ་ལ་འཁྲུངས། བཞི་པ། ངག་དབང་ཚོགས་གཉིས་རྒྱ་མཚོ་རབ་ཁ་ལ་འཁྲུངས། ལྔ་པ། ངག་དབང་བསོད་ནམས་བཟང་པོ་ཤིང་ཕག་ལོ་རབ་ཁ་ལ་འཁྲུངས། དྲུག་པ། བླ་མ་བློ་གྲོས་ཚུལ་ཁྲིམས་རབ་ཁ་ལ་འཁྲུངས། བདུན་པ། བླ་མ་རིན་དཔལ་རབ་ཁ་ལ་འཁྲུངས། བརྒྱད་པ། ངག་དབང་བསྟན་འཛིན་རབ་ཁ་ལ་འཁྲུངས། དགུ་པ། བླ་མ་བློ་ཆོས་རབ་ཁ་ལ་འཁྲུངས། བཅུ་པ། བླ་མ་ཤེས་རབ་དཔལ་རབ་ཁ་ལ་འཁྲུངས། བཅུ་གཅིག་པ། བླ་མ་དཀོན་དཔལ་རབ་ཁ་ལ་འཁྲུངས། བཅུ་གཉིས་པ། བླ་མ་ཕུན་ཚོགས་དཔལ་ཝ་ཤུལ་ལ་འཁྲུངས། བཅུ་གསུམ་པ། ཁྲ་བླ་མ་རིག་རྡོར་རབ་ཁ་ལ་འཁྲུངས། བཅུ་བཞི་པ། བླ་མ་གྲགས་བཟང་ར་འོབ་ལ་འཁྲུངས། བཅོ་ལྔ་པ། བླ་མ་རིན་བཟང་ར་འོབ་ལ་འཁྲུངས། བཅུ་དྲུག་པ། བླ་མ་ཆོས་འཛིན་དཔལ་རབ་ཁ་ལ་འཁྲུངས། བཅུ་བདུན་པ། བླ་མ་ཆོས་ཀུན་དཔལ་བྱ་ཡུར་ལ་འཁྲུངས། བཅོ་བརྒྱད་པ། བླ་མ་རིག་དབང་ཤུ་མདའ་ལ་ཁྲུངས། བཅུ་དགུ་པ། བླ་མ་འོད་ཟེར་བཟང་བྱ་ཡུར་ལ་འཁྲུངས། ཉི་ཤུ་པ། བླ་མ་མཁས་བློས་ཝ་ཤུལ་ལ་འཁྲུངས། ཉེར་གཅིག་པ། བླ་མ་མཁས་གྲུབ་དཔལ་ཝ་ཤུལ་ལ་འཁྲུངས། ཉེར་གཉིས་པ། བླ་མ་ངག་འཕྲིན་ཤུ་མདའ་ལ་འཁྲུངས། ཉེར་གསུམ་པ། བླ་མ་སྐལ་ལྡན་ཤུ་མདའ་ལ་འཁྲུངས། ཉེར་བཞི་པ། བླ་མ་རིག་རྒྱམ་རབ་ཁ་ལ་འཁྲུངས། ཉེར་ལྔ་པ། བླ་མ་ཀུན་སྣང་རབ་ཁ་ལ་འཁྲུངས། ཉེར་དྲུག་པ། བླ་མ་ཀུན་གསལ་རབ་ཁ་ལ་འཁྲུངས། ཉེར་བདུན་པ། བླ་མ་རིག་དབང་ཝ་ཤུལ་ལ་འཁྲུངས། ཉེར་བརྒྱད་པ། བླ་མ་ཆོས་བློས་ཝ་ཤུལ་ལ་འཁྲུངས། ཉེར་དགུ་པ། བླ་མ་བློས་འཕྲིན་མེ་སྦྲུལ་ལོར་མུ་མདའ་ལ་འཁྲུངས། སུམ་ཅུ་པ། བླ་མ་བསྟན་པ་དར་རྒྱས་ཆུ་ལུག་ལོར་རབ་ཁ་ལ་འཁྲུངས་ནས་ཞལ་བཞུགས། སོ་གཅིག་པ། བླ་མ་སྣང་སྟོང་ས་ཁྱི་ལོར་རབ་ཁ་ལ་འཁྲུངས་ནས་ཞལ་བཞུགས། སོ་གཉིས་པ། མཁན་པོ་དཀོན་ཚུལ་ལྕགས་གླང་ལོར་ཝ་ཤུལ་ལ་འཁྲུངས་ནས་ཞལ་བཞུགས། སོ་གསུམ་པ། མཁན་པོ་སྣང་བ་དཔལ་མེ་བྱ་ལོར་ཆོས་ཐང་ལ་འཁྲུངས་ནས་ཞལ་བཞུགས། སོ་བཞི་པ། མཁན་པོ་བསྟན་སྲུང་ལྕགས་ཡོས་ལོར་རབ་ཁ་ལ་འཁྲུངས་ནས་ཞལ་བཞུགས། སོ་ལྔ་པ། མཁན་པོ་དབང་བརྩོན་ས་ཕག་ལོར་རབ་ཁ་ལ་འཁྲུངས་ནས་ཞལ་བཞུགས། སོ་དྲུག་པ། བླ་མ་ལྷུན་གྲུབ་དཔལ་ཝ་ཤུལ་ལ་ས་བྱི་ལོར་འཁྲུངས་ནས་ཞལ་བཞུགས། སོ་བདུན་པ། བླ་མ་མཁས་དབང་ས་སྟག་ལོར་རབ་ཁ་ལ་འཁྲུངས་ནས་ཞལ་བཞུགས། སོ་བརྒྱད་པ། རྡོ་ར་བླ་མ་རིན་ཆེན་བཟང་མེ་སྟག་ལོར་དུ་ནང་ལ་འཁྲུངས་ནས་ཞལ་བཞུགས། སོ་དགུ་པ། བླ་མ་ཀུན་སྨོན་ལྕགས་སྤྲེལ་ལོར་མུ་མདའ་ལ་འཁྲུངས་ནས་ཞལ་བཞུགས། བཞི་བཅུ་པ། བླ་མ་བསོད་བཟང་མེ་བྱི་ལོར་རབ་ཁ་ལ་འཁྲུངས་ནས་ཞལ་བཞུགས། ཞེ་གཅིག་པ། བླ་མ་སྣང་འོད་ཤིང་སྦྲུལ་ལོར་རབ་ཁ་ལ་འཁྲུངས་ནས་ཞལ་བཞུགས། ཞེ་གཉིས་པ། བླ་མ་མཁས་གསལ་ས་གླང་ལོར་ཝ་ཤུལ་ལ་འཁྲུངས་ནས་ཞལ་བཞུགས། ཞེ་གསུམ་པ། བླ་མ་མཐོང་ལྡན་ཆུ་འབྲུག་ལོར་རབ་ཁ་ལ་འཁྲུངས་ནས་ཞལ་བཞུགས། ཞེ་བཞི་པ། བླ་མ་རྣམ་གྲོལ་ར་འོབ་ལ་ས་བྱ་ལོར་འཁྲུངས་ནས་ཞལ་བཞུགས། ཞེ་ལྔ་པ། བླ་མ་གཉིས་མེད་དཔལ་མེ་སྤྲེལ་ལོར་ཆོས་ཐང་ལ་འཁྲུངས་ནས་ཞལ་བཞུགས། ཞེ་དྲུག་པ། བླ་མ་མཁས་བཙུན་ལྕགས་ལུག་ལོར་ཝ་ཤུལ་ལ་འཁྲུངས་ནས་ཞལ་བཞུགས། ཞེ་བདུན་པ། བླ་མ་བསོད་ནམས་བཟང་ས་བྱ་ལོར་རབ་ཁ་ལ་འཁྲུངས་ནས་ཞལ་བཞུགས། ཞེ་བརྒྱད་པ། བླ་མ་ཆོས་དོན་ཤིང་ལུག་ལོར་དུ་ནང་ལ་འཁྲུངས་པ་སོགས་ཀྱིས་རིམ་པར་ཕྱག་སྐྱོང་གནང་བའོ། །

གསུང་ཆོས་སྐོར།[རྩོམ་སྒྲིག]

བླ་མ་ངག་དབང་ཆོས་འཛིན་རྒྱ་མཚོར་གཅོད་ཡིག་བདག་འཛིན་དུག་སྡོང་གཅོད་པའི་རལ་གྲི་སོགས་ཐོར་བུ་དུ་མ་དང་། དགེ་ལེགས་རྒྱ་མཚོའི་བཀའ་པོད་ལྔའི་འགྲེལ་ཆེན། སྔགས་བསྐྱེད་རྫོགས་ཀྱི་འགྲེལ་ཆེན་དུ་མ། རྩིས་ཕིག་སོགས་ཁྱོན་པོད་བཅུ་ཕྲག་གསུམ་ཙམ་དང་། ཚོགས་གཉིས་རྒྱ་མཚོའི་གཞན་སྟོང་སོགས་པོད་བཅུ་ཕྲག་གཉིས། ངག་དབང་བློ་བཟང་འཕྲིན་ལས་ཀྱི་བླ་སྒྲུབ་རྣམ་ཐར་སོགས་དང་། སྐལ་བཟང་མདོ་ཆོག་གཞན་སྟོང་། རིམ་གཉིས་སྨོན་ལམ་གྱི་འགྲེལ་བ་སོགས་དང་ཁོང་རྣམས་ཀྱི་སློབ་མ་ཚོའི་བརྩམས་ཆོས་ཧ་ཅང་མང་པོ་ཡོད།

འབྲེལ་ཡོད་དགོན་སྡེ།[རྩོམ་སྒྲིག]

མཚོ་སྔོན་ཕྱོགས་ཀྱི་མགར་སྐོར་དགོན། གླིང་འབུད་དགོན། རྔ་རྫོང་བསྭེ་དགོན། འབྲོག་དགེ ཡར་ཐང་། ཆོས་རྗེ། གཙང་བ། རྩང་སྐོར་གོང་མ། རྩང་སྐོར་འོག་མ། གདོང་སྐོར། སྣང་ཞིག ཝ་བན། གསང་ལུང་། འཛི་རོང་། འཛི་སྟོད་སོགས་ཀྱི་དགོན་པ་དང་འབྲེལ་བ་ཡོད་དོ།།

གསར་སྐྲུན་ལོ་རྒྱུས།[རྩོམ་སྒྲིག]

དགོན་འདི་ལ་ཕྱིས་སུ་འཛམ་ཐང་རྫོང་གིས་སྤྱི་ལོ1983ལོར་ཆོས་སྒོ་ཕྱེ་བའི་ཆོག་མཆན་གནང་ནས་དོ་དམ་པ་བླ་མ་ཟླ་བཟང་སོགས་མི་དགུ་བསྐོ་བཞག་བྱས་ཏེ་དོ་དམ་གནང་བཞིན་ཡོད།

རྟེན་གསུམ་སྐོར།[རྩོམ་སྒྲིག]

འཕགས་པ་ཆོས་འཕགས་ཀྱི་ཚེམས་རིན་ཐང་བྲལ་བའི་བྱིན་རླབས་སྙན་གྲགས་ཅན་དང་། སྤྱན་རས་གཟིགས། གསང་འདུས། འཇམ་པའི་དབྱངས་བཅས་ཀྱི་གསེར་སྐུ་བྱིན་ཅན། རྒྱུད་སྡེ་ལྔའི་ཐང་ག་བྱིན་ཅན་སོགས་དང་། གསར་བཞེངས་དུས་འཁོར་གཞལ་ཡས་ཁང་། མི་འཁྲུགས་པའི་གཞལ་ཡས་ཁང་། བདེ་ཆེན་ཞིང་ཐང་། མི་འཁྲུགས་པའི་ཞིང་ཐང་། ཀུན་མཁྱེན་ཡབ་སྲས་ཀྱི་ཐང་ག་གསེར་སྐུ་སྡོམ་པའི་སྟོང་ཕྲག་ལྷག་ཙམ་དང་། གསུང་རྟེན་ལ་བཀའ་ཆོས་བྱིན་ཅན། བཀའ་བསྟན་ཆོས་དུ་མ། བོད་འགྲེལ་གྱི་གསུང་འབུམ་དུ་མ་སོགས་ཁྱོན་པོད་སྟོང་ཕྲག་ལྔ་ལྷག་དང་། ཐུགས་རྟེན་ལ་བྱང་ཆུབ་མཆོད་རྟེན་ལ་སོགས་བྱིན་ཅན་གྲངས་མང་བཞུགས།

ཆོས་ལུགས་བྱེད་སྒོ་གཙོ་བོ།[རྩོམ་སྒྲིག]

ཟླ3པའི་ཚེས15ཉིན་ནས་ཚེས21ཉིན་བར་བླ་མ་འདས་མཆོད། ཟླ5པའི་ཚེས20ཉིན་ནས་ཚེས22ཉིན་བར་གསོལ་ཁ། ཟླ11པའི་ཚེས13ཉིན་ནས་ཚེས18ཉིན་བར་རྟ་མགྲིན་སྒྲུབ་པ། ཟླ12པའི་ཚེས28ཉིན་ནས་ཕྱི་ལོའི་ཟླ1པོའི་ཚེས16ཉིན་བར་ཕུར་སྒྲུབ་དང་སྨྱུང་གནས།

ལྷ་སྡེ།[རྩོམ་སྒྲིག]

ཝ་ཤུལ། རབ་ཁ། བྱ་ཡུལ། ར་འོབས། ཤི་མདའ། འགམ་ནང་། རི་འཕོངས་སོགས་ཡོད་དོ།།