ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་

ཡོང་ཁུངས་Wikipedia

༄༅། །བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ་བཞུགས།ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་བཞུགས།

ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད༔ ལོངས་སྐྱོད་རྫོགས་སྐུ་པདྨ་ཞི་ཁྲོའི་ལྷ༔པདྨ་མ་འབྱུང་གནས་སྤྲུལ་སྐུ་འགྲོ་བའི་མགོན༔ སྐུ་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་འབྲིང་རྣམས་བར་དོར་གྲོལ་བའི་ཐབས༔ ཐོས་གྲོལ་ཆེན་མོ་འདི་ལ་དོན་གསུམ་སྟེ༔སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ཡིན་ནོ༔ དང་པོ་སྔོན་འགྲོ་ལུས་ཅན་གྲོལ་བ་ཡི༔ ཁྲིད་ཀྱི་རིམ་པ་ཐོག་མར་ཉམས་སུ་ལོངས༔ དབང་པོ་རབ་རྣམས་ཁྲིད་ཀྱིས་ངེས་པར་གྲོལ༔ དེ་མ་གྲོལ་ན་འཆི་ཁའི་བར་དོ་ལ༔ འཕོ་བ་དྲན་པ་རང་གྲོལ་ཉམས་སུ་ལོངས༔ དེས་ནི་རྣལ་འབྱོར་འབྲིང་རྣམས་ངེས་པར་གྲོལ༔ དེས་མ་གྲོལ་ན་ཆོས་ཉིད་བར་དོ་ལ༔ ཐོས་གྲོལ་ཆེན་མོའི་འདི་ལ་ནན་ཏན་བྱོས༔ དེ་ལ་དང་པོ་རྣལ་འབྱོར་བས་འཆི་བ་བརྟག་པ་རྣམས་འཆི་ལྟས་མཚན་མ་རང་གྲོལ་ལྟར་བརྟག་པར་བྱའོ༔དེས་ན་ངེས་པར་འཆི་བའི་རྟགས་ཚང་བའི་ཚེ༔ འཕོ་བ་དྲན་པ་རང་གྲོལ་གདབ་པར་བྱའོ༔ དེས་འཕོ་བ་ཐེབས་ན་ནི་ཐོས་གྲོལ་བཀླག་མི་དགོས༔ གལ་ཏེ་འཕོ་བ་མ་ཐེབས་ན་ཐོས་གྲོལ་འདི་རོའི་རྩར་སྒྲ་དག་ལ་གསལ་བར་བཀླག་པར་བྱའོ༔ རོ་མེད་ན་ཚེ་འདས་ཀྱི་མལ་སའམ༔ འདུག་སར་བསྡད་ལ་བདེན་པའི་སྟོབས་བརྗོད་དེ༔ རྣམ་ཤེས་བཀུག་ལ་མདུན་དུ་ཉན་པར་དམིགས་ཤིང་བཀླག་པར་བྱའོ༔དེའི་དུས་སུ་ཉེ་དུ་དང་སེམས་ལ་བརྩེ་བའི་མཛའ་བཤེས་ཚོས་ངུ་སྐད་དང་༔ སྨྲེ་དངགས་ཡེ་ནས་འདོན་དུ་མི་རུང་བས་དམ་བསྒྲག་གོ༔ རོ་ཡོད་ན་ཕྱི་དབུགས་ཆད་ནང་དབུགས་མ་ཆད་པའི་མཚམས་སུ༔བླ་མའམ༔ མཆེད་གྲོགས་སམ༔ དད་པ་ཐོབ་པ་ཡིད་མཐུན་པའི་གྲོགས་མཆེད་ལ་སོགས་པས་རྣ་བར་མཆུས་མ་རེག་པ་ཙམ་གཏད་ལ༔ ཐོས་གྲོལ་ཆེན་མོ་འདི་བཀླགས་པར་བྱའོ༔ དེ་ལ་ཐོས་གྲོལ་དངོས་བཤད་པ་ནི༔ དཀོན་མཆོག་གསུམ་ལ་མཆོད་པ་འབྱོར་ན་རྒྱ་ཆེན་པོ་ཕུལ༔ མ་འབྱོར་ན་དམིགས་པས་རྟེན་གང་འབྱོར་བཤམས་ལ༔ ཡིད་ཀྱིས་དཔག་ཏུ་མེད་པ་སྤྲུལ་ལ་མཆོད༔ དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ར་མདའ་སྤྲན་པའི་སྨོན་ལམ་དེ་ལན་བདུན་ནམ་གསུམ་འདོན༔ དེ་ནས་བར་དོའི་འཇིགས་སྐྱོབ་མའི་སྨོན་ལམ་དང་༔ བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་དང་༔ བར་དོའི་རྩ་ཚིག་རྣམས་དག་པར་དབྱངས་དང་བཅས་ཏེ་གདབ་ལ༔ དེ་ནས་ཐོས་གྲོལ་ཆེན་མོ་འདི་ལན་བདུན་ནམ་གསུམ་སོགས་སྐབས་དང་སྦྱར་ལ་བཀླག་པ་ནི༔ འཆི་ཁ་བར་དོ་ལ་འོད་གསལ་ངོ་སྤྲོད་པ་དང་༔ཆོས་ཉིད་བར་དོ་ལ་ངོ་སྤྲོད་གསལ་འདེབས་ཆེན་མོ་གདབ་པ་དང་༔ སྲིད་པ་བར་དོ་ལ་མངལ་སྒོ་དགག་གདམ་བསྟན་པ་དང་གསུམ་མོ༔ དང་པོ་འཆི་ཁ་བར་དོར་འོད་གསལ་ངོ་སྤྲོད་པ་ནི༔ འདིར་གང་ཟག་གོ་བ་བཟང་ཡང་ངོ་མ་འཕྲོད་པ་དང་༔ འཕྲོད་ཀྱང་གོམས་འདྲིས་ཆུང་བ་རྣམས་དང་༔ སོ་སོའི་སྐྱེ་བོ་ཉམས་ཁྲིད་ཞུ་མྱོང་བའི་རིགས་ཐམས་ཅད་ལ་འདི་གདབ་པས༔ གཞིའི་འོད་གསལ་ལ་ངོ་འཕྲོད་དེ་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་ཆོས་སྐུ་སྐྱེ་བ་མེད་པ་ཐོབ་བོ༔ གདབ་ལུགས་ནི༔ རང་གི་ཁྲིད་ཞུས་པའི་རྩ་བའི་བླ་མ་འཛོམས་ན་མཆོག་ཡིན་ནོ༔དེ་མ་འཛོམས་ན་མཆེད་གྲོགས་དམ་ཚིག་གཅིག་པའམ། དེ་ཡང་མ་འཛོམས་ན་ཆོས་བརྒྱུད་གཅིག་པའི་བཤེས་གཉེན་དམ་པའམ༔ དེ་རྣམས་གང་ཡང་མ་འཛོམས་ན༔ཡི་གེ་འདི་སྒྲ་དག་ལ་ཚིག་གསལ་བ་འདོན་ཤེས་པ་གཅིག་གིས་ཚར་མང་དུ་ཀློག་གོ༔ དེས་བླ་མའི་ངོ་སྤྲད་པའི་དོན་དྲན་ནས་དེ་མ་ཐག་ཏུ་གཞིའི་འོད་གསལ་ངོ་འཕྲོད་དེ་གྲོལ་བར་ཐེ་ཚོམ་མེད་དོ༔ གདབ་པའི་དུས་ནི་ཕྱི་དབུགས་ཆད་ནས༔རླུང་ཡེ་ཤེས་ཀྱི་དྷུ་ཏིར་ཐིམ་པ་དང་༔ ཤེས་པ་འོད་གསལ་སྤྲོས་བྲལ་དུ་ལྷག་གིས་འཆར་རོ༔ དེ་ནས་རླུང་ལོག་སྟེ་རྩ་གཡས་གཡོན་དུ་བྲོས་ནས་བར་དོའི་སྣང་བ་ལམ་གྱིས་འཆར་བས་རྩ་གཡས་གཡོན་དུ་མ་ཤོར་བའི་བར་དེར་གདབ་པའོ༔ ཡུན་ནི་ཕྱི་དབུགས་ཆད་ནང་དབུགས་གནས་ཀྱི་བར་དེར་ཟན་གཅིག་ཟ་ཡུན་ཙམ་ཞིག་ཡིན་ནོ༔ གདབ་ལུགས་ནི༔དབུགས་ཆད་ལ་ཁད་པའི་དུས་ནས་འཕོ་བ་ཐེབས་ན་རབ༔ མ་ཐེབས་ན་འདི་སྐད་བཤད་དོ༔ ཀྱེ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ད་ནི་ལམ་བཙལ་བའི་དུས་ལ་བབས་པར་འདུག་པས༔ ཁྱེད་རང་དབུགས་ཆད་མ་ཁད་དུ་བར་དོ་དང་པོའི་འོད་གསལ་ཞེས་བྱ་བ༔སྔར་བླ་མས་ངོ་སྤྲད་པའི་དོན་དེ་ཕྱི་དབུགས་ཆད་པ་དང་༔ ཆོས་ཉིད་ནམ་མཁའ་ལྟར་སྟོང་རྗེན་ནེ་བ༔ གསལ་སྟོང་མཐའ་དབུས་མེད་པའི་རིག་པ་དྲི་མེད་རྗེན་པ་ཞིག་འཆར་ནས་འོང་ངོ་༔ དེའི་དུས་སུ་ཁྱོད་རང་གིས་ངོ་ཤེས་པར་གྱིས་ལ་དེའི་ངང་ལ་ཞོག་ཅིག༔ ངས་ཀྱང་དེའི་དུས་སུ་ངོ་སྤྲོད་དོ༔ཞེས་ཕྱི་དབུགས་མ་ཆད་པའི་གོང་ནས་རྣ་བར་ལན་མང་དུ་བཤད་ལ་ཡིད་ལ་འཇོག་ཏུ་བཅུག་གོ༔ དེ་ནས་ཕྱི་དབུགས་ཆད་པའི་གྲབས་འདུག་ན༔ གློ་གཡས་པ་ས་ལ་ཕབས་ནས་སེངྒེའི་འདུག་སྟངས་དང་བཅས་ཏེ༔ རྩ་རྦ་རླབས་བཙིར་བ་ཡིན་ཏེ༔ གཉིད་ལོག་རྩ་གཉིས་འཕར་འཕྲོ་ཆད་ནས་དྲག་ཏུ་མནན་ནོ༔ དེ་ནས་རླུང་དྷུ་ཏིར་ཚུད་ནས་ཕྱིར་ལོག་མི་ཤེས་ཏེ༔ ཚངས་བུག་གི་ལམ་དུ་ཐོན་ངེས་སོ༔ ངོ་སྤྲོད་ཀྱང་དེའི་དུས་སུ་གདབ་བོ༔དེའི་དུས་བར་དོ་དང་པོ་ཆོས་ཉིད་འོད་གསལ་ཞེས་ཀྱང་བྱ༔ ཆོས་སྐུའི་དགོངས་པ་ཕྱིན་ཅི་མ་ལོག་པ་ཅིག་འགྲོ་བ་ཀུན་གྱི་རྒྱུད་ལ་འཆར་ཏེ༔ དེ་ཡང་ཕྱི་དབུགས་ཆད༔ ནང་དབུགས་མ་ཆད་པའི་བར་དེར་རླུང་ཨ་ཝ་དྷུ་ཏིར་ཐིམ་པའི་དུས་ཡིན་ཏེ༔ དེ་ལ་ཕལ་བས་ནི་རྣམ་ཤེས་བརྒྱལ་ཟེར་རོ༔ ཡུན་ནི་ངེས་པ་མེད་དེ༔རྟེན་བཟང་ངན་དང་༔ རྩ་རླུང་གི་རིམ་པ་ཡིན་ཏེ༔ ཉམས་ལེན་དུམ་རེ་ཡོད་པ་དང་༔ ཞི་གནས་བརྟན་པོ་ཡོད་པ་དང་༔ རྩ་བཟང་བའི་རིགས་རྣམས་ནི་ཡུན་རིང་དུ་གནས་པ་ཡང་ཡོད་དོ༔ དེ་ལ་ནི་ངོ་སྤྲོད་འདི་ནན་ཏན་བསྐྱར་རོ༔ དབང་པོའི་བུ་གར་ཆུ་སེར་མ་ཐོན་གྱི་བར་དུ་བསྐྱར་ལ་གདབ་བོ༔ སྡིག་པོ་ཆེ་དང་རྩ་ངན་པའི་རིགས་ལ་ནི༔ ཡུད་ཙམ་རེ་སེ་གོལ་རེའི་ཡུན་ལས་མི་གནས་པ་འང་ཡོད་དོ༔ ལ་ལ་ཟན་ཟ་ཡུན་ཙམ་ལས་མི་གནས་པ་ཡང་ཡོད་དེ༔ མདོ་རྒྱུད་ཕལ་ཆེར་ལས་ཞག་ཕྱེད་དང་བཞིར་བརྒྱལ་གསུངས་པས་ཕལ་ཆེར་ཞག་ཕྱེད་དང་བཞིར་གནས་པས་འོད་གསལ་ངོ་སྤྲོད་འདི་ལ་ནན་ཏན་བྱའོ༔ གདབ་ལུགས་ནི་རང་གི་ཐུབ་ན་རང་གིས་གོང་ནས་འཕེན་པ་གཏང་ངོ་༔ རང་གིས་མ་ཐུབ་ན་བླ་མའམ༔ སློབ་མ་འམ༔ མཆེད་གྲོགས་བློ་སེམས་འདྲེས་པ་གཅིག་རྩར་བཞག་སྟེ༔ ད་ནི་ས་ཆུར་ཐིམ་པའི་རྟགས་གདབ་པོ༔ ཞེས་རྣམས་རིམ་པ་ལྟར་གསལ་གདབ་ལ༔ རྟགས་རྣམས་རིམ་པར་རྫོགས་ལ་ཁད་པ་དེར༔ སེམས་བསྐྱེད་འདི་ལྟར་ཕོག་པར་བྱའོ༔ ཀྱེ་རིགས་ཀྱི་བུ་ཞེས་པའམ། བླ་མ་ཡིན་ན༔ དྲུང་པ་ལགས༔ ཐུགས་བསྐྱེད་མ་ཡེངས་པར་མཛད་འཚལ༔ ཞེས་སྙན་དུ་སྐད་ཆུང་ངུས་ཞུ༔མཆེད་གྲོགས་དང་གཞན་མའི་མིང་ནས་འབོད་ལ་འདི་སྐད་དོ༔ ཀྱེ་རིགས་ཀྱི་བུ༔ ད་ནི་འཆི་བ་ཞེས ་བྱ་བ་དེ་འོངས་ནས་འདུག་པས་ཁྱོད་རང་སེམས་བསྐྱེད་འདི་ལྟར་དུ་མཛོད་ཅིག༔ ཀྱེ་མ་བདག་ནི་འཆི་བའི་དུས་ལ་བབས་ནས་འདུག་གི༔ ད་རེས་འཆི་བ་འདི་ལ་བརྟེན་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་གིས་ཐུགས་བསྐྱེད་པ་སྟེ༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ༔ སྙམ་དུ་སེམས་བསྐྱེད་པ་དང་༔ ཁྱད་པར་དུ་ད་རེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་བ་འོད་གསལ་ཆོས་སྐུར་ངོ་ཤེས་པར་བྱ་སྟེ༔ དེའི་ངང་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ༔དེ་མ་ཐོབ་ཀྱང་བར་དོ་ལ་བར་དོར་ངོ་ཤེས་པར་བྱས་ལ༔ བར་དོ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་སྐུ་མངོན་དུ་བྱས་ནས༔ གང་ལ་གང་འདུལ་གྱི་སྣང་བས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་པའི་སེམས་བསྐྱེད་ཀྱི་འདུན་པ་དང་མ་བྲལ་བར་ཁྱེད་རང་སྔར་གང་གོམས་པའི་གདམ་ངག་དེའི་ཉམས་ལེན་དྲན་པར་མཛོད་ཅིག༔ ཅེས་རྣ་བར་མཆུ་གཏད་ལ་ཚིག་གསལ་བར་བཤད་དེ༔ སྐད་ཅིག་ཀྱང་ཡེངས་སུ་མི་འཇུག་པར་ཉམས་ལེན་གསལ་གདབ་བོ༔ དེ་ནས་ཕྱི་དབུགས་ཆད་ཚར་བ་དང་༔ རྩ་གཉིད་ལོག་དྲག་ཏུ་མནན་ལ་ཚིག་གི་གསལ་འདི་སྐད་གདབ་བོ༔ བླ་མའམ་རང་ལས་ཆེ་བའི་བཤེས་གཉེན་པ་ཡིན་ན༔ དྲུང་པ་ལགས་རང་རེ་ལ་ད་ལྟ་གཞིའི་འོད་གསལ་འཆར་ནས་ཡོད་དེ༔ ངོ་ཤེས་པར་གྱིས་ཤིག༔ ཉམས་ལེན་གྱི་ཐོག་ཏུ་འཇོག་པར་མཛོད་ཅིག༔ ཞེས་ཞུའོ༔ གཞན་ཐམས་ཅད་ལ་འདི་ལྟར་ངོ་སྤྲོད་དོ༔ ཀྱེ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ཉོན་ཅིག༔ ཁྱོད་ལ་ད་ལྟ་ཆོས་ཉིད་དག་པའི་འོད་གསལ་ཤར་ནས་ཡོད་དོ༔ ངོ་ཤེས་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ་ཁྱོད་རང་གི་ད་ལྟའི་ཤེས་རིག་གི་ངོ་བོ་སང་ངེ་བ་འདི་དངོས་པོ་དང་མཚན་མ་ཁ་དོག་ཅིའི་ངོ་བོར་མ་གྲུབ་པར་སྟོང་སང་ངེ་བ་འདུག་པ་འདི་ཀ་ཆོས་ཉིད་ཀུན་ཏུ་བཟང་མོ་ཡིན་ནོ༔ ཁྱོད་རང་གི་ཤེས་རིག་སྟོང་རྡོ་ཙམ་ནས་སྟོང་པ་ཕྱལ་ཆད་དུ་མ་སོང་བར་རང་གི་ཤེས་རིག་མ་འགགས་པར་སལ་ལེ་སང་ངེ་ཝ་ལེ་བ༔ འདི་ཀ་རིག་པ་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་ནོ༔ རང་གི་རིག་པ་དངོས་པ་ཅིར་ཡང་མ་གྲུབ་པའི་ངོ་བོ་སྟོང་པ་དང་རང་གི་ཤེས་རིག་ཝ་ལེར་གསལ་བར་འདུག་པ་འདི་གཉིས་དབྱེར་མི་ཕྱེད་པ་འདུག་པ་འདི་ཀ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ༔ རང་གི་རིག་པ་གསལ་སྟོང་དབྱེར་མེད་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་འདི་ལ་སྐྱེ་འཆི་མེད་པས་སངས་རྒྱས་འོད་མི་འགྱུར་བ་འདི་ཀ་ཡིན་ནོ༔ དེ་ངོ་ཤེས་པས་ཆོག་གོ༔ རང་གི་ཤེས་རིག་གི་ངོ་བོ་སང་ངེ་བ་འདི་སངས་རྒྱས་སུ་ངོ་ཤེས་ནས་རང་གི་རིག་པ་ལ་རང་གི་ལྟ་བ་དེ༔ སངས་རྒྱས་ཀྱི་དགོངས་པ་ལ་འཇོག་པ་ཡིན་ནོ༔ ཅེས་ལན་གསུམ་མམ༔ བདུན་གྱི་བར་དུ་སྒྲ་དག་ལ་གསལ་བར་བརྗོད་དོ༔ དེས་དང་པོ་སྔར་བླ་མས་ངོ་སྤྲད་པ་དྲན༔ གཉིས་པས་རང་རིག་རྗེན་པ་འོད་གསལ་དུ་ངོ་འཕྲོད༔ གསུམ་པས་རང་ངོ་ཤེས་ནས་ཆོས་སྐུ་འདུ་འབྲལ་མེད་པར་གྱུར་ཏེ་གྲོལ་བར་ངེས་སོ༔ དེས་འོད་གསལ་དང་པོ་ལ་ངོ་འཕྲོད་དེ་གྲོལ་ལོ༔ ཡང་གལ་ཏེ་འོད་གསལ་དང་པོ་ལ་ངོས་མ་ཟིན་དོགས་ན༔ ཡང་འོད་གསལ་གཉིས་པ་ཞེས་བྱ་བ་འཆར་ཏེ༔ དེ་ཡང་དུས་ནི་ཕྱི་དབུགས་ཆད་ནས་ཟན་གཅིག་ཟ་ཡུན་ལྷག་ཙམ་སོང་ནས་འོང་ངོ་༔ ལས་བཟང་ངན་གྱིས་རྩ་གཡས་གཡོན་གང་རུང་གཅིག་ཏུ་རླུང་ཤོར་ནས༔ སྒོ་གང་རུང་ཞིག་ནས་ཐོན་ཏེ་ཤེས་པ་གསལ་ལམ་གྱིས་འོང་༔ དེ་ཡང་ཟན་གཅིག་ཟ་ཡུན་ཟེར་ཡང་རྩ་བཟང་ངན་དང་༔ ཉམས་ལེན་ཡོད་མེད་དང་བསྟུན་ནོ༔དེའི་ཚེ་རྣམ་ཤེས་ཕྱིར་ཐོན་པ་དང་ཤི་བ་ཡིན་ནམ་མ་ཤི་བ་ཡིན་ནམ་སྙམ་དུ་ངོ་མི་ཤེས༔ ཉེ་དུའི་འབྲེལ་བ་སྔར་བཞིན་དུ་མཐོང་ནས་འོང་༔ ངུ་འབོད་ཀྱང་ཐོས༔ ལས་ཀྱི་རླུང་དང་འཁྲུལ་སྣང་དྲག་པོ་ཡང་མ་ཤར༔ གཤིན་རྗེའི་འཇིགས་སྐྲག་ཀྱང་མ་སླེབ་པའི་བར་དེར༔ ཡང་གདམ་ངག་གདབ་སྟེ༔དེ་ལ་རྫོགས་རིམ་པ་དང་༔ བསྐྱེད་རིམ་གཉིས་སོ༔ རྫོགས་རིམ་པ་ཡིན་ན་མིང་ནས་ལན་གསུམ་འབོད་ལ༔ གོང་གི་འོད་གསལ་ངོ་སྤྲོད་དེ་ཀ་བསྐྱར་ལ་གདབ་བོ༔ བསྐྱེད་རིམ་པ་ཡིན་ན་ཁོ་རང་གི་ལྷ་གང་ཡིན་དེའི་སྒོམ་ཁོག་དང་མངོན་རྟོགས་བཀླགས་ཏེ༔ ཀྱེ་རིགས་ཀྱི་བུ༔ ཁྱེད་རང་གི་ཡི་དམ་ནི་སྒོམས་ཤིག༔ མ་ཡེངས་ཤིག༔ འདུན་པ་དྲག་པོ་ཡི་དམ་ལ་གཏོད་ཅིག༔སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟར་སྒོམས་ཤིག༔ གདོས་བཅོས་མ་སུ་སྒོམས་ཤིག༔ ཅེས་གསལ་གདབ་བོ༔ སྐྱེ་བོ་ཐ་མལ་བ་ཡིན་ན༔ ཇོ་བོ་ཐུགས་རྗེ་ཆེན་པོ་སྒོམས་ཤིག༔ ཅེས་ངོ་སྤྲོད་དོ༔ དེ་ལྟར་ངོ་སྤྲོད་པས་བར་དོ་ངོས་མ་ཟིན་ངེས་པ་རྣམས་ཀྱང་ཟིན་པར་ཐེ་ཚོམ་མེད་དོ༔ དེ་ཡང་གསོན་པོའི་དུས་སུ་བླ་མའི་ངོ་སྤྲད་ཀྱང་གོམས་འདྲིས་ཆུང་ན་བར་དོ་རང་གིས་གསལ་མི་ཐུབ་པས༔ བླ་མའམ་མཆེད་གྲོགས་ཀྱིས་ངེས་པར་གསལ་གདབ་དགོས་སོ༔ ཡང་གོམས་འདྲིས་ཡོད་ཀྱང་འཆི་ཁར་ནད་གཅོད་དྲག་པོས་འཁྲུལ་ནས་དྲན་པ་མི་ཟིན་པའི་རིགས་ལ་གདམ་པ་འདི་ཅིས་ཀྱང་དགོས་སོ༔ སྔར་ལམ་གྱི་གོམས་འདྲིས་ཡོད་ཀྱང་སྡོམ་པ་ཤོར་བ་དང་རྩ་བའི་དམ་ཚིག་ཉམས་ནས་ངན་སོང་དུ་འགྲོ་བའི་རིགས་ལ་འདི་ཤིན་ཏུ་ནས་ཀྱང་དགོས་སོ༔ བར་དོ་དང་པོ་ལ་ཐེབས་ན་རབ༔ དེ་ལ་མ་ཐེབས་ན་བར་དོ་གཉིས་པ་ལ་གསལ་གདབ་པས་རིག་པ་སད་ནས་གྲོལ་བ་ཡིན༔ ཡང་བར་དོ་གཉིས་པ་ལ་དག་པའི་སྒྱུ་ལས་ཞེས་བྱ་བ་ཤི་བའམ་ཤི་ངོ་མ་ཤེས་པའི་ཤེས་པ་གསལ་ལམ་མེ་བ་གཅིག་འོང་༔དེའི་དུས་སུ་དེར་གདམ་པ་དེ་ཐེབས་ནས་ཆོས་ཉིད་མ་བུ་འཕྲད་ནས་ལས་ཀྱིས་ཁ་བསྒྱུར་དུ་མེད་དེ༔དཔེར་ན་ཉི་མའི་འོད་ཀྱིས་མུན་པ་བཅོམ་པ་བཞིན་དུ་ལམ་གྱི་འོད་གསལ་གྱིས་ལས་ཀྱི་ནུས་པ་བཅོམ་ནས་གྲོལ་བ་ཡིན་ནོ༔ དེ་ཡང་བར་དོ་གཉིས་པ་ཞེས་བྱ་བ་ནི་ཡིད་ཀྱི་ལུས་སུ་ལམ་གྱིས་འཆར་བ་ཡིན་ཏེ༔ཤེས་པ་སྔར་བཞིན་དུ་མཐོང་ཡུལ་དུ་འཁོར་རོ༔ དེའི་དུས་སུ་གདམ་ངག་འདི་ཐེབས་ན་དོན་ཀུན་འགྲུབ་སྟེ༔ད་རུང་ལས་ཀྱི་འཁྲུལ་སྣང་མ་ཤར་ནས་གང་དུ་ཡང་བསྒྱུར་དུ་བཏུབ་བོ༔ དེ་ལྟར་གཞིའི་འོད་གསལ་ལ་ངོ་མ་འཕྲོད་ཀྱང་༔ བར་དོ་གཉིས་པའི་འོད་གསལ་ལ་ངོ་འཕྲོད་དེ་གྲོལ་ལོ༔ དེས་ཀྱང་མ་གྲོལ་ན་དེ་ནས་བར་དོ་གསུམ་པ་ཡང་ཟེར༔ ཆོས་ཉིད་ཀྱི་བར་དོ་ཤར་ཏེ་བར་དོ་གསུམ་པ་ལས་ཀྱི་འཁྲུལ་སྣང་བྱ་བ་འཆར་དུ་འོང་བས༔ དེའི་དུས་སུ་ཆོས་ཉིད་བར་དོའི་ངོ་སྤྲོད་ཆེན་མོ་བཀླག་པ་གལ་ཆེ་སྟེ༔སྟོབས་དང་ཕན་ཡོན་ཤིན་ཏུ་ཆེའོ༔ དེ་ཡང་རྩ་ན་ཉེ་དྲུང་གིས་ངུ་སྐད་དང་སྨྲེ་སྔགས་བཏོན༔ ཟས་སྐལ་བཅད༔ གོས་བཤུས༔ མལ་ས་ཕྱགས༔ རང་གིས་ཁོང་མཐོང་ཡང་ཁོང་རྣམས་ཀྱིས་རང་མ་མཐོང་༔ ཁོང་རྣམས་ཀྱིས་རང་ལ་བོས་པ་ཐོས་ཀྱང་རང་གི་བོས་པ་ཁོང་གིས་མ་ཐོས་པས་སྙིང་མི་དགའ་ཕྱད་དེ་འགྲོ༔ དེའི་དུས་སུ་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ཤར་ནས་འཇིགས་སྐྲག་སྔངས་གསུམ་གྱིས་བརྒྱལ་ནས་འོང་བས་དེའི་དུས་སུ་ཆོས་ཉིད་བར་དོའི་ངོ་སྤྲོད་ཆེན་མོ་གདབ་པར་བྱ་སྟེ༔ཚེ་འདས་ཀྱི་མིང་ནས་འབོད་ལ་སྒྲ་དག་ལ་གསལ་བར་འདི་སྐད་བཤད་དོ༔ ཀྱེ་རིགས་ཀྱི་བུ་མ་ཡེངས་པར་འདུན་པ་དྲག་པོས་ཉོན་ཅིག༔ བར་དོ་ནི་རྣམ་པ་དྲུག་ཡིན་ཏེ༔ གང་ཞེ་ན༔རང་བཞིན་སྐྱེ་གནས་ཀྱི་བར་དོ་དང་༔ རྨི་ལམ་གྱི་བར་དོ་དང་༔ ཏིང་ངེ་འཛིན་བསམ་གཏན་གྱི་བར་དོ་དང་༔ འཆི་ཁའི་བར་དོ་དང་༔ ཆོས་ཉིད་ཀྱི་བར་དོ་དང་༔ ལུགས་འབྱུང་སྲིད་པའི་བར་དོ་དང་དྲུག་གོ༔ ཀྱེ་རིགས་ཀྱི་བུ་ཁྱོད་ལ་ནི་བར་དོ་གསུམ་འབྱུང་སྟེ༔ འཆི་ཁའི་བར་དོ་དང་༔ ཆོས་ཉིད་བར་དོ་དང་༔ སྲིད་པ་བར་དོ་དང་གསུམ་འཆར་བ་ལ༔ ཁར་སང་ཕན་ཆད་འཆི་ཁའི་བར་དོ་ལ་ཆོས་ཉིད་འོད་གསལ་ཤར་ཡང་ཁྱོད་ཀྱིས་ངོས་མ་ཟིན་པས༔ འདིར་འཁྱམས་དགོས་བྱུང་བ་ཡིན་ནོ༔ ད་ནི་ཁྱེད་ལ་ཆོས་ཉིད་ཀྱི་བར་དོ་དང་༔ སྲིད་པའི་བར་དོ་དང་གཉིས་འབྱུང་སྟེ༔ བདག་གིས་ངོ་སྤྲོད་པ་རྣམས་ཁྱེད་རང་མ་ཡེངས་པར་ངོས་ཟིན་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ་ད་ནི་འཆི་བ་ཞེས་བྱ་བ་དེ་སླེབས་པ་ཡིན་ནོ༔ འཇིག་རྟེན་འདི་ནས་ཕ་རོལ་ཏུ་འགྲོ་སྟེ༔ཁྱོད་གཅིག་པུ་མ་ཡིན་ཏེ༔ ཀུན་ལ་འབྱུང་བས་ཚེ་འདི་ལ་ཆགས་པ་དང་ཞེན་པ་མ་བྱེད་ཅིག༔ ཆགས་པ་དང་ཞེན་པ་བྱས་ཅིང་སྡོད་དབང་ནི་མེད༔ ཁྱོད་རང་འཁོར་བར་འཁྱམ་པ་ལས་མི་འོང་༔ མ་ཆགས་ཤིག༔ མ་ཞེན་ཅིག༔ དཀོན་མཆོག་གསུམ་རྗེས་སུ་དྲན་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ༔ ཆོས་ཉིད་བར་དོའི་སྣང་བ་འཇིགས་སྐྲག་ཇི་ལྟར་ཤར་ནས་བྱུང་ཡང་༔ ཁྱོད་རང་ཚིག་འདི་མ་བརྗེད་པར་གྱིས་ལ་ཚིག་དོན་ཡིད་ལ་དྲན་བཞིན་དུ་སོངས་ཤིག༔ དེས་ངོ་འཕྲོད་པའི་གནད་ཡོད་དོ༔ ཀྱེ་མ་བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤངས་བྱས་ནས༔ གང་ཤར་རང་སྣང་རིག་པར་ངོ་ཤེས་འཇུག༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགག་ལ་ཐུག་པའི་དུས་ཚོད་འདིར༔ རང་སྣང་ཞི་ཁྲོའི་ཚོགས་ལ་འཇིགས་མི་བྱ༔ དེ་སྐད་ངག་ནས་ལྷང་ལྷང་བརྗོད་ལ་དོན་ཡིད་ལ་དྲན་བཞིན་དུ་སོངས་ཤིག༔ དེས་འཇིགས་སྐྲག་གི་སྣང་བ་ཅི་ཤར་ཡང་རང་སྣང་དུ་ངེས་པར་ངོ་འཕྲོད་པའི་གནད་ཡོད་པ་མ་བརྗེད་ཅིག༔ ཀྱེ་རིགས་ཀྱི་བུ་ཁྱོད་ཀྱི་ལུས་དང་སེམས་བྲལ་བའི་དུས་སུ༔ ཆོས་ཉིད་དག་པའི་སྣང་བ་ཕྲ་ལ་དྭངས་པ༔ གསལ་ལ་འཚེར་བ༔ རང་བཞིན་བཀྲག་ལ་ཉམ་ང་བ༔ སོས་ཀའི་ཐང་ལ་སྨིག་རྒྱུ་བ་བཞིན་དུ་མེ་རེ་རེ་འཆར་དུ་འོང་ངོ་༔ དེ་ལ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ མ་སྔངས་ཤིག༔དེ་ནི་ཁྱོད་རང་གི་ཆོས་ཉིད་ཀྱི་རང་མདངས་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ འོད་ཀྱི་ནང་ནས་ཆོས་ཉིད་ཀྱི་རང་སྒྲ་དྲག་ལ་ལྡིར་ཆེ་བ༔ འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ཙམ་དུ་ལྡི་རི་རི་འོང་ངོ་༔ དེ་ཡང་ཁྱོད་རང་གི་ཆོས་ཉིད་ཀྱི་རང་སྒྲ་ཡིན་པས་དེ་ལ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ མ་སྔངས་ཤིག༔ ཁྱོད་ལ་བག་ཆགས་ཡིད་ཀྱི་ལུས་ཞེས་བྱ་བ་ཞིག་ཡོད་ཀྱི༔ གདོས་བཅས་ཤ་ཁྲག་གི་ལུས་ནི་མེད་པས་སྒྲ་འོད་ཟེར་གསུམ་གང་བྱུང་ཡང་༔ ཁྱོད་ལ་གནོད་པ་མི་ཡོང་སྟེ༔ ཁྱོད་ལ་འཆི་རྒྱུ་མེད་དོ༔ ཁྱོད་རང་གི་རང་སྣང་དུ་ངོ་ཤེས་པས་ཀྱང་ཆོག་གོ༔ བར་དོ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ་ད་ལྟ་རང་སྣང་དུ་ངོ་མ་ཤེས་ན༔ མི་ཡུལ་དུ་བསྒོམ་བསྒྲུབ་ཇི་ལྟར་བྱས་ཀྱང་ད་ལྟར་གྱི་གདམ་པ་འདི་དང་མ་འཕྲད་ན་འོད་ཀྱིས་འཇིགས་སོ༔སྒྲས་སྔངས་སོ༔ ཟེར་གྱིས་སྐྲག་གོ༔ གདམ་པའི་གནད་འདི་མ་ཤེས་ན༔ སྒྲ་འོད་ཟེར་གསུམ་ངོ་མ་ཤེས་པས་འཁོར་བར་འཁྱམ་མོ༔ ཀྱེ་རིགས་ཀྱི་བུ་ཞག་ཕྱེད་དང་བཞིའི་བར་དུ་ཤེས་པ་བརྒྱལ་འགྲོ་སྟེ༔ བརྒྱལ་སངས་པ་དང་ང་ལ་ཅི་བྱུང་སྙམ་པའི་སྣང་བ་འབྱུང་བས་ཁྱོད་ཀྱིས་བར་དོ་ངོ་ཤེས་པར་གྱིས་ཤིག༔ དེའི་ཚེ་འཁོར་བ་རུ་ལོག་ནས་སྣང་བ་ཐམས་ཅད་འོད་དང་སྐུར་འཆར་རོ༔ ནམ་མཁའ་ཐམས་ཅད་འོད་དང་ཁ་དོག་མཐིང་གར་འཆར་རོ༔ དེའི་དུས་སུ་དབུས་ཕྱོགས་ཐིག་ལེ་བརྡལ་བའི་ཞིང་ཁམས་མཐིང་ཀ་ནས༔ བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་སེང་གེའི་ཁྲི་ལ་བཞུགས་པ་ཕྱག་ན་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ༔ ཡུམ་ནམ་མཁའ་དབྱིངས་ཕྱུག་མ་དང་ཞལ་སྦྱར་ནས་རང་ལ་འཆར་དུ་འོང་ངོ་༔ རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པས༔ འོད་མཐིང་ཀ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་ག་གསལ་ལ་དྭངས་པ་བཀྲག་ལ་འཚེར་བ་གཅིག་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་ཐུགས་ཀ་ནས་ཁྱོད་རང་གི་མདུན་དུ་མིག་གིས་ལྟ་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་༔དེ་དང་མཉམ་དུ་ལྷའི་འོད་དཀར་པོ་བཀྲག་མེད་པ་གཅིག་ཀྱང་མདུན་དུ་འོད་དང་གཤིབ་མར་འཆར་རོ༔ དེའི་དུས་སུ་ཁྱོད་ལས་ངན་གྱི་དབང་གིས་འོད་མཐིང་ག་བཀྲག་མདངས་དང་ལྡན་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ལ་ཁྱོད་འཇིགས་པ་དང་སྐྲག་པ་སྐྱེས་ནས་བྲོས་ཤིང་༔ ལྷའི་འོད་དཀར་པོ་བཀྲག་མེད་དེ་ལ་ཁྱོད་དགའ་བའི་འདུ་ཤེས་སྐྱེས་ནས་འོང་གི་དེ་ཙ་ན༔ འོད་མཐིང་ཀ་གསལ་ལ་འཚེར་བ༔དངས་ལ་བཀྲག་ཆེ་བ་མཆོག་གི་འོད་གསལ་དེ་ལ་མ་སྔངས་ཤིག་མ་སྐྲག་པར༔ དེ་ནི་དེ་བཞིན་གཤེགས་པའི་འོད་ཟེར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་ཡིན་གྱི༔དེ་ལ་དད་པ་དང་མོས་པ་དུང་དུང་གྱིས་ཤིག༔ བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་ཐུགས་རྗེའི་འོད་ཟེར་ཡིན་ནོ༔ སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག༔ དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་གྱིས་ཁྱོད་བར་དོའི་འཕྲང་ལ་བསུ་བ་ལ་འོང་བ་ཡིན་ནོ༔ རྣམ་པར་སྣང་མཛད་ཀྱི་ཐུགས་རྗེའི་འོད་ཟེར་ཡིན་ནོ༔ ལྷའི་འོད་དཀར་པོ་བཀྲག་མེད་པ་དེ་ལ་དགའ་བ་མ་བྱེད་ཅིག༔ དེ་ནི་ཁྱོད་ཀྱི་གཏི་མུག་དྲག་པོས་བསགས་པའི་འོད་ཀྱི་ལམ་ཡིན་ནོ༔ དེ་ལ་མ་ཆགས་ཤིག༔ མ་ཞེན་ཅིག༔ དེ་ལ་ཆགས་ན་ལྷའི་གནས་སུ་འཁྱམས་ཏེ༔ རིགས་དྲུག་ཏུ་འཁོར་ནས་ཐར་བའི་ལམ་འགག་པའི་བར་ཆད་ཡིན་པས་དེ་ལ་མིག་གིས་མ་ལྟ་བར༔ འོད་མཐིང་ག་བཀྲག་མདངས་ཅན་དེ་ལ་མོས་པ་གྱིས་ལ༔ རྣམ་པར་སྣང་མཛད་ཡབ་ཡུམ་ལ་འདུན་པ་དྲག་པོ་གཏོད་ལ་སྨོན་ལམ་འདི་སྐད་བདག་གི་ལད་མོ་གྱིས་ལ་གསོལ་བ་ཐོབ་ཅིག༔ ཀྱེ་མ༔ གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས༔ ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་ཏུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཞེས་མོས་གུས་དྲག་པོས་སྨོན་ལམ་བཏབ་པས༔ རྣམ་པར་སྣང་མཛད་ཡབ་ཡུམ་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་དུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ༔ཡང་གལ་ཏེ་ངོ་སྤྲོད་ཀྱང་ཞེ་སྡང་དང་སྡིག་སྒྲིབ་ཀྱི་སྐྱོན་གྱིས་འོད་དང་ཟེར་ལ་སྐྲག་ནས་བྲོས་ཏེ༔ སྨོན་ལམ་བཏབ་ཀྱང་ཡང་འཁྲུལ་ན༔ ཞག་གཉིས་པ་ལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་དང་༔ དམྱལ་བའི་ལས་ངན་གཉིས་ཀྱིས་བསུ་བ་ལ་འོང་སྟེ༔ ཡང་ངོ་སྤྲོད་པ་ནི༔ ཚེ་འདས་ཀྱི་མིང་ནས་འབོད་ལ་འདི་སྐད་དོ༔ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ ཞག་གཉིས་པ་ལ་འབྱུང་བ་ཆུ་རྣམ་པར་དག་པའི་འོད་དཀར་པོ་འཆར་རོ༔ དེའི་དུས་སུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་མཐིང་ཀ་ནས༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་སྐུ་མདོག་མཐིང་ཀ་ཕྱག་ན་རྡོ་རྗེ་རྩེ་ལྔ་བ་བསྣམས་པ༔ གླང་པོ་ཆེའི་གདན་ལ་བཞུགས་པ༔ ཡུམ་སངས་རྒྱས་སྤྱན་མ་དང་ཞལ་སྦྱོར་ནས་རང་ལ་ཤར་དུ་འོང་ངོ་༔ བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་བྱམས་པ་མེ་ཏྲི་གཉིས་ལ༔ སེམས་མ་ལཱ་སྱེ་མ་དང་པུཥྤེ་མ་གཉིས་ཀྱིས་བསྐོར་ནས༔ སངས་རྒྱས་ཀྱི་སྐུ་དྲུག་ཏུ་འཆར་ནས་འོང་ངོ་༔གཟུགས་ཀྱི་ཕུང་པོ་གནས་སུ་དག་པའི་འོད་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་དཀར་ལ་འཚེར་བ༔ གསལ་ལ་དྭངས་པ་གཅིག་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཐུགས་ཀ་ནས༔ ཁྱོད་རང་གི་མདུན་དུ་མིག་གིས་ལྟ་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་༔ དེ་དང་མཉམ་དུ་དམྱལ་བའི་འོད་དུད་ཀ་བཀྲག་མེད་པ་ཅིག་ཀྱང་༔ མདུན་དུ་ཡེ་ཤེས་ཀྱི་འོད་དང་གཤིབ་མར་ཟུག་ནས་འོང་ངོ་༔ དེའི་དུས་སུ་ཁྱོད་ཞེ་སྡང་གི་དབང་གིས་འོད་དཀར་པོ་བཀྲག་དང་ལྡན་པ་དེ་ལ༔ འཇིགས་པ་དང་སྐྲག་པ་སྐྱེས་ནས་བྲོས་ཤིང་༔ དམྱལ་བའི་འོད་དུད་ཀ་བཀྲག་མེད་དེ་ལ་ཁྱོད་དགའ་བའི་འདུ་ཤེས་སྐྱེས་ནས་འོང་གི༔ དེ་ཙ་ན་ཁྱོད་འོད་དཀར་པོ་བཀྲག་ལ་འཚེར་བ་གསལ་ལ་དྭངས་པ་དེ་ལ་མ་འཇིགས་པར་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག༔ དེ་ལ་དད་པ་དང་མོས་པ་དུང་དུང་གྱིས་ཤིག༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀའི་འོད་ཟེར་ཡིན་ནོ༔ སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག༔ དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཁྱོད་བར་དོའི་འཇིགས་སྐྲག་ལ་བསུ་བ་འོང་བ་ཡིན་ནོ༔ རྡོ་རྗེ་སེམས་དཔའི་ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུ་ཡིན་པ ས་མོས་པ་གྱིས་ཤིག༔ དམྱལ་བའི་འོད་དུད་ཀ་བཀྲག་མེད་དེ་ལ་དགའ་བར་མ་བྱེད་ཅིག༔ དེ་ཁྱོད་ཀྱི་ཞེ་སྡང་དྲག་པོས་བསགས་པའི་སྡིག་སྒྲིབ་ཀྱིས་བསུ་མའི་ལམ་ཡིན་ནོ༔ དེ་ལ་ཆགས་ན་ཁྱོད་དམྱལ་བའི་གནས་སུ་ལྟུང་སྟེ༔ སྡུག་བསྔལ་བསྲན་མི་བཟོད་པའི་འདམ་དུ་ཚུད་དེ་ཐོན་པའི་དུས་མི་འབྱུང་གི༔ དེ་ཐར་བའི་ལམ་དགག་པའི་བར་ཆད་ཡིན་པས༔ དེ་ལ་མིག་གིས་མ་ལྟ་བར་ཞེ་སྡང་སྤོངས་ཤིག༔ དེ་ལ་མ་ཆགས་ཤིག༔མ་ཞེན་ཅིག༔ འོད་དཀར་པོ་གསལ་ལ་འཚེར་བ་དེ་ལ་མོས་པ་གྱིས་ཤིག༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདུན་པ་དྲག་པོ་གཏོད་ལ་སྨོན་ལམ་འདི་སྐད་ཐོབ་ཅིག༔ ཀྱེ་མ་ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཞེས་མོས་གུས་དྲག་པོས་སྨོན་ལམ་བཏབ་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ༔དེ་ཡང་དེ་ལྟར་དུ་ངོ་སྤྲོད་ཀྱང་༔ ང་རྒྱལ་དང་སྡིག་སྒྲིབ་ཆེ་བའི་གང་ཟག་ལ་ལ་ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུ་ལ་འཇིགས་ཏེ་བྲོས་པས༔ ཡང་ཞག་གསུམ་པ་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་དང་༔ མིའི་འོད་ལམ་གཉིས་ཀྱིས་བསུ་བ་ལ་འོང་སྟེ༔ ཡང་ངོ་སྤྲད་པ་ནི༔ ཚེ་འདས་ཀྱི་མིང་ནས་འབོད་ལ་འདི་སྐད་དོ༔ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ ཞག་གསུམ་པ་ལ་འབྱུང་བ་ས་རྣམ་པར་དག་པའི་འོད་སེར་པོ་འཆར་རོ༔ དེའི་དུས་སུ་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སེར་པོ་ནས༔ བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཕྱག་ན་ནོར་བུ་རིན་པོ་ཆེ་བསྣམས་པ༔ རྟ་མཆོག་གི་གདན་ལ་བཞུགས་ནས་ཡུམ་མཆོག་མཱ་མ་ཀི་དང་ཞལ་སྦྱར་ནས་རང་ལ་འཆར་དུ་འོང་ངོ་༔ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་༔ ཀུན་ཏུ་བཟང་པོ་གཉིས་ལ༔ སེམས་མ་མཱ་ལེ་མ་དང་༔ དྷུ་པེ་མ་གཉིས་ཀྱིས་བསྐོར་ནས་འཇའ་དང་འོད་དང་ཟེར་དང་འོད་ཀྱི་ཀློང་ནས་སངས་རྒྱས་ཀྱི་སྐུ་དྲུག་ཏུ་འཆར་ནས་འོང་ངོ་༔ ཚོར་བའི་ཕུང་པོ་དབྱིངས་སུ་དག་པ་འོད་སེར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སེར་ལ་འཚེར་པ༔ ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ༔གསལ་ལ་དྭངས་པ༔ མིག་གིས་ལྟ་མི་བཟོད་པ་ཞིག༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་ཐུགས་ཀ་ནས་ཁྱོད་རང་གི་མདུན་དུ་སྙིང་གི་ཐད་ཀར་མིག་གིས་ལྟ་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་༔ དེ་དང་མཉམ་དུ་མིའི་འོད་སྔོན་སེར་བཀྲག་མེད་པ་ཅིག་ཀྱང་ཡེ་ཤེས་ཀྱི་འོད་དང་གཤིབ་མར་ཁྱོད་རང་གི་སྙིང་ཀར་ཟུག་ནས་འོང་ངོ་༔ དེའི་དུས་སུ་ཁྱོད་རང་ང་རྒྱལ་གྱི་དབང་གིས་འོད་སེར་པོ་བཀྲག་མདངས་ཅན་དེ་ལ་འཇིགས་སྐྲག་སྐྱེས་ནས་བྲོས་སུ་འོང་ཞིང་༔ མིའི་འོད་སྔོན་པོ་བཀྲག་མེད་དེ་ལ་ཁྱོད་དགའ་བ་དང་ཆགས་སེམས་སྐྱེས་ནས་འོང་གི༔ དེ་ཙམ་ན་ཁྱོད་འོད་སེར་པོ་གསལ་ལ་དྭངས་བ༔ བཀྲག་ལ་དྭངས་བ་དེ་ལ་མ་འཇིགས་པར་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག༔དེའི་ཐོག་ཏུ་རིག་པ་བྱར་མེད་ཀྱི་ངང་དུ་ལྷོད་ལ་ཞོག་ཅིག༔ ཡང་ན་དེ་ལ་དད་པ་དང་མོས་པ་དུང་དུང་གྱིས་ཤིག༔ ཁྱོད་རང་གི་རིག་པའི་རང་མདངས་སུ་ངོ་ཤེས་ན་ནི༔མོས་གུས་མ་བྱས་སྨོན་ལམ་མ་བཏབ་ཀྱང་སྐུ་དང་འོད་ཟེར་ཐམས་ཅད་ཁྱོད་རང་དང་དབྱེར་མེད་དུ་ཐིམ་ནས་སངས་རྒྱས་པར་འགྱུར་རོ༔ རང་གི་རིག་པའི་རང་མདངས་སུ་ངོ་མ་ཤེས་ན་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཐུགས་རྗེའི་འོད་ཟེར་ཡིན་ནོ༔ སྐྱབས་སུ་མཆིའོ་སྙམ་པའི་མོས་གུས་གྱིས་ལ་གསོལ་བ་ཐོབ་ཅིག༔ དེ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུ་ཡིན་པས་མོས་པ་གྱིས་ཤིག༔ མིའི་འོད་སྔོན་པོ་བཀྲག་མེད་དེ་ལ་དགའ་བར་མ་བྱེད་ཅིག༔ དེ་ཁྱོད་ཀྱི་ང་རྒྱལ་དྲག་པོས་བསགས་པའི་བག་ཆགས་ཀྱིས་བསུ་མའི་འོད་ལམ་ཡིན་ནོ༔ དེ་ལ་ཆགས་ན་ནི་ཁྱེད་མིའི་གནས་སུ་ལྷུང་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་ཞིང་འཁོར་བའི་གནས་ནས་ཐར་བའི་དུས་མི་འབྱུང་སྟེ༔ ཐར་བའི་ལམ་འགག་པའི་བར་ཆད་ཡིན་པས་དེ་ལ་མིག་གིས་མ་ལྟ་བར་ང་རྒྱལ་སྤོངས་ཤིག༔ བག་ཆགས་སྤོངས་ཤིག༔ དེ་ལ་མ་ཆགས་ཤིག་མ་ཞེན་ཅིག༔ འོད་སེར་པོ་གསལ་ལ་འཚེར་བ་དེ་ལ་མོས་པ་གྱིས་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ལ་སྨོན་ལམ་འདི་སྐད་དུ་ཐོབ་ཅིག༔ ཀྱེ་མ་ང་རྒྱལ་དྲག་པོས་འཁོར་བར་འཁྱམས་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས༔ ཡུམ་མཆོག་མཱ་མ་ཀི་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ དེ་སྐད་མོས་གུས་དྲག་པོས་སྨོན་ལམ་བཏབ་པས༔ བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ༔ དེ་ལྟར་ངོ་སྤྲད་པས་དབང་པོ་ཇི་ལྟར་ཞན་ཀྱང་གྲོལ་བར་ཐེ་ཚོམ་མེད་དོ༔ཡང་དེ་ལྟར་ལན་མང་དུ་ངོ་སྤྲད་ཀྱང་མི་སྡིག་པོ་ཆེ་ལ་སོགས་པ་དང་༔ དམ་ཚིག་ཉམས་པ་ལ་སོགས་སྐལ་ཆད་ཀྱི་རིགས་ལ་ལ་ད་རུང་ཡང་ངོ་མི་འཕྲོད་པའི་རིགས་འོང་སྟེ༔ འདོད་ཆགས་དང་སྡིག་སྒྲིབ་ཀྱིས་བསྐྱོད་ནས་སྒྲ་འོད་ལ་འཇིགས་ཏེ་བྲོས་པས༔ ཡང་ཞག་བཞི་པ་ལ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་དང་༔ འདོད་ཆགས་སེར་སྣ་ལས་གྲུབ་པའི་ཡི་དྭགས་ཀྱི་འོད་ལམ་གཉིས་ཀྱིས་བསུ་བ་ལ་འོང་སྟེ༔ ཡང་ངོ་སྤྲད་པ་ནི༔ ཚེ་འདས་ཀྱི་མིང་ནས་འབོད་ལ་འདི་སྐད་དོ༔ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ ཞག་བཞི་པ་ལ་འབྱུང་བ་མེ་རྣམ་པར་དག་པའི་འོད་དམར་པོ་འཆར་རོ༔དེའི་དུས་སུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དམར་པོ་ནས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ༔ ཕྱག་ན་པདྨ་བསྣམས་པ༔ རྨ་བྱའི་གདན་ལ་བཞུགས་པ༔ ཡུམ་མཆོག་གོས་དཀར་མོ་དང་ཞལ་སྦྱར་ནས་རང་ལ་འཆར་དུ་འོང་ངོ་༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་འཇམ་དཔལ་གཉིས་ལ༔སེམས་མ་གིརྟི་མ་དང་ཨཱ་ལོ་མ་གཉིས་ཀྱིས་བསྐོར་ནས་འཇའ་འོད་ཀྱི་ཀློང་ནས་སངས་རྒྱས་ཀྱི་སྐུ་དྲུག་ཏུ་འཆར་ནས་འོང་ངོ་༔འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པའི་འོད་དམར་པོ་སོ་སོར་རྟོགས་པའི་ཡེ་ཤེས་དམར་ལ་འཚེར་བ༔ ཐིག་ལེ་དང་ཐིག་ཕྲན་གྱིས་སྤྲས་པ༔ གསལ་ལ་དྭངས་པ༔བཀྲག་ལ་འཚེར་བ་ཞིག༔ སྣང་བ་མཐའ་ཡས་ཡབ་ཡུམ་གྱི་ཐུགས་ཀ་ནས་ཁྱོད་རང་གི་སྙིང་གི་ཐད་ཀར་མིག་གིས་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་༔ དེ་ལ་མ་འཇིགས་ཤིག༔ དེ་དང་མཉམ་དུ་ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་པ་ཞིག་ཀྱང་༔ཡེ་ཤེས་ཀྱི་འོད་དང་གཤིབ་མར་ཁྱོད་ལ་འཆར་དུ་འོང་པས་དེ་ལ་མི་དགའ་བར་གྱིས་ཤིག༔ ཆགས་ཞེན་སྤོངས་ཤིག༔ དེའི་དུས་སུ་འདོད་ཆགས་དྲག་པོའི་དབང་གིས་འོད་དམར་པོ་བཀྲག་མདངས་ཅན་དེ་ལ་སྐྲག་པ་སྐྱེས་ནས་བྲོས་སུ་འོང་ཞིང་༔ ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་དེ་ལ་ཁྱོད་དགའ་བ་དང་ཆགས་སེམས་སྐྱེས་ནས་འོང་གི༔ དེ་ཙ་ན་ཁྱོད་འོད་དམར་པོ་བཀྲག་ལ་འཚེར་བ༔ གསལ་ལ་དྭངས་པ་དེ་ལ་མ་འཇིགས་པར་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག༔ དེའི་ཐོག་ཏུ་རིག་པ་བྱར་མེད་ཀྱི་ངང་ལ་ཀློད་ལ་ཞོག་ཅིག༔ ཡང་ན་དེ་ལ་དད་པ་དང་མོས་པ་དུང་དུང་གྱིས་ཤིག༔ཁྱོད་རང་གི་རང་མདངས་སུ་ངོ་ཤེས་ན་ནི༔ མོས་གུས་མ་བྱས་སྨོན་ལམ་མ་བཏབ་ཀྱང་སྐུ་དང་འོད་ཟེར་ཐམས་ཅད་ཁྱོད་རང་དང་དབྱེར་མེད་དུ་ཐིམ་ནས་སངས་རྒྱས་པར་འགྱུར་རོ༔ དེ་ལྟར་མ་ཤེས་ན་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཐུགས་རྗེའི་འོད་ཟེར་ཡིན་ནོ༔ སྐྱབས་སུ་མཆིའོ་སྙམ་པའི་མོས་གུས་གྱིས་ལ་གསོལ་བ་ཐོབ་ཅིག༔ དེ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཐུགས་རྗེ་ལྕགས་ཀྱུའི་འོད་ཟེར་ཡིན་ནོ༔ མོས་པ་གྱིས་ཤིག༔ མ་བྲོས་ཤིག༔ བྲོས་ཀྱང་ཁྱོད་རང་དང་མི་འབྲལ་བར་འོང་ངོ་༔ མ་འཇིགས་ཤིག༔ ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་དེ་ལ་ཆགས་པ་མ་བྱེད་ཅིག༔ དེ་ཁྱོད་ཀྱི་འདོད་ཆགས་དྲག་པོས་བསགས་པའི་བག་ཆགས་ཀྱི་བསུ་མའི་ལམ་ཡིན་ནོ༔ དེ་ལ་ཆགས་ན་ཁྱོད་ཡི་དྭགས་ཀྱི་གནས་སུ་ལྟུང་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་སྟེ༔ ཐར་ལམ་བཀག་པའི་བར་ཆད་ཡིན་པས་དེ་ལ་མ་ཆགས་པར་བག་ཆགས་སྤོངས་ཤིག༔མ་ཞེན་ཅིག༔ འོད་དམར་པོ་གསལ་ལ་འཚེར་བ་དེ་ལ་མོས་པ་གྱིས་ལ༔ བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཡབ་ཡུམ་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ལ་སྨོན་ལམ་འདི་སྐད་ཐོབ་ཅིག༔ ཀྱེ་མ་འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔སོར་རྟོགས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས༔ ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ དེ་སྐད་མོས་གུས་དྲག་པོས་སྨོན་ལམ་བཏབ་པས༔ བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དཔག་མེད་ཡབ་ཡུམ་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ༔དེས་མི་གྲོལ་མི་སྲིད་དོ༔ ཡང་འདི་ལྟར་ངོ་སྤྲད་ཀྱང་༔ སེམས་ཅན་བག་ཆགས་དང་འགྲོགས་ཡུན་རིང་པའི་དབང་གིས་བག་ཆགས་མ་སྤངས་བར་ཕྲག་དོག་དང་ལས་ངན་གྱི་དབང་གིས་སྒྲ་འོད་ལ་སྔངས་སྐྲག་སྐྱེས་ཏེ་ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུས་མ་ཟིན་པར་ཞག་ལྔ་བའི་བར་དུ་མར་ལ་འཁྱམས་ཏེ་དེའི་ཚེ་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ལྷ་ཚོགས་ཀྱི་ཐུགས་རྗེའི་འོད་ཟེར་དང་བཅས་ཏེ་བསུ་མ་ལ་བྱོན་ཏེ༔ ཉོན་མོངས་པ་ཕྲག་དོག་ལས་གྲུབ་པའི་ལྷ་མ་ཡིན་གྱི་འོད་ལམ་གྱིས་ཀྱང་བསུ་བ་ལ་འོང་ངོ་༔ དེའི་ཚེ་ཡང་ངོ་སྤྲོད་པ་ནི༔ ཚེ་འདས་ཀྱི་མིང་ནས་འབོད་ལ་འདི་སྐད་དོ༔ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ ཞག་ལྔ་པ་ལ་འབྱུང་བ་རླུང་རྣམ་པར་དག་པའི་འོད་ལྗང་ཁུ་འཆར་རོ༔ དེའི་དུས་སུ་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ལྗང་ཁུ་ནས༔ བཅོམ་ལྡན་འདས་སངས་རྒྱས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ༔ མཁའ་ལྡིང་ཤང་ཤང་གི་ཁྲི་ལ་བཞུགས་པ༔ ཡུམ་དམ་ཚིག་སྒྲོལ་མ་དང་ཞལ་སྦྱོར་ནས་རང་ལ་འཆར་དུ་འོང་ངོ ་༔ སེམས་དཔའ་ཕྱག་ན་རྡོ་རྗེ་དང་༔ སྒྲིབ་པ་རྣམ་སེལ་བ་གཉིས་ལ༔ སེམས་མ་གནྡྷེ་མ་དང་༔ ནིརྟི་མ་གཉིས་ཀྱིས་བསྐོར་ནས་འཇའ་དང་འོད་ཀྱི་ཀློང་ནས་སངས་རྒྱས་ཀྱི་སྐུ་དྲུག་ཏུ་འཆར་ནས་འོང་ངོ་༔ འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ་འོད་ལྗང་ཁུ་བྱ་བ་གྲུབ་པའི་ཡེ་ཤེས་ལྗང་ལ་འཚེར་བ་གསལ་ལ་དྭངས་པ༔ བཀྲག་མདངས་ཅན་ཐིག་ལེ་དང་ཐིག་ཕྲན་གྱིས་སྤྲས་པ་གཅིག་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཐུགས་ཀ་ནས་ཁྱེད་རང་གི་སྙིང་གི་ཐད་ཀར་མིག་གིས་བལྟ་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་༔ དེ་ལ་མ་འཇིགས་པར་ཁྱོད་རང་གི་རིག་པའི་ཡེ་ཤེས་ཀྱི་རང་རྩལ་ཡིན་པས༔ཆགས་སྡང་ཉེ་རིང་མེད་པའི་བཏང་སྙོམས་བྱར་མེད་ཆེན་པོའི་ངང་དུ་ཞོག་ཅིག༔ དེ་དང་མཉམ་དུ་ལྷ་མ་ཡིན་གྱི་འོད་དམར་པོ་ཕྲག་དོག་གི་རྒྱུ་ལས་གྲུབ་པ་བཀྲག་མེད་པ་གཅིག་ཀྱང་ཡེ་ཤེས་ཀྱི་འོད་དང་ལྷན་ཅིག་ཏུ་ཁྱོད་ལ་འཆར་དུ་འོང་ངོ་༔ དེ་ལ་ཆགས་སྡང་མེད་པའི་བཏང་སྙོམས་སུ་སྒོམས་ཤིག༔ དེ་ལ་དགའ་བ་མ་བྱེད་ཅིག༔དེའི་དུས་སུ་ཁྱོད་ཕྲག་དོག་དྲག་པོས་དབང་གིས་འོད་ལྗང་ཁུ་བཀྲག་ལ་འཚེར་བ་དེ་ལ་བྲེད་ནས་བྲོས་སུ་འོང་གི༔ ལྷ་མ་ཡིན་གྱི་འོད་དམར་པོ་བཀྲག་མེད་དེ་ལ་དགའ་བ་དང་ཆགས་སེམས་སྐྱེས་ནས་འོང་གི༔ དེ་ཙ་ན་འོད་ལྗང་ཁུ་བཀྲག་ལ་འཚེར་བ་གསལ་ལ་དྭངས་པ་དེ་ལ་མ་འཇིགས་པར་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག༔ དེའི་ཐོག་ཏུ་རིག་པ་བྱར་མེད་ཀྱི་ངང་དུ་ཀློད་ལ་ཞོག་ཅིག༔ ཡང་ན་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཐུགས་རྗེའི་འོད་ཟེར་ཡིན་ནོ༔ སྐྱབས་སུ་མཆིའོ༔ སྙམ་དུ་མོས་གུས་གྱིས་ལ་གསོལ་བ་ཐོབ་ཅིག༔ དེ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཐུགས་རྗེའི་ལྕགས་ཀྱུའི་འོད་ཟེར་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ་བ་ཡིན་པས༔ དེ་ལ་མོས་པ་གྱིས་ཤིག༔ མ་བྲོས་ཤིག༔ བྲོས་ཀྱང་ཁྱོད་རང་དང་འབྲལ་མེད་དུ་འོང་ངོ་༔དེ་ལ་མ་འཇིགས་ཤིག༔ ལྷ་མ་ཡིན་གྱི་འོད་དམར་པོ་བཀྲག་མེད་དེ་ལ་ཆགས་པར་མ་བྱེད་ཅིག༔ དེ་ནི་ཁྱོད་ཀྱི་ཕྲག་དོག་དྲག་པོས་བསགས་པའི་ལས་ཀྱིས་བསུ་མའི་ལམ་ཡིན་ནོ༔ དེ་ལ་ཆགས་ན་ནི་ཁྱོད་ལྷ་མ་ཡིན་གྱི་གནས་སུ་ལྟུང་བས་འཐབ་རྩོད་ཀྱི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་སྟེ་ཐར་ལམ་འགག་པའི་བར་ཆད་ཡིན་པས་དེ་ལ་མ་ཆགས་པར་བག་ཆགས་སྤོངས་ཤིག༔ མ་ཞེན་ཅིག༔ འོད་ལྗང་ཁུ་གསལ་ལ་འཚེར་བ་དེ་ལ་མོས་པ་གྱིས་ལ༔ བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡབ་ཡུམ་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ལ་སྨོན་ལམ་འདི་སྐད་དུ་ཐོབ་ཅིག༔ ཀྱེ་མ་ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལ༔བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ དེ་ལྟར་མོས་གུས་དྲག་པོས་སྨོན་ལམ་གདབ་པས༔བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡམ་ཡུམ་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ༔ དེ་ལྟར་དུ་རིམ་པ་མང་དུ་ངོ་སྤྲོད་པས༔ ལས་འཕྲོ་ཇི་ལྟར་ཞན་ཀྱང་གཅིག་ལ་ངོས་མ་ཟིན་ཀྱང་གཅིག་ལ་འཕྲོད་དེ༔ མི་གྲོལ་མི་སྲིད་དོ༔ཡང་དེ་ལྟར་ལན་མང་དུ་ངོ་སྤྲད་ཀྱང་བག་ཆགས་ཚན་ཆེ་ལ་འགྲོགས་ཡུན་རིང་བས་དག་སྣང་ཡེ་ཤེས་སུ་སྔར་འདྲིས་མེད་པའི་དབང་གིས༔ ངོ་སྤྲད་ཀྱང་བག་ཆགས་ངན་པས་ཕྱིར་ལ་འཁྲིད་དེ༔ ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུས་མ་ཟིན་པར་འོད་དང་ཟེར་ལ་སྔངས་སྐྲག་སྐྱེས་ནས་མར་ལ་འཁོར་བས༔དེ་ནས་ཞག་དྲུག་པ་ལ་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་དུས་གཅིག་ལ་འཆར་ནས་འོང་སྟེ༔དེའི་ཚེ་རིགས་དྲུག་གི་འོད་དྲུག་ཀྱང་དུས་གཅིག་ཏུ་འཆར་ནས་འོང་ངོ་༔ ངོ་སྤྲོད་པ་ནི༔ ཚེ་འདས་ཀྱི་མིང་ནས་འབོད་ལ་འདི་སྐད་དོ༔ ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ ཁྱོད་རང་ཁར་སང་ཕན་ཆད་རིགས་ལྔ་སོ་སོའི་སྣང་བ་ཤར་ནས་ངོ་སྤྲད་ཀྱང ་ཁྱོད་བག་ཆགས་ངན་པའི་དབང་གིས་དེ་ལ་སྔགས་སྐྲག་སྐྱེས་པས༔ ད་ཕན་ཆད་དུ་འདིར་ལུས་པ་ཡིན་ནོ༔ཁྱོད་ཀྱིས་གོང་དུ་རིགས་ལྔའི་ཡེ་ཤེས་ཀྱི་རང་མདངས་དེ་རྣམས་རང་སྣང་དུ་ངོ་ཤེས་ན་རིགས་ལྔ་སོ་སོའི་སྐུ་ལ་འཇའ་འོད་དུ་ཐིམ་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱ་རྒྱུ་ཡིན་པ་ལ་ཁྱོད་ཀྱིས་ངོ་མ་ཤེས་པས་ད་བར་དུ་འདིར་འཁྱམས་པ་ཡིན་ནོ༔ ད་ནི་མ་ཡེངས་པར་ལྟོས་ཤིག༔ ད་ནི་རིགས་ལྔ་ཡོངས་རྫོགས་ཀྱི་སྣང་བ་དང་༔ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་བ་ཁྱོད་ལ་བསུ་བ་ལ་འོང་ངོ་༔དེ་ངོ་ཤེས་པར་གྱིས༔ ཀྱེ་རིགས་ཀྱི་བུ་འབྱུང་བ་བཞི་རྣམ་པར་དག་པའི་འོད་ཁ་དོག་བཞི་འཆར་དུ་འོང་ངོ་༔ དེའི་དུས་སུ་དབུས་ཕྱོགས་ཐིག་ལེ་བརྡལ་བའི་ཞིང་ཁམས་ནས་སངས་རྒྱས་རྣམ་པར་སྣང་མཛད་ཡབ་ཡུམ་གོང་ལྟར་དུ་འཆར་ནས་འོང་ངོ་༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས་སངས་རྒྱས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འཁོར་དང་བཅས་པ་འཆར་དུ་འོང་ངོ་༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས་སངས་རྒྱས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་དང་བཅས་པ་འཆར་དུ་འོང་ངོ་༔ ནུབ་ཕྱོགས་པདྨ་བརྩེགས་པ་བདེ་བ་ཅན་གྱི་ཞིང་ཁམས་ནས་སངས་རྒྱས་སྣང་བ་མཐའ་ཡས་ཡབ་ཡུམ་འཁོར་འདས་བཅས་པ་འཆར་དུ་འོང་ངོ་༔བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས་སངས་རྒྱས་དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་དང་བཅས་པ་འཇའ་འོད་ཀྱི་ཀློང་ནས་ཁྱོད་ལ་ད་ལྟ་འཆར་རོ༔ ཀྱེ་རིགས་ཀྱི་བུ་རིགས་ལྔ་ཡབ་ཡུམ་དེ་རྣམས་ཀྱི་ཕྱི་རོལ་ཏུ་སྒོ་བ་ཁྲོ་བོ་རྣམ་པར་རྒྱལ་བ་དང་༔ གཤིན་རྗེའི་གཤེད་པོ་དང་༔ རྟ་མགྲིན་རྒྱལ་པོ་དང་༔ བདུད་རྩི་འཁྱིལ་བ་དང་༔ སྒོ་མ་ལྕགས་ཀྱུ་མ་དང་༔ ཞགས་པ་མ་དང་༔ ལྕགས་སྒྲོག་མ་དང་༔ དྲིལ་བུ་མ་དང་༔ ལྷ་ཡི་ཐུབ་པ་དབང་པོ་བརྒྱ་བྱིན་དང་༔ ལྷ་མ་ཡིན་གྱི་ཐུབ་པ་ཐག་བཟང་རིས་དང་༔ མིའི་ཐུབ་པ་ཤཱཀྱ་ཐུབ་པ་དང་༔ བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན་དང་༔ ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ་དང་༔ དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་དང་༔ བཅོམ་ལྡན་འདས་ཐུབ་པ་དྲུག་ཀྱང་འཆར་དུ་འོང་ངོ་༔ ཀུན་ཏུ་བཟང་པོ་དང་༔ཀུན་ཏུ་བཟང་མོ་དང་༔ སངས་རྒྱས་ཐམས་ཅད་ཀྱི་སྤྱི་མྱེས་ཀུན་བཟང་ཡབ་ཡུམ་གཉིས་ཀྱང་འཆར་དུ་འོང་ངོ་༔ ལོངས་སྐུའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་རང་གི་སྙིང་ཁའི་ནང་ནས་ཕྱིར་ཐོན་ནས༔ ཁྱོད་རང་ལ་འཆར་དུ་འོང་བས་ཁྱོད་རང་གི་དག་པའི་སྣང་བ་ལ་འཆར་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ་ཞིང་ཁམས་དེ་དག་ཀྱང་གཞན་ཞིག་ན་ཡོད་པ་མ་ཡིན་ཏེ༔ ཁྱོད་རང་གི་སྙིང་ཁའི་ཕྱོགས་བཞི་དང་དབུས་ལྔ་ན་གནས་པ་ཡིན་ཏེ༔ སྙིང་ཁའི་ནང་ནས་ད་ལྟར་ཕྱིར་ཐོན་ནས་ཁྱོད་ལ་ཤར་བ་ཡིན་ནོ༔སྐུ་དེ་རྣམས་ཀྱང་གཞན་ཞིག་ནས་འོང་བ་མ་ཡིན་ཏེ༔ ཁྱོད་རང་གི་རིག་པའི་རང་རྩལ་ལ་ཡེ་ནས་གྲུབ་པ་ཡིན་པས་དེ་ལྟར་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ་སྐུ་དེ་དག་མི་ཆེ་བ༔ མི་ཆུང་བ༔ ཆ་མཉམ་པ༔ རྒྱན་ཆ་ལུགས་ཁ་དོག་བཞུགས་ཚུལ་དང་༔ གདན་ཁྲི་རང་རང་གི་ཕྱག་རྒྱ་དང་བཅས་ཏེ༔ སྐུ་དེ་དག་ཀྱང་ལྔ་ལྔའི་ཟུང་གི ས་བརྒྱན་པ༔ ལྔ་ཚན་རེ་རེ་ལ་འོད་ལྔའི་མུ་ཁྱུད་དང་བཅས་པ༔ཡབ་ཀྱི་ཆ་འཛིན་པའི་རིགས་ཀྱི་སེམས་དཔའ་དང་༔ ཡུམ་གྱི་ཆ་འཛིན་པའི་རིགས་ཀྱི་སེམས་མ་དང་༔ དཀྱིལ་འཁོར་ཐམས་ཅད་དུས་གཅིག་ལ་རྫོགས་པར་འཆར་དུ་འོང་ངོ་༔ དེ་ཁྱོད་ཀྱི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ་རིགས་ལྔ་ཡབ་ཡུམ་དེ་དག་གི་ཐུགས་ཀ་ནས་ཡེ་ཤེས་བཞི་སྦྱོར་གྱི་འོད་ཟེར་ཤིན་ཏུ་ཕྲ་ལ་དྭངས་པ༔ ཉི་མའི་འོད་ཟེར་བ་ཐག་སྦྲེལ་བ་ལྟ་བུ་རེ་རེ་ཁྱོད་ཀྱི་སྙིང་ཁར་འཆར་དུ་འོང་སྟེ༔ དེ་ཡང་དང་པོར་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དཀར་ལ་གསལ་བ༔ བཀྲག་ལ་ཉམ་ང་བའི་འོད་ཟེར་གྱི་སྣམ་བུ་གཅིག་ཁྱོད་རང་གི་སྙིང་ཀ་དང་འབྲེལ་མར་འཆར་དུ་འོང་ངོ་༔ འོད་ཟེར་གྱི་སྣམ་བུ་དེའི་ནང་དུ་ཐིག་ལེ་དཀར་པོ་ཟེར་དང་ལྡན་པ༔ མེ་ལོང་ཁ་སྦུབ་པ་ཙམ་ཤིན་ཏུ་གསལ་བ་བཀྲག་ལ་འཚེར་བ༔ དེ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པ༔དེའི་མཐའ་དང་དབུས་མེད་པར་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་དུ་འོང་ངོ་༔ རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་མཐིང་ལ་གསལ་་་་་་བའི་སྣམ་བུའི་སྟེང་དུ་ཐིག་ལེ་མཐིང་ཀ་གཡུའི་ཕོར་བ་ཁ་སྦུབ་པ་ཙམ་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་དུ་འོང་ངོ་༔ རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་སེར་ལ་གསལ་བའི་སྣམ་བུའི་སྟེང་དུ་ཐིག་ལེ་སེར་པོ་་་་་་་་གསེར་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཐིག་ལེ་ཐིག་ཕྲན་དང་བཅས་པ་འཆར་དུ་འོང་ངོ་༔སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་སོ་སོར་རྟོགས་པའི་ཡེ་ཤེས་དམར་ལ་གསལ་བའི་སྣམ་བུའི་སྟེང་དུ་ཐིག་ལེ་དམར་པོ་འོད་ཟེར་དང་ལྡན་པ་དཔེར་ན་བྱི་རུའི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཡེ་ཤེས་ཀྱི་གཏིང་མདངས་དང་ལྡན་པ༔ ཤིན་ཏུ་གསལ་ལ་འཚེར་་་་་་བ་དེ་ཡང་རང་བཞིན་གྱིས་ཐིག་ལེ་ལྔ་ལྔས་བརྒྱན་པ༔ དེའི་མཐའ་དབུས་མེད་པ་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་དུ་འོང་ངོ་༔ དེ་རྣམས་ཀྱང་ཁྱོད་རང་གི་སྙིང་ཀ་དང་འབྲེལ་མར་འཆར་དུ་འོང་ངོ་༔ ཀྱེ་རིགས་ཀྱི་བུ་དེ་རྣམས་ཀྱང་ཁྱོད་རང་གི་རིག་པའི་རང་རྩལ་ལས་ཤར་བ་ཡིན་ཏེ༔ གཞན་ཞིག་ནས་འོང་བ་མ་ཡིན་པས༔དེ་རྣམས་ལ་ཆགས་པ་མ་བྱེད་པར༔ སྐྲག་པར་ཡང་མ་བྱེད་པར་རྣམ་པར་མི་རྟོག་པའི་ངང་དུ་ལྷོད་ལ་ཞོག་ཅིག༔ དེའི་ངང་ལ་སྐུ་དང་འོད་ཟེར་ཐམས་ཅད་ཁྱོད་རང་ལ་ཐིམ་ནས་སངས་རྒྱས་པར་འགྱུར་རོ༔ ཀྱེ་རིགས་ཀྱི་བུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འོད་ལྗང་ཁུ་ནི་ཁྱོད་ཀྱི་རིག་པའི་ཡེ་ཤེས་ཀྱི་རང་རྩལ་མ་རྫོགས་པས་མི་སྣང་ངོ་༔ ཀྱེ་རིགས་བུ་དེ་རྣམས་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ༔ རྡོ་རྗེ་སེམས་དཔའི་ཁོང་སེང་གི་ལམ་ཞེས་བྱའོ༔ དེའི་ཚེ་ཁྱོད་ཀྱིས་སྔར་བླ་མས་ངོ་སྤྲད་པའི་གདམ་ངག་དྲན་པར་གྱིས་ཤིག༔ ཁྱོད་ཀྱིས་ངོ་སྤྲོད་ཀྱི་དོན་དྲན་ན་སྔར་ཤར་བའི་སྣང་བ་དེ་རྣམས་ལ་ཡིད་ཆེས་པས་མ་བུ་འཕྲད་པ་ལྟ་བུའི་སྔར་འདྲིས་པའི་མི་ཕྱིས་མཐོང་བ་བཞིན་ངོ་ཤེས་ཏེ་སྒྲོ་འདོགས་ཆོད་པ་ལྟ་བུ༔ རང་སྣང་ལ་རང་སྣང་དུ་ངོ་ཤེས་པས་ཆོས་ཉིད་རྣམ་པར་དག་པའི་ལམ་འགྱུར་བ་མེད་པ་ཡིན་པར་ཡིད་ཆེས་པས་རྒྱུན་གྱི་ཏིང་ངེ་འཛིན་སྐྱེས་ཏེ༔ རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ཏེ་ཕྱིར་མི་ལྡོག་གོ༔ ཀྱེ་རིགས་ཀྱི་བུ་ཡེ་ཤེས་ཀྱི་འོད་དང་མཉམ་དུ་མ་དག་འཁྲུལ་བའི་སྣང་བ་རིགས་དྲུག་གི་འོད་འཆར་དུ་འོང་སྟེ༔ གང་ཞེ་ན༔ ལྷའི་འོད་དཀར་པོ་བཀྲག་མེད་དང་༔ ལྷ་མ་ཡིན་གྱི་འོད་དམར་པོ་བཀྲག་མེད་དང་༔མིའི་འོད་སྔོན་པོ་བཀྲག་མེད་དང་༔ དུད་འགྲོའི་འོད་ལྗང་ཁུ་བཀྲག་མེད་པ་དང་༔ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་དང་༔ དམྱལ་བའི་འོད་དུད་ཀ་བཀྲག་མེད་པ་དྲུག་ཀྱང་༔ དག་པ་ཡེ་ཤེས་ཀྱི་འོད་དང་གཤིབ་མར་འཆར་དུ་འོང་ངོ་༔ དེ་ཙ་ན་ཁྱོད་འོད་གང་ལ་ཡང་འཛིན་པ་དང་ཆགས་པ་མ་བྱེད་ཅིག༔ མི་དམིགས ་པའི་ངང་ལ་ལྷོད་ལ་ཞོག་ཅིག༔ ཁྱོད་དག་པ་ཡེ་ཤེས་ཀྱི་འོད་ལ་སྐྲག་ཅིང་མ་དག་རིགས་དྲུག་འཁོར་བའི་འོད་ལ་ཆགས་ན༔ འགྲོ་བ་རིགས་དྲུག་གི་ལུས་བླངས་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ནས་ཐར་བའི་དུས་མེད་པས་འོ་བརྒྱལ་ལོ༔ ཀྱེ་རིགས་ཀྱི་བུ༔ཁྱོད་བླ་མའི་གདམ་ངག་གི་ངོ་སྤྲོད་མེད་པ་ཅིག་ཡིན་ན༔ གོང་གི་སྐུ་དང་དག་པ་ཡེ་ཤེས་ཀྱི་འོད་ལ་འཇིགས་ཤིང་སྐྲག་ནས༔ མ་དག་འཁོར་བའི་འོད་ལ་ཆགས་ཏུ་འོང་བས༔ དེ་ལྟར་མ་བྱེད་པར་དག་པ་ཡེ་ཤེས་ཀྱི་འོད་བཀྲག་ལ་འཚེར་བ་དེ་རྣམས་ལ་མོས་གུས་གྱིས་ཤིག༔ བཅོམ་ལྡན་འདས་རིགས་ལྔ་བདེ་བར་གཤེགས་པའི་ཐུགས་རྗེའི་ཡེ་ཤེས་ཀྱི་འོད་ཟེར་བདག་ཐུགས་རྗེས་འཛིན་པ་ལ་འབྱོན་པར་འདུག་གི༔ སྐྱབས་སུ་མཆིའོ་སྙམ་པའི་མོས་པ་མཛོད་ལ༔ འཁྲུལ་བ་རིག་དྲུག་གི་འོད་ལ་མ་ཆགས་མ་ཞེན་པར་སངས་རྒྱས་རིགས་ལྔ་ཡབ་ཡུམ་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ལ་སྨོན་ལམ་འདི་སྐད་དུ་ཐོབ་ཅིག༔ ཀྱེ་མ་དུག་ལྔ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ཡེ་ཤེས་བཞི་སྦྱོར་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྒྱལ་བ་རིགས་ལྔས་ལམ་སྣ་དྲོངས༔ ཡུམ་མཆོག་རིགས་ལྔའི་ཡུམ་གྱིས་རྒྱབ་ནས་སྐྱོར༔ བར་དོ་རིགས་དྲུག་འོད་ལམ་བསྒྲལ་དུ་གསོལ༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་ནས་ཀྱང་༔དག་པའི་ཞིང་མཆོག་ལྔ་རུ་བསྐྱལ་དུ་གསོལ༔ དེ་ལྟར་དུ་སྨོན་ལམ་བཏབ་པས་རབ་རང་སྣང་དུ་ངོ་ཤེས་ནས་གཉིས་མེད་དུ་ཐིམ་ནས་སངས་རྒྱས་སོ༔ འབྲིང་མོས་གུས་དྲག་པོས་རང་ངོ་ཤེས་ནས་གྲོལ་བ་ཐོབ་བོ༔ ཐ་མས་ཀྱང་སྨོན་ལམ་རྣམ་པར་དག་པའི་མཐུས་རིགས་དྲུག་གི་སྐྱེ་སྒོ་བཀག་ནས་ཡེ་ཤེས་བཞི་སྦྱོར་གྱི་དོན་རྟོགས་ཏེ༔རྡོ་རྗེ་སེམས་དཔའི་ཁོང་སེང་གི་ལམ་ལ་སངས་རྒྱས་པར་འགྱུར་རོ༔ ཡང་དེ་ལྟར་དུ་ཞི་བ་ལ་གསར་བར་ངོ་སྤྲད་པས༔ འགྲོ་བ་ཤས་ཆེ་བ་ཞིག་ངོ་འཕྲོད་དེ་གྲོལ་བ་མང་དུ་འབྱུང་ངོ་༔ ཐ་མའི་ཡང་ཐ་མ་མའི་ཡུལ་ལ་ཆོས་ཀྱི་བག་ཆགས་ཡེ་ནས་མེད་པའི་སྡིག་ཅན་དང་དམ་ཉམས་ལ་སོགས་པ་འགའ་ཞིག་ལས་ཀྱིས་འཁྲུལ་ནས་ངོ་སྤྲད་ཀྱང་མ་འཕྲོད་པར་མར་ལ་འཁྱམས་དུ་འོང་བས༔ ཞག་བདུན་པ་ལ་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ནས་རིག་འཛིན་གྱི་ལྷ་ཚོགས་རྣམས་བསུ་བ་ལ་འོང་བས༔ དེའི་དུས་སུ་ཉོན་མོངས་པ་གཏི་མུག་ལས་གྲུབ་པའི་དུད་འགྲོའི་འོད་ལམ་གྱིས་ཀྱང་བསུ་ལ་ལ་འོང་ངོ་༔ དེའི་དུས་སུ་ཡང་ངོ་སྤྲད་པ་ནི༔ ཚེ་འདས་ཀྱི་མིང་ནས་འབོད་ལ་འདི་སྐད་དོ༔ ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ ཞག་བདུན་པ་ལ་བག་ཆགས་དབྱིངས་སུ་དག་པའི་འོད་ཁྲ་བོ་ཤར་དུ་འོང་ངོ་༔ དེའི་དུས་སུ་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ནས་རིག་འཛིན་གྱི་ལྷ་ཚོགས་རྣམས་བསུ་བ་ལ་འོང་སྟེ༔ འཇའ་དང་འོད་དུ་ཐིམ་པའི་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་སྨིན་པའི་རིག་འཛིན་བླ་ན་མེད་པ་པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བ་སྐུ་མདོག་འོད་ལྔའི་མདངས་དང་ལྡན་པ་ཡུམ་མཁའ་འགྲོ་མ་དམར་མོ་སྐུ་ལ་འཁྲིལ་བ༔ གྲི་གུག་དང་ཐོད་ཁྲག་གི་གར་མཛད་ཅིང་༔ལྟ་སྟངས་ཀྱི་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་ཞིག་འཆར་དུ་འོང་ངོ་༔ དཀྱིལ་འཁོར་དེའི་ཤར་ནས་ས་ལ་གནས་པའི་རིག་འཛིན་ཞེས་བྱ་བ༔ སྐུ་མདོག་དཀར་ཞིང་འཛུམ་པའི་མདངས་དང་ལྡན་པ༔ ཡུམ་མཁའ་འགྲོ་མ་དཀར་མོ་སྐུ་ལ་འཁྲིལ་བ༔ གྲི་གུག་དང་ཐོད་ཁྲག་གི་གར་མཛད་ཅིང་༔ ལྟ་སྟངས་ཀྱི་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་ཞིག་འཆར་དུ་འོང་ངོ་༔ དཀྱིལ་འཁོར་དེའི་ལྷོ་ནས་ཚེ་ལ་དབང་བའི་རིག་འཛིན་ཞེས་བྱ་བ༔ སྐུ་མདོག་སེར་ཞིང་མཛེས་པའི་དཔེ་བྱད་དང་ལྡན་པ༔ ཡུམ་མཁའ་འགྲོ་མ་སེར་མོ་སྐུ་ལ་འཁྲིལ་བ༔ གྲི་གུག་དང་ཐོད་ཁྲག་གི་གར་མཛད་ཅིང་༔ ལྟ་སྟངས་ཀྱི་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་ཞིག་འཆར་དུ་འོང་ངོ་༔ དཀྱིལ་འཁོར་དེའི་ནུབ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་བ༔ སྐུ་མདོག་དམར་ཞིང་འཛུམ་པའི་མདངས་ལྡན་པ༔ ཡུམ་མཁའ་འགྲོ་མ་དམར་མོ་སྐུ་ལ་འཁྲིལ་བ༔ གྲི་གུག་དང་ཐོད་ཁྲག་གིས་གར་མཛད་ཅིང་༔ ལྟ་སྟངས་ཀྱི་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་ཞིག་འཆར་དུ་འོང་ངོ་༔ དཀྱིལ་འཁོར་དེའི་བྱང་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་ཞེས་བྱ་བ༔ སྐུ་མདོག་ལྗང་ཞིང་ཞལ་ཁྲོ་འཛུམ་དང་ལྡན་པ༔ ཡུམ་མཁའ་འགྲོ་མ་ལྗང་ཁུ་སྐུ་ལ་འཁྲིལ་བ༔ གྲི་གུག་དང་ཐོད་ཁྲག་གི་གར་མཛད་ཅིང་༔ ལྟ་སྟངས་ཀྱི་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་ཅིག་འཆར་དུ་འོང་ངོ་༔ རིག་འཛིན་དེ་རྣམས་ཀྱི་ཕྱི་རིམ་དུ་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་དང་༔ དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ༔ རིགས་བཞིའི་མཁའ་འགྲོ༔ གནས་གསུམ་གྱི་མཁའ་འགྲོ༔ གནས་བཅུའི་མཁའ་འགྲོ༔ ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་རྣམས་དང་༔ དཔའ་བོ་དང་༔ དཔའ་མོ་དང་༔ གིང་དང་༔ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ཐམས་ཅད་རུས་པའི་རྒྱན་དྲུག་གསོལ་ནས༔ རྔ་དང་༔ རྐང་དུང་དང་༔ ཐོད་རྔ་དང་༔ ཞིང་ལྤགས་ཀྱི་རྒྱལ་མཚན་དང་༔ མི་ལྤགས་ཀྱི་བླ་རེ་དང་༔ མི་ལྤགས་ཀྱི་འཕན་དང་༔ མི་གསུར་གྱི་དུད་པ་དང་༔ རོལ་མོའི་བྱེ་བྲག་དཔག་ཏུ་མེད་པ་དང་བཅས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་པར་ཕྱེད༔ ཤིག་ཤིག་ཡོམ་ཡོམ་འགུལ་འགུལ་དུ་འོང་ངོ་༔ རོལ་མོའི་སྒྲ་ཐམས་ཅད་ཀྱང་མགོ་འགས་པ་ཙམ་དུ་ལྡིར་ནས་འོང་ངོ་༔ གར་སྣ་ཚོགས་ཕྱེད་ཅིང་དམ་ཚིག་ཅན་རྣམས་ཀྱི་བསུ་བར་འོང་ངོ་༔ དམ་ཉམས་རྣམས་ལ་ཆད་པ་བཅད་དུ་འོང་ངོ་༔ ཀྱེ་རིགས་ཀྱི་བུ༔ བག་ཆགས་དབྱིངས་སུ་དག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འོད་ཁ་དོག་ལྔ་དང་ལྡན་པ་ཚོན་སྐུད་བསྒྲིལ་བ་ལྟ་བུར་ཁྲ་ཤིག་ཤིག་པ༔ མེར་མེར་པ༔ ཕྱམ་ཕྱམ་པ་ཞིག་གསལ་ལ་དྭངས་པ༔ བཀྲག་ལ་ཉམ་ང་བ་གཅིག་རིག་འཛིན་གྱི་གཙོ་བོ་ལྔའི་ཐུགས་ཀ་ནས་ཁྱོད་རང་གི་སྙིང་གི་ཐད་ཀར་མིག་གིས་ལྟ་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་༔ དེ་དང་མཉམ་དུ་དུད་འགྲོའི་འོད་ལྗང་ཁུ་བཀྲག་མེད་པ་ཞིག་ཀྱང་ཡེ་ཤེས་ཀྱི་འོད་དང་མཉམ་དུ་འཆར་དུ་འོང་ངོ་༔ དེའི་དུས་སུ་ཁྱོད་བག་ཆགས་འཁྲུལ་བའི་དབང་གིས་འོད་ཁ་དོག་ལྔ་ལྡན་དེ་ལ་སྐྲག་ཅིང་བྲོས་ནས་དུད་འགྲོའི་འོད་བཀྲག་མེད་དེ་ལ་ཆགས་སུ་འོང་བས་དེ་ཙ་ན་ཁྱོད་འོད་ཁ་དོག་ལྔ་ལྡན་བཀྲག་མདངས་ཅན་དེ་ལ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ ཡེ་ཤེས་སུ་རང་ངོ་ཤེས་པར་གྱིས་ཤིག༔འོད་ཀྱི་ནང་ནས་ཐམས་ཅད་ཆོས་་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་༔ སྒྲ་དྲག་ལ་ལྡིར་ཆེ་བ༔ འུར་སྒྲ༔ བསོ་སྒྲ༔ སྒྲ་དྲག་པོའི་དྲག་སྔགས་དང་བཅས་ནས་འོང་ངོ་༔དེ་ལ་མ་འཇིགས་ཤིག༔ མ་བྲོས་ཤིག༔ མ་སྐྲག་ཅིག༔ ཁྱོད་རང་གི་རང་སྣང་རིག་པའི་རང་རྩལ་དུ་ངོ་ཤེས་པར་གྱིས་ཤིག༔ དུད་འགྲོའི་འོད་ལྗང་ཁུ་བཀྲག་མེད་དེ་ལ་མ་ཆགས་ཤིག༔ མ་ཞེན་ཅིག༔ དེ་ལ་ཆགས་ན་ཁྱོད་གཏི་མུག་དུད་འགྲོའི་གནས་སུ་ལྷུང་སྟེ་གླེན་ལྐུགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་མཐའ་ལས་འདས་པ་མྱོང་སྟེ༔ ཐོན་པའི་དུས་མི་འབྱུང་བས༔ དེ་ལ་མ་ཆགས་ཤིག༔ འོད་ཁ་དོག་ལྔ་ལྡན་གསལ་ལ་འཚེར་བ་དེ་ལ་མོས་པ་གྱིས་ལ༔ བཅོམ་ལྡན་འདས་རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ལ༔ རིག་འཛིན་གྱི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་དང་བཅས་པ་འདི་རྣམས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་བསུ་བ་ལ་འབྱོན་པར་འདུག་པས༔ ཁྱེད་རྣམས་རེ་མཁྱེན་བདག་ལྟ་བུའི་སེམས་ཅན་ཚོགས་མ་བསགས་པ༔ ད་ཞག་ཕན་ཆད་དུས་གསུམ་གྱི་བདེ་བར་གཤེགས་པ་ལྔའི་ལྷ་ཚོགས་དེ་ཙམ་གྱི་ཐུགས་རྗེའི་འོད་ཟེར་གྱིས་བཟུང་ཡང་མ་ཟིན་པ་འདི་བདག་འདྲ་བ་ཨ་ཙ་མ༔ ད་ནི་རིག་འཛིན་ལྷ་ཚོགས་ཁྱེད་རྣམས་ཀྱིས་ང་འདི་མན་ཆད་དུ་ཅི་ནས་ཀྱང་མ་གཏོང་ཞིག༔ ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག༔ དག་པ་མཁའ་སྤྱོད་ཀྱི་ཞིང་དུ་ད་ལྟ་ཁོ་ནར་དྲངས་དུ་གསོལ༔ སྙམ་པའི་འདུན་པ་རྩེ་གཅིག་ཏུ་གཏོད་ལ་སྨོན་ལམ་འདི་སྐད་དུ་ཐོབ་ཅིག༔ ཀྱེ་མ་རིག་འཛིན་ལྷ་ཚོགས་རྣམས་ཀྱང་དགོངས་སུ་གསོལ༔བརྩེ་བ་ཆེན་པོས་ལམ་སྣ་དྲངས་དུ་གསོལ༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་ནས་ཀྱང་༔ དག་པ་མཁའ་སྤྱོད་ཞིང་ཁམས་དེ་རུ་སྐྱོལ༔ ཅེས་མོས་གུས་དྲག་པོས་སྨོན་ལམ་བཏབ་པས༔ རིག་འཛིན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས༔ དག་པ་མཁའ་སྤྱོད་ཀྱི་གནས་སུ་སྐྱེ་བར་ཐེ་ཚོམ་མེད་དོ༔ དགེ་བའི་བཤེས་གཉེན་གྱི་རིགས་ཐམས་ཅད་ཀྱང་འདི་ནས་ངོ་འཕྲོད་དེ་གྲོལ་བ་ཤ་སྟག་གོ༔ འདིར་བག་ཆགས་ངན་ཀྱང་གྲོལ་བར་ངེས་སོ༔ དེ་ཡན་ཆད་ནི་འཆི་ཁའི་བར་དོར་འོད་གསལ་ངོ་སྤྲད་པ་དང་༔ ཆོས་ཉིད་ཞི་བའི་བར་དོར་ངོ་སྤྲད་པ་ཐོས་གྲོལ་ཆེན་མོ་ལགས་སོ༔ད་ནི་ཁྲོ་བོའི་བར་དོར་འཆར་ཚུལ་བསྟན་པར་བྱ་སྟེ༔ དེ་ཡང་གོང་དུ་ཞི་བའི་བར་དོ་འཕྲང་རིམ་པ་བདུན་ཡོད་དེ༔ དེ་རྣམས་ལ་རིམ་པ་བཞིན་དུ་ངོ་སྤྲོད་པ་གཅིག་ལ་ངོ་མ་འཕྲོད་ཀྱང་གཅིག་ལ་ངོ་འཕྲོད་དེ་གྲོལ་བ་ཐོབ་པ་ནི་དཔག་ཏུ་མེད་པ་འབྱུང་ངོ་༔ དེ་ལྟར་གྲོལ་བར་མང་དུ་འབྱུང་ཡང་། སེམས་ཅན་ནི་གྲངས་མང་༔ ལས་ངན་ནི་ཚན་ཆེ༔ སྡིག་སྒྲིབ་ནི་ལྷུན་འཐུག༔ བག་ཆགས་ནི་ཡུན་རིང་༔ མ་རིག་འཁྲུལ་འཁོར་འདི་ལ་ཟད་ཅིང་འཕྲི་བ་མེད་པས༔ དེ་ལྟར་ཞིབ་ཏུ་ངོ་སྤྲད་ཅིང་མ་གྲོལ་བར་ཐུར་དུ་འཁྱམས་པ་ཚན་ཆེ་སྟེ༔ དེ་ཡང་ཞི་བའི་ལྷ་ཚོགས་དང་༔ རིག་འཛིན་མཁའ་འགྲོའི་བསུན་མ་འདས་པའི་འོག་ཏུ༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས༔ འབར་བ་ལྔ་བཅུ་རྩ་བརྒྱད༔ གོང་གི་ཞི་བའི་ལྷ་ཚོགས་གནས་འགྱུར་ནས་འཆར་དུ་འོང་ངོ་༔ ད་ནི་གོང་དང་མི་འདྲ་སྟེ༔ འདིར་ཁྲོ་བོའི་བར་དོ་ཡིན་པས་འཇིགས་སྐྲག་སྔངས་གསུམ་གྱི་དབང་དུ་འགྲོ་སྟེ༔ ངོ་འཕྲོད་པ་ཡང་དཀའ་རུ་འགྲོའོ༔ རིག་པ་རང་དབང་མི་ཐོབ་པར་བརྒྱལ་ཏེ༔ དེ་ཁོ་ར་ཁོར་ཡུག་ཏུ་འོང་སྟེ༔ ཅུང་ཟད་ཅིག་ངོས་ཟིན་ནས་གྲོལ་བ་ཡང་སླ་སྟེ༔ དེ་ཅིའི་ཕྱིར་ཞེ་ན༔ སྔངས་སྐྲག་འཇིགས་གསུམ་གྱི་སྣང་བ་ཤར་བས་རིག་པ་ཡེངས་ལོངས་མེད་དེ༔ རིག་པ་རྩེ་གཅིག་ཏུ་བསྒྲིམ་ནས་ཡོད་པའི་ཕྱིར་རོ༔ འདིའི་སྐབས་སུ་འདི་ལྟ་བུའི་གདམས་པ་དང་མ་འཕྲད་ན༔ ཐོས་པ་རྒྱ་མཚོ་ལྟ་བུ་ཡོད་ཀྱང་འདིར་ཕན་པ་མེད༔ འདུལ་འཛིན་པའི་མཁན་པོ་དང་༔ མཚན་ཉིད་པའི་སྟོན་པ་ཆེན་པོ་རྣམས་ཀྱང་སྐབས་འདིར་འཁྲུལ་ནས་ངོ་མ་འཕྲོད་དེ༔འཁོར་བར་འཁྱམས་པ་ཡོད་དོ༔ སྐྱེ་བོ་ཐ་མལ་པ་རྣམས་ནི་ཧ་ཅང་ཡང་ཆེ་སྟེ༔ སྔངས་སྐྲག་འཇིགས་གསུམ་ལ་བྲོས་པས་ངན་སོང་གི་གཡང་ས་ལ་ལྷུང་ནས་སྡུག་བསྔལ་ལོ༔ གསང་སྔགས་ལ་སྤྱོད་པའི་རྣལ་འབྱོར་བ་ཐ་མའི་ཐ་མ་ཞིག་ཡིན་ན་ཡང་༔ ཁྲག་འཐུང་གི་ལྷ་ཚོགས་མཐོང་མ་ཐག་ཏུ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་ཡི་དམ་གྱི་ལྷ་ཡིན་པ་ངོ་ཤེས་པས་ཡིད་ཆེས་ཏེ༔ གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ༔ དེ་ཡང་མི་ཡུལ་དུ་ཁྲག་འཐུང་གི་སྐུ་འདི་རྣམས་ལ་མངོན་རྟོགས་བསྒོམས་པ་དང་༔ མཆོད་བསྟོད་བྱས་པ་དང་༔ ཐ་ན་སྐུ་གཟུགས་རིས་སུ་བྲིས་པ་དང་༔ འབུར་དུ་དོད་པ་ལ་སོགས་མཐོང་བ་ཁོ་ནས་ཀྱང་འདིར་སྐུ་གཟུགས་ཤར་བ་དང་༔ ངོ་ཤེས་ནས་གྲོལ་བ་ཐོབ་པའི་གནད་ཀྱང་དེ་ལྟར་ཡིན་ནོ༔ ཡང་མི་ཡུལ་དུ་འདུལ་འཛིན་གྱི་མཁན་པོ་དང་༔ མཚན་ཉིད་ཀྱི་སྟོན་པ་ཆོས་སྤྱོད་ལ་ཇི་ལྟར་བརྩོན་ཞིང་༔ བཤད་པའི་ཆོས་ལ་ཇི་ལྟར་མཁས་ཀྱང་གྲོངས་པའི་ཚེ༔གདུང་དང་རིང་བསྲེལ་དང་༔ འཇའ་འོད་ལ་སོགས་པའི་རྟགས་མི་འབྱོན་ཏེ༔ དེ་ནི་གསོན་པོའི་དུས་སུ་གསང་སྔགས་བློར་མ་ཤོང་པ་དང་༔ གསང་སྔགས་ལ་གཤེ་སྐུར་བཏབ་པ་དང་༔ གསང་སྔགས་ཀྱི་ལྷ་ཚོགས་རྣམས་རྒྱུས་མེད་པའི་དབང་གིས་བར་དོར་ཤར་ཡང་ངོ་མ་ཤེས་ཏེ༔ སྔར་མ་མཐོང་བ་ཞིག་གློ་བུར་དུ་མཐོང་བ་དེ་དགྲར་སོང་ནས༔ དེ་ལ་སྡང་སེམས་སྐྱེས་ནས་དེའི་རྐྱེན་བྱས་ནས་ངན་སོང་དུ་འགྲོ་བས༔ དེས་འདུལ་བ་འཛིན་པ་དང་༔ མཚན་ཉིད་པ་ཇི་ལྟར་བཟང་ཡང་༔ ནང་ནས་གསང་སྔགས་ཀྱི་ཉམས་ལེན་མེད་པས༔ གདུང་དང་༔ ཤར་རི་རམ་དང་༔ རིང་བསྲེལ་དང་༔ འཇའ་འོད་ལ་སོགས་པའི་རྟགས་མི་འབྱོན་པའི་མཚན་ཉིད་དེ་ལྟར་རོ༔ གསང་སྔགས་པ་མཐའ་མའི་ཡང་མཐའ་ཞིག་ཡིན་ཡང་འཕྲལ་དུ་སྤྱོད་ལམ་རྩིང་པ་དང་༔ མི་བཙུན་པ་དང་༔ མི་མཁས་པ་དང་༔ ཚུལ་དང་མི་མཐུན་པའི་སྤྱོད་ལམ་མི་མཛེས་པ་ཇི་ལྟར་འདུག་ཀྱང་༔ དེས་གསང་སྔགས་ཀྱི་ཆོས་ལ་ཉམས་སུ་ལེན་མ་ཐུབ་ཡང་༔ དེ་ལ་ལོག་ལྟ་མ་སྐྱེས་པ་དང་༔ ཐེ་ཚོམ་མེད་པ་དང་༔ གསང་སྔགས་ལ་མོས་པ་བྱས་པ་ཁོ་ནས་ཀྱང་༔ སྐབས་འདིར་གྲོལ་བ་ཐོབ་པ་ཡིན་ཏེ༔ མི་ཡུལ་དུ་སྤྱོད་ལམ་མ་མཛེས་ཀྱང་༔ཤི་བའི་ཚེ་ན་གདུང་དང་༔ རིང་བསྲེལ་དང་༔ སྐུ་གཟུགས་དང་༔ འཇའ་འོད་ལ་སོགས་པའི་རྟགས་སྣ་རེ་ཅིས་ཀྱང་འབྱུང་བར་འགྱུར་རོ༔ དེས་ན་གསང་སྔགས་འདི་བྱིན་རླབས་ཤིན་ཏུ་ཆེ་བའི་ཕྱིར་རོ༔གསང་སྔགས་ཀྱི་རྣལ་འབྱོར་པ་འབྲིང་ཡན་ཆད༔ བསྐྱེད་རྫོགས་བསྒོམས་པ་དང་༔ སྙིང་པོ་བཟླས་པ་ལ་སོགས་པས་ཉམས་སུ་བླངས་པ་རྣམས་ནི༔ ཆོས་ཉིད་བར་དོ་འདི་ཙམ་དུ་མར་འཁྱམས་མི་དགོས་ཏེ༔ དབུགས་ཆད་མ་ཁད་དུ་རིག་འཛིན་དང་༔ དཔའ་བོ་མཁའ་འགྲོ་ལ་སོགས་པས་དག་པ་མཁའ་སྤྱོད་དུ་ངེས་པར་གདན་དྲངས་པར་འགྱུར་ཏེ༔ དེའི་རྟགས་སུ་ནམ་མཁའ་གཡའ་དག་པ་དང་༔ འཇའ་དང་འོད་དུ་ཐིམ་པ་དང་༔ མེ་ཏོག་གི་ཆར་བ་དང་༔ སྤོས་དྲི་དང་༔ ནམ་མཁའ་ལ་རོལ་མོའི་སྒྲ་དང་ཟེར་དང་༔ གདུང་དང་༔ རིང་བསྲེལ་དང་༔ སྐུ་གཟུགས་ལ་སོགས་པ་ནི་དེའི་རྟགས་ཡིན་ནོ༔ དེའི་ཕྱིར་འདུལ་བ་འཛིན་པ་དང་༔ མཚན་ཉིད་སྟོན་པ་དང་༔ དམ་ཚིག་ཉམས་པའི་སྔགས་པ་དང་༔ སྐྱེ་བོ་ཐ་མལ་བ་ཐམས་ཅད་ལ་ཐོས་གྲོལ་ཆེན་མོ་འདི་མེད་པའི་ཐབས་མེད་དོ༔ རྫོགས་པ་ཆེན་པོ་དང་༔ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་སོགས་པའི་སྒོམ་ཆེན་པ་དག་ནི༔ འཆི་ཁའི་བར་དོ་འོད་གསལ་ངོས་ཟིན་ནས་ཆོས་སྐུ་ཐོབ་པར་འགྱུར་བས་ཐོས་གྲོལ་ཆེན་མོ་འདི་ཀླག་མི་དགོས་པ་ཤ་སྟག་འོང་ངོ་༔ དེ་ཡང་འཆི་ཁའི་བར་དོར་ངོས་ཟིན་ནས་ཆོས་སྐུ་ཐོབ་བོ༔ ཆོས་ཉིད་བར་དོར་ཞི་ཁྲོའི་སྣང་བ་ཤར་བའི་དུས་སུ་ངོས་ཟིན་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ༔ སྲིད་པའི་བར་དོར་ངོས་ཟིན་ནས་སྤྲུལ་སྐུ་ཐོབ་པ་དང་གནས་མཐོ་རུས་སུ་སྐྱེས་ཏེ༔ ཆོས་འདི་དང་འཕྲད་ནས་སྐྱེ་བ་ཕྱི་མ་ལ་སྤྱོད་པའི་ལས་འཕྲོ་ཡོད་པས་དེའི་ཕྱིར་ཐོས་གྲོལ་འདི་ནི༔ མ་སྒོམ་པར་སངས་རྒྱས་པའི་ཆོས༔ ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས༔ སྡིག་པ་ཆེ་གསེབ་ལམ་ལ་འཁྲིད་པའི་ཆོས༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་ཆོས༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་ཏེ༔ འདིས་སླེབ་པའི་སེམས་ཅན་ངན་སོང་དུ་འགྲོ་བ་མི་སྲིད་དོ༔ འདི་དང་བཏགས་གྲོལ་གཉིས་བསྒྲགས་པས་གསེར་གྱི་མཎྜལ་གཡུའི་འཕྲ་བཀོད་པ་དང་འདྲ་བས་བསྒྲགས་པར་གྱིས་ཤིག༔ དེ་ལྟར་ཐོས་གྲོལ་གྱི་དགོས་ཆེད་བསྟན་ནས་ད་ནི་ཁྲོ་བོའི་བར་དོ་འཆར་ཚུལ་ངོ་སྤྲོད་པར་བྱ་སྟེ༔ དེ་ཡང་ཚེ་འདས་ཀྱི་མིང་ནས་ལན་གསུམ་བོས་ལ་འདི་སྐད་དོ༔ ཀྱེ་རིགས་ཀྱི་བུ༔ མ་ཡེངས་པར་ཉོན་ཅིག༔ ཁྱོད་ཀྱིས་གོང་དུ་ཞི་བའི་བར་དོ་ཤར་ཡང་ངོས་མ་ཟིན་པས་ད་དུང་འདིར་འཁྱམས་པ་ཡིན་ནོ༔ད་ནི་ཞག་བརྒྱད་པ་ལ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་འཆར་དུ་འོང་ངོ་༔ མ་ཡེངས་པར་ངོས་ཟིན་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ་༔ དཔལ་ཆེན་བུདྡྷ་ཧེ་རུ་ཀ་ཞེས་བྱ་བ་སྐུ་མདོག་སྨུག་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ༔ གཡས་ཞལ་དཀར་བ༔ གཡོན་ཞལ་དམར་བ༔ དབུས་སྨུག་ནག་དུ་ཡོད་པ༔ སྐུ་འོད་ཀྱི་ཕུང་པོ་འབར་བ༔ སྤྱན་དགུ་འཇིགས་པའི་སྡང་མིག་དུ་གཟིགས་པ༔ སྨིན་མ་གློག་བཞིན་དུ་འཁྱུག་པ༔ མཆེ་བ་ཟངས་ཡག་ཏུ་འབར་བ༔ ཨ་ལ་ལ་དང་༔ ཧ་ཧེའི་གད་རྒྱང་སྒྲོག་པ༔ ཤའུ་ཞེས་པ་དང་བཤུག་པའི་སྒྲ་ཆེན་པོ་སྒྲོག་པ༔ དབུ་སྐྲ་དམར་སེར་གྱེན་དུ་འཕྱོ་ཞིང་འབར་བ༔ ཉི་ཟླ་དང་ཐོད་སྐམ་གྱིས་དབུར་བརྒྱན་པ༔ སྦྲུལ་ནག་དང་ཐོད་རློན་གྱིས་སྐུ་ལ་བརྒྱན་པ༔ ཕྱག་དྲུག་གཡས་ཀྱི་དང་པོ་ན་འཁོར་ལོ༔ བར་བ་ན་དགྲ་སྟ༔ ཐ་མ་ན་རལ་གྲི༔ གཡོན་གྱི་དང་པོ་ན་དྲིལ་བུ༔ བར་བ་ན་བྷན་དྷ༔ ཐ་མ་ན་ཐོང་གཤོལ་བསྣམས་པ༔ ཡུམ་བྷུདྡྷ་ཀྲོ་ཏི་ཤྭ་རི་མ་སྐུ་ལ་འཁྲིལ་བ༔ གཡས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་པས་དུང་དམར་ཞལ་དུ་སྟོབ་པ༔ རྐན་སྒྲ་ཐུག་ཆོམ་དང་༔ འུར་སྒྲ་འབྲུག་ལྡིར་བ་ཙམ་སྒྲོག་པ༔ རྡོ་རྗེ་འབར་བའི་སྤུ་གསེབ་ནས་ཡེ་ཤེས་ཀྱི་མེ་འབར་བ༔ ཁྱུང་གིས་འདེགས་པའི་གདན་ལ་བརྐྱང་བསྐུམས་སུ་བཞུགས་པ ༔ རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་མངོན་སུམ་དེ་ཀ་ལྟར་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ མ་སྔངས་ཤིག༔ རང་རིག་པའི་སྐུར་ངོ་ཤེས་པར་གྱིས་ཤིག༔ ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་མ་སྐྲག་ཅིག༔དོན་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་དངོས་ཡིན་པས་མ་སྐྲག་ཅིག༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་༔ ཞེས་བསྒྲགས་པས་ཡི་དམ་དུ་ངོ་ཤེས་ནས་གཉིས་སུ་མེད་པར་ཐིམ་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ༔ཡང་དེ་ལ་སྔངས་སྐྲག་སྐྱེས་ཤིང་བྲོས་ནས་ངོ་མ་འཕྲོད་ན༔ ཡང་ཞག་དགུ་པ་ལ༔ ཁྲག་འཐུང་རྡོ་རྗེ་རིགས་ཀྱིས་བསུ་བ་ལ་ཡོང་བས་ངོ་སྤྲད་པ་ནི༔ ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་དོ༔ ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ ཞག་དགུ་བ་ལ་ཁྲག་འཐུང་རྡོ་རྗེ་རིགས་ཀྱིས༔ བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་ཞེས་བྱ་བ༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ༔ གཡས་དཀར་བ༔ གཡོན་དམར་བ༔ དབུས་མཐིང་བ༔ཕྱག་དྲུག་གཡས་ཀྱི་དང་པོ་ན་རྡོ་རྗེ༔ བར་བ་ན་བྷན་དྷ༔ ཐ་མ་ན་དགྲ་སྟྭ༔ གཡོན་གྱི་དང་པོ་ན་དྲིལ་བུ༔ བར་བ་ན་བྷན་དྷ༔ ཐ་མ་ན་ཐོང་གཤོལ༔ ཡུམ་བཛྲ་ཀྲོ་ཏི་ཤྭ་རི་མ་ཡབ་ཀྱི་སྐུ་ལ་འཁྲིལ་བ༔ གཡས་པས་འགུལ་ནས་འཁྱུད་ཅིང་༔ གཡོན་པས་དུང་དམར་ཞལ་དུ་སྟོབ་པ༔ རང་གི་ཀླད་པའི་ནང་གི་ཤར་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་༔ དེ་ལ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ མ་སྔངས་ཤིག༔ རང་གི་རིག་པའི་སྐུ་རུ་ངོ་ཤེས་པར་གྱིས་ཤིག༔ ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་མ་སྐྲག་ཅིག༔ དོན་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དངོས་ཡིན་པས་མོས་གུས་གྱིས་ཤིག༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་༔ ཞེས་བསྒྲགས་པས་ཡི་དམ་དུ་ངོ་ཤེས་ནས༔ གཉིས་སུ་མེད་པར་ཐིམ་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ༔ ཡང་ལས་སྒྲིབ་ཆེ་བ་རྣམས་དེ་ལ་སྔངས་སྐྲག་སྐྱེས་ནས་བྲོས་པས་ངོ་མ་འཕྲོད་ན༔ཞག་བཅུ་པ་ལ་ཁྲག་འཐུང་རིན་ཆེན་རིགས་ཀྱིས་བསུ་བ་ལ་འོང་པས༔ ཡང་ངོ་སྤྲད་པ་ནི༔ ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་དོ༔ ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ ཞག་བཅུ་པ་ལ་ཁྲག་འཐུང་རིན་ཆེན་རིགས་ཀྱི༔ བཅོམ་ལྡན་འདས་རཏྣ་ཧེ་རུ་ཀ་ཞེས་བྱ་བ༔སྐུ་མདོག་སེར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ༔ གཡས་དཀར་བ༔གཡོན་དམར་བ༔ དབུས་སེར་ནག་འབར་བ༔ ཕྱག་དྲུག་གཡས་ཀྱི་དང་པོ་ན་རིན་པོ་ཆེ༔ བར་མ་ན་ཁ་ཊྭཾ་ཀ༔ ཐ་མ་ན་བེ་ཅོན་བསྣམས་པ༔ གཡོན་གྱི་དང་པོ་ན་དྲིལ་བུ༔ བར་བ་ན་བྷན་དྷ༔ ཐ་མ་ན་དྲི་ཤུལ་བསྣམས་པ༔ ཡུམ་རཏྣ ་ཀྲོ་ཏི་ཤྭ་རི་མ་ཡབ་ཀྱི་སྐུ་ལ་འཁྲིལ་བ༔ གཡས་པས་མགུལ་ནས་འཁྱུད་ཅིང་༔ གཡོན་པས་དུང་དམར་ཞལ་དུ་སྟོབ་པ༔ རང་གི་ཀླད་པའི་ནང་གི་ལྷོ་ནས་ཐོན་རང་ལ་འཆར་དུ་འོང་བས༔དེ་ལ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ མ་སྔངས་ཤིག༔ རང་གི་རིག་པའི་སྐུ་རུ་ངོ་ཤེས་པར་གྱིས་ཤིག༔ ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་མ་སྐྲག་ཅིག༔ དོན་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དངོས་ཡིན་པས་མོས་པ་གྱིས་ཤིག༔ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་༔ ཅེས་བསྒྲགས་པས་ཡི་དམ་དུ་ངོ་ཤེས་ནས་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ༔ ཡང་དེ་ལྟར་ངོ་སྤྲད་ཅིང་བག་ཆགས་ངན་པས་ཕྱིར་འཁྲིད་དེ་སྔངས་སྐྲག་སྐྱེས་ནས་བྲོས་པས༔ ཡི་དམ་དུ་མ་ཤེས་པར་གཤིན་རྗེར་མཐོང་ནས་ངོ་མ་འཕྲོད་པས༔ ཡང་ཞག་བཅུ་གཅིག་པ་ལ་ཁྲག་འཐུང་པདྨ་རིགས་ཀྱིས་བསུ་བ་ལ་འོང་སྟེ༔ ཡང་ངོ་སྤྲད་པ་ནི༔ ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་དོ༔ ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ ཞག་བཅུ་གཅིག་པ་ཁྲག་འཐུང་པདྨ་རིགས་ཀྱི་བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་ཞེས་བྱ་བ༔ སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ༔ གཡས་དཀར་གཡོན་སྔོན༔ དབུས་དམར་ནག༔ ཕྱག་དྲུག་གཡས་ཀྱི་དང་པོ་ན་པདྨ༔ བར་བ་ན་ཁ་ཊྭཾ་ཀ༔ ཐ་མ་ན་དབྱུག་ཏོ༔ གཡོན་གྱི་དང་པོ་ན་དྲིལ་བུ༔བར་བ་ན་དྷན་དྷ་དམར་གྱིས་བཀང་བ༔ ཐ་མ་ན་རྔེའུ་ཆུང་བསྣམས་པ༔ ཡུམ་པདྨ་ཀྲོ་ཏི་ཤྭ་རི་མ་སྐུ་ལ་འཁྲིལ་བ༔ གཡས་པས་མགུལ་ནས་འཁྱུད་ཅིང་༔ གཡོན་པས་དུང་དམར་ཞལ་དུ་སྟོབ་པ༔ ཡབ་ཡུམ་ཞལ་སྦྱོར་བ་མངོན་སུམ་རང་གི་ཀླད་པའི་ནང་གི་ནུབ་ནས་ཐོན་རང་ལ་འཆར་དུ་འོང་པས་དེ་ལ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ མ་སྔངས་ཤིག༔ དྲན་པ་བསྐྱེད་ཅིག༔ རང་གི་རིག་པའི་སྐུར་ངོ་ཤེས་པར་གྱིས་ཤིག༔ ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་མ་སྐྲག་ཅིག༔ མ་སྔངས་ཤིག༔དོན་ལ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཡབ་ཡུམ་དངོས་ཡིན་པས་མོས་པ་གྱིས་ཤིག༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་༔ ཞེས་བསྒྲགས་པས་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་ནས་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ༔ ཡང་དེ་ལྟར་ངོ་སྤྲད་ཀྱང་བག་ཆགས་ངན་པས་ཕྱིར་ཁྲིད་དེ༔ སྔངས་སྐྲག་སྐྱེས་ནས་བྲོས་པས་ཡི་དམ་དུ་ངོ་མ་འཕྲོད་པ་སྲིད་པས༔ ཡང་ཞག་བཅུ་གཉིས་པ་ལ༔ ཁྲག་འཐུང་ལས་ཀྱི་རིགས་ཀྱི་ལྷ་ཚོགས་དང་༔ ཀོའུ་རི་མ་དང་༔ ཕྲ་མེན་མ་དང་༔ དབང་ཕྱུག་མ་རྣམས་བསུ་བ་ལ་འོང་སྟེ༔ ངོ་མི་ཤེས་པར་སྐྲག་ཏུ་འོང་བས༔ངོ་སྤྲད་པ་ནི༔ ཡང་ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་དོ༔ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ ཞག་བཅུ་གཉིས་སོང་བའི་དུས་སུ་ཁྲག་འཐུང་ལས་ཀྱི་རིགས་ཀྱི་བཅོམ་ལྡན་འདས་ཀརྨཱ་ཧེ་རུ་ཀ་ཞེས་བྱ་བ་སྐུ་མདོག་ལྗང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ༔ གཡས་དཀར་གཡོན་དམར༔དབུས་ལྗང་ནག་རྔམ་པ༔ ཕྱག་དྲུག་གཡས་ཀྱི་དང་པོ་ན་རལ་གྲི༔ བར་པ་ན་ཁ་ཊྭཱཾ་ཀ༔ཐ་མ་ན་དབྱུག་ཏོ༔ གཡོན་གྱི་དང་པོ་ན་དྲིལ་བུ༔ བར་པ་ན་བྷན་དྷ༔ ཐ་མ་ན་ཐོང་གཤོལ་བསྣམས་པ༔ ཡུམ་ཀརྨཱ་ཀྲོ་ཏུ་ཤྭ་རི་མ་ཡབ་ཀྱི་སྐུ་ལ་འཁྲིལ་བ༔ གཡས་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་དུང་དམར་ཞལ་དུ་སྟོབ་པ༔ ཡབ་ཡུམ་ཞལ་སྦྱོར་མངོན་སུམ་དུ་རང་གི་ཀླད་པའི་ནང་གི་བྱང་ནས་ཐོན་ནས་རང་ལ་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ མ་སྔངས་ཤིག༔ རང་གི་རིག་པའི་སྐུར་ངོ་ཤེས་པར་གྱིས་ཤིག༔ ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་མ་སྐྲག་ཅིག༔ དོན་ལ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡབ་ཡུམ་དངོས་ཡིན་ནོ༔ མོས་པ་དང་གུས་པ་དུང་དུང་གྱིས་ཤིག༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་༔ ཞེས་བསྒྲགས་པས་ཡི་དམ་དུ་ངོ་ཤེས་ནས་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ༔ དེ་དག་བླ་མའི་གདམ་ངག་གིས་རང་སྣང་རིག་པའི་རྩལ་དུ་ངོ་ཤེས་པས༔ དཔེར་ན་སེང་གེའི་གསོབ་མཐོང་བ་ལྟ་བུར་གྲོལ་ཏེ༔ དེ་ཡང་སེང་གེའི་གསོབ་དེ་ལྟར་ཡིན་གྱི༔ དོན་མ་རྟོགས་ན་སྔངས་སྐྲག་སྐྱེ་སྟེ༔ མི་གཅིག་གིས་འདི་ལྟར་ཡིན་གྱིས་ངོ་སྤྲད་པས་མཚང་རིག་སྟེ༔ འཇིགས་པ་དང་བྲལ་བ་འདྲ་བར་འདིར་ཡང་ཁྲག་འཐུང་གི་ལྷ་ཚོགས་སྐུ་ཆེ་ལ་ཡན་ལག་རགས་པ༔ ནམ་མཁའི་ཁམས་དང་མཉམ་པ་འཆར་བའི་ཚེ༔ངེས་པར་སྔངས་སྐྲག་སྐྱེས་ཏེ༔ ངོ་སྤྲོད་འདི་ཐོབ་མ་ཐག་ཏུ་རང་སྣང་ངམ༔ ཡི་དམ་དུ་ངོ་ཤེས་ཏེ་སྔར་གོམས་པའི་འོད་གསལ་མ་དང་༔ ཕྱིས་ཤར་བའི་རང་བྱུང་གི་འོད་གསལ་མ་བུ་གཉིས་འདྲེས་ཏེ༔རང་ལ་རང་ཤར་རང་གྲོལ་དུ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར༔ རང་རིག་རང་གསལ་རང་གྲོལ་དུ་འགྱུར་རོ༔ འདིས་ངོ་སྤྲོད་མ་ཐོབ་ན༔ གང་ཟག་བཟང་པོ་ཡིན་ཀྱང་༔ འདི་ནས་ཕྱིར་ལོག་སྟེ༔འཁོར་བར་འཁྱམ་མོ༔ དེ་ནས་ཀོའུ་རཱི་བརྒྱད་ཀྱི་ཁྲོ་མོ་དང་༔ ཕྲ་མེན་མགོ་བརྙན་སྣ་ཚོགས་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་ཤར་དུ་འོང་བས་༔ ཡང་ངོ་སྤྲད་པ་ནི༔ ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་དོ༔ ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ རང་གི་ཀླད་པའི་ནང་ནས་ཀོ་རཱི་མ་མོ་བརྒྱད་ཐོན་ནས་རང་ལ་འཆར་དུ་འོང་ངོ་༔ དེ་ལ་མ་འཇིགས་ཤིག༔རང་གི་ཀླད་པའི་ཤར་ནས་ཀོའུ་རཱི་མ་དཀར་མོ༔ གཡས་ན་ཞིང་གི་དབྱུག་ཏོ་ཐོགས་པ༔ གཡོན་ན་བྷན་དྷ་དམར་གྱིས་བཀང་བ་བསྣམས་ནས་རང་ལ་འཆར་དུ་འོང་ངོ་༔མ་འཇིགས་ཤིག༔ ལྷོ་ནས་ཙོའུ་རཱི་སེར་མོ་མདའ་གཞུ་འགེངས་པ་དང་༔ ནུབ་ནས་ཕྲ་མེན་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པ་དང་༔ བྱང་ནས་བེ་ཏ་ལཱི་ནག་མོ་རྡོ་རྗེ་དང་བྷན་དྷ་དམར་གྱིས་བཀང་བ་བསྣམས་པ་དང་༔ ཤར་ལྷོ་ནས་པུསྐ་སཱི་དམར་སེར་གཡས་པས་རྒྱུ་མ་བཟུང་ནས་གཡོན་པས་ཞལ་དུ་གསོལ་བ༔ ལྷོ་ནུབ་ཏུ་ཀསྨ་རཱི་ལྗང་ནག་གཡོན་པས་བྷན་དྷ་ཁྲག་གིས་བཀང་བ་བཟུང་ནས་གཡས་པས་རྡོ་རྗེས་དཀྲུག་ཅིང་ཞལ་དུ་གསོལ་བ་དང་༔ ནུབ་བྱང་ནུ་ཙན་དྷ་ལཱི་སེར་སྐྱ་མགོ་ལུས་ཕྲལ་བ༔ གཡས་པས་ཙིཏྟ་བསྣམས་ནས་གཡོན་པས་ལུས་པོ་ཟ་བ་དང་༔ བྱང་ཤར་དུ་སྨེ་ཤ་ནཱི༔ མཐིང་ནག་ཞིང་གི་མགོ་ལུས་ཕྲལ་ནས་ཟ་བ་དང་༔ གནས་ཀྱི་ཀོའུ་རཱི་མ་བརྒྱད་པོ་ཡང་ཁྲག་འཐུང་ཡབ་ལྔ་བསྐོར་ནས་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ དེའི་ཕྱི་རིམ་ནས་ཡུལ་གྱི་ཕྲ་མེན་བརྒྱད་ཐོན་ནས་རང་ལ་འཆར་དུ་འོང་ངོ་༔ཤར་ནས་སེང་ཧ་མུ་ཀ་སྨུག་ནག་སེང་མགོ་ཅན་ལག་པ་གཉིས་བྲང་ཁར་བསྣོལ་ནས་ཁའི་ནང་དུ་རོ་ཐོགས་ཏེ་རལ་བ་བསིགས་པ་དང་༔ལྷོ་ནས་བྱ་ཀྲི་མུ་ཀ་དམར་མོ་སྟག་གི་མགོ་ཅན་ལག་གཉིས་མཐུར་དུ་བསྣོལ་ནས་མིག་འབྲུ་ཚུགས་སུ་ལྟ་ཞིང་མཆེ་བ་གཉེར་བ་དང་༔ ནུབ་ནས་སྲི་ལ་མུ་ཀ་ནག་མོ་ཝ་མགོ་ཅན་གཡས་པས་སྤུ་གྲི་ཐོགས་ནས་༔ གཡོན་པས་རྒྱུ་མ་བཟུང་ཞིང་ཟ་བ་དང་༔ ཁྲག་ལྡག་པ༔ བྱང་ནས་ཤྭ་ན་མུ་ཀ་མཐིང་ནག་སྤྱང་མགོ་ཅན་ལག་པ་གཉིས་ཀྱིས་རོ་ཁར་ཁྱེར་ནས་མིག་འབྲུ་ཚིགས་སུ་ལྟ་བ་དང་༔ ཤར་ལྷོར་ཀྲི་ཏ་མུ་ཀ་དཀར་སེར་བྱ་རྒོད་མགོ་ཅན་ཞིང་ཆེན་ཕྲག་ལ་ཁུར་ནས་ཀེང་རུས་ལག་ཏུ་ཐོགས་པ་དང་༔ ལྷོ་ནུབ་ནས་ཀང་ཀ་མུ་ཀ་དམར་ནག་དུར་བྱའི་མགོ་ཅན་ཞིང་ཆེན་ཕྲག་ལ་ཁུར་བ་དང་༔ ནུབ་བྱང་ནས་ཁ་ཁཱ་མུ་ཀ་ནག་མོ་བྱ་རོག་མགོ་ཅན་གཡོན་དུ་བྷན་དྷ་ཐོགས་ནས་གཡས་རལ་གྲི་ཐོགས་ཏེ༔ གློ་སྙིང་ཟ་བ་དང་༔ བྱང་ཤར་ནས་ཧུ་ལུ་མུ་ཀ་མཐིང་ནག་འུག་པའི་མགོ་ཅན་གཡས་སུ་རྡོ་རྗེ་ཐོགས་ནས༔ གཡོན་པས་དུང་ཁྲག་འཐུང་བ་དང་༔ ཡུལ་གྱི་ཕྲ་མེན་བརྒྱད་པོ་དེ་ཡང་ཁྲག་འཐུང་ཡབ་ལྔ་ལ་བསྐོར་ནས༔ རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ གང་ཤར་ཐམས་ཅད་རང་སྣང་རིག་པའི་ངང་དུ་ངོ་ཤེས་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ་སྒོ་མ་བཞི་ཡང་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་བས་ངོ་ཤེས་པར་གྱིས་ཤིག༔ རང་གི་ཀླད་པའི་ཤར་ནས་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན་པ་ཤར་དུ་འོང་ངོ་༔ ལྷོ་ནས་ཕག་གདོང་མ་སེར་མོ་ཞགས་པ་འཛིན་པ་དང་༔ ནུབ་ནས་སེང་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ་དང་༔ བྱང་ནས་སྤྲུལ་གདོང་མ་ལྗང་ཁུ་དྲིལ་བུ་འཛིན་པ་དང་༔ སྒོ་མ་བཞི་ཡང་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་༔ ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ་ཧེ་རུ་ཀ་དྲག་པོའི་ལྷ་སུམ་ཅུ་ཐམ་པའི་ཕྱི་རིམ་དུ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་མགོ་བརྙན་སྣ་ཚོགས་དང་བཅས་ཏེ༔ མཚོན་ཆ་སྣ་ཚོགས་པ་ཐོགས་ནས་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་༔ དེ་ལ་མ་འཇིགས་པར་གང་ཤར་ཐམས་ཅད་རང་སྣང་རིག་པའི་རྩལ་དུ་ངོ་ཤེས་པར་གྱིས་ཤིག༔ དོན་ཆེན་འགགས་ལ་ཐུག་པའི་དུས་ཚོད་འདིར༔ བླ་མའི་གདམས་ངག་དྲན་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ་ཤར་ནས་སྲིན་མོ་སྨུག་ནག་གཡག་མགོ་མ༔ ལག་ན་རྡོ་རྗེ་ཐོགས་པ་དང་ཚངས་པ་དམར་སེར་སྦྲུལ་མགོ་མ༔ལག་ན་འཁོར་ལོ་འཛིན་པ་དང་༔ ལྷ་ཆེན་ལྗང་ནག་གཟིག་མགོ་མ་ལག་ན་ཏྲི་ཤུལ་ཐོགས་པ་དང་༔ གཏོགས་འདོད་སྔོན་མོ་སྲེ་མོང་མགོ་ཕྱག་ན་འཁོར་ལོ་འཛིན་པ་དང་༔ གཞོན་ནུ་དམར་མོ་དྲེད་མགོ་མ་ལག་ན་མདུང་ཐུང་འཛིན་པ་དང་༔ བརྒྱ་བྱིན་དཀར་མོ་དོམ་མགོ་མ་ལག་ན་རྒྱུ་ཞགས་ཐོགས་པ་དང་༔ ཤར་གྱི་རྣལ་འབྱོར་མ་དྲུག་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ ཀྱེ་རིགས་ཀྱི་བུ་ལྷོ་ནས་རྡོ་རྗེ་སེར་མོ་ཕག་མགོ་མ་ལག་ན་སྤུ་གྲི་ཐོགས་པ་དང་༔ ཞི་བ་དམར་མོ་ཆུ་སྲིན་མགོ་ལག་ན་བུམ་པ་ཐོགས་པ་དང་༔ བདུད་རྩི་དམར་མོ་སྡིག་པའི་མགོ་ལག་ན་པདྨ་ཐོགས་པ་དང་༔ ཟླ་བ་དཀར་མོ་ཁྲའི་མགོ་ལག་ན་རྡོ་རྗེ་ཐོགས་པ་དང་༔ བེ་ཅོན་ལྗང་ནག་ཝའི་མགོ་ལག་ན་དབྱུག་ཏོ་ཕྱར་བ་དང་༔ སྲིན་མོ་སེར་ནག་སྟག་གི་མགོ་ལག་ན་ཐོད་ཁྲག་ཐོགས་པ་དང་༔ ལྷའི་རྣལ་འབྱོར་མ་དྲུག་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་ཡོང་ངོ་༔ དེ་ལ་མ་འཇིགས་ཤིག༔ ཀྱེ་རིགས་ཀྱི་བུ་ནུབ་ནས་ཟ་བ་ལྗང་ནག་བྱ་རྒོད་མགོ་ལག་ན་བེ་ཅོན་ཐོགས་པ་དང་༔ དགའ་བ་དམར་མོ་རྟའི་མགོ་ལག་ན་ཁོག་ཆེན་ཐོགས་པ་དང་༔ སྟོབས་ཆེན་དཀར་མོ་ཁྱུང་གི་མགོ་ལག་ན་དབྱུག་ཏོ་ཐོགས་པ་དང་༔ སྲིན་མོ་དམར་མོ་ཁྱིའི་མགོ་ལག་ན་རྡོ་རྗེ་སྤུ་གྲིས་གཅོད་པ་དང་༔ འདོད་པ་དམར་མོ་པུ་ཤུད་མགོ་ལག་ན་མདའ་གཞུ་འགེངས་པ་དང་༔ ནོར་སྲུངས་དམར་ལྗང་ཤ་བའི་མགོ་ལག་ན་བུམ་པ་འཛིན་པ་དང་༔ ནུབ་ཀྱི་རྣལ་འབྱོར་མ་དྲུག་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ ཀྱེ་རིགས་བུ་བྱང་ནས་རླུང་ལྷ་སྔོན་མོ་སྤྱང་ཀིའི་མགོ་ལག་ན་བ་དན་ཕྱར་བ་དང་༔ མི་མོ་དམར་མོ་སྐྱིན་གྱི་མགོ་ལག་ན་གསལ་ཤིང་འཛིན་པ་དང་༔ ཕག་མོ་ནག་མོ་ཕག་གི་མགོ་ལག་ན་མཆེ་ཞགས་བསྣམས་པ་དང་༔ རྡོ་རྗེ་དམར་མོ་ཁྭ་ཏའི་མགོ་ལག་ན་ཞིང་ཆུང་འཛིན་པ་དང་༔ སྣ་ཆེན་ལྗང་ནག་གླང་ཆེན་མགོ་ལག་ན་བམ་ཆེན་ཐོགས་ཤིང་ཐོད་ཁྲག་འཐུང་བ་དང་༔ ཆུ་ལྷ་སྔོན་མོ་སྦྲུལ་གྱི་མགོ་ལག་ན་སྦྲུལ་ཞགས་བསྣམས་པ་དང་༔ བྱང་གི་རྣལ་འབྱོར་མ་དྲུག་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ སྒོ་མ་རྣལ་འབྱོར་མ་བཞི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་༔ ཤར་ནས་རྡོ་རྗེ་དཀར་མོ་ཁུ་བྱུག་གི་མགོ་ཅན་ལག་ན་ལྕགས་ཀྱུ་འཛིན་པ་དང་༔ ལྷོ་ནས་རྡོ་རྗེ་སེར་མོ་ར་མགོ་མ་ལག་ན་ཞགས་པ་འཛིན་པ་དང་༔ ནུབ་ནས་རྡོ་རྗེ་དམར་མོ་སེང་མགོ་མ་ལག་ན་ལྕགས་སྒྲོག་འཛིན་པ་དང་༔ བྱང་ནས་རྡོ་རྗེ་ལྗང་ནག་སྦྲུལ་མགོ་མ་ལག་ན་དྲིལ་བུ་འཛིན་པ་དང་༔ རྣལ་འབྱོར་མ་སྒོ་མ་བཞི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་༔ དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱང་༔ ཧེ་རུ་ཀ་དྲག་པོའི་ལྷ་རང་བྱུང་གི་སྐུའི་རང་རྩལ་ལས་རང་ཤར་བ་ཡིན་པས༔ ངོ་ཤེས་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ༔ ཆོས་སྐུ་སྟོང་པའི་ཆ་ལས་ཞི་བའི་ལྷ་རུ་ཤར་བ་ཡིན་ནོ༔ ངོ་ཤེས་པར་གྱིས་ཤིག༔ ལོངས་སྐུ་གསལ་བའི་ཆ་ལས་ཁྲོ་བོའི་ལྷ་རུ་འཆར་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག རང་གི་ཀླད་པའི་ནང་ནས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་ཐོན་ནས་རང་ལ་འཆར་བའི་དུས་འདིར་གང་ཤར་ཐམས་ཅད་རང་གི་རིག་པའི་རང་མདངས་ལས་ཤར་བ་ཤེས་ན༔ དེ་མ་ཐག་དུ་ཁྲག་འཐུང་གི་སྐུ་དང་གཉིས་སུ་མེད་པར་སངས་རྒྱས་སོ༔ ཀྱེ་རིགས་ཀྱི་བུ༔ དེ་ལྟར་ངོ་མ་ཤེས་ན་ཁྱེད་དེ་རྣམས་ལ་ཞེད་ཅིང་བྲེད་པས་སླར་སྡུག་བསྔལ་གྱིས་ནོན་པར་འགྲོའོ༔ དེ་ལྟར་ངོ་མ་ཤེས་ན་ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་གཤིན་རྗེ་རུ་མཐོང་ནས་ཁྲག་འཐུང་གི་ལྷ་ལ་འཇིགས་སོ༔ སྔངས་སོ༔ སྐྲག་གོ༔ བརྒྱལ་ལོ༔ རང་སྣང་བདུད་དུ་སོང་ནས་འཁོར་བར་འཁྱམ་མོ༔ མ་ཞེན་མ་སྐྲག་ན་འཁོར་བར་མི་འཁྱམ་མོ༔ ཀྱེ་རིགས་ཀྱི་བུ༔ཞི་བ་དང་ཁྲོ་བོའི་སྐུ་དེ་རྣམས་ཀྱང་༔ ཆེ་བ་ནམ་མཁའི་མཐའ་དང་མཉམ་པ༔ འབྲིང་རྣམས་ནི་རི་རབ་ཙམ་པ༔ ཐ་མ་ཡང་རང་ལུས་བཅོ་བརྒྱད་བརྩེགས་པ་ཙམ་འབྱུང་བས༔ དེ་ལ་མ་སྐྲག་ཅིག༔ སྣང་སྲིད་ཐམས་ཅད་འོད་དང་སྐུ་རུ་འཆར་རོ༔ སྣང་བ་ཐམས་ཅད་འོད་དང་སྐུ་རུ་འཆར་བ་དེ་རང་གི་རིག་པའི་རང་མདངས་སུ་ངོ་ཤེས་ནས༔རང་མདངས་རང་འོད་དང་སྐུ་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་སོ༔ བུ་ཁྱོད་མཐོང་སྣང་འཇིགས་སྐྲག་གི་སྣང་བ་གང་བྱུང་ཡང་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག༔འོད་གསལ་རང་རིག་རང་མདངས་སུ་ངོ་ཤེས་པར་གྱིས་ཤིག༔ དེ་ལྟར་ངོ་ཤེས་ན་ད་ལྟ་རང་ལ་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ ཞེས་བྱ་བ་དེ་ད་རེས་འབྱུང་བ་ཡིན་ནོ༔ ཡིད་ལ་དྲན་པར་གྱིས་ཤིག༔ ཀྱེ་རིགས་ཀྱི་བུ༔ རང་གི་ད་ལྟ་ངོ་མ་ཤེས་ནས་སྐྲག་ན༔ ཞི་བའི་སྐུ་ཐམས་ཅད་མགོན་པོ་ནག་པོའི་སྐུར་ཤར་རོ༔ ཁྲོ་བོའི་སྐུ་ཐམས་ཅད་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་རུ་ཤར་ནས་རང་སྣང་བདུད་དུ་སོང་ནས་འཁོར་བར་འཁྱམ་མོ༔ ཀྱེ་རིགས་ཀྱི་བུ༔ རང་སྣང་ངོ་མ་ཤེས་ན༔ བཀའ་མདོ་རྒྱུད་ཐམས་ཅད་ལ་མཁས་ཤིང་བསྐལ་བར་ཆོས་བྱས་ཀྱང་སངས་མི་རྒྱའོ༔ རང་སྣང་ངོ་ཤེས་ན་གནད་གཅིག་དང་ཚིག་གཅིག་གིས་སངས་རྒྱས་སོ༔ རང་སྣང་ངོ་མ་ཤེས་ན་ཤི་མ་ཐག་ཏུ་ཆོས་ཉིད་བར་དོར་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་འཆར་རོ༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་ཆེ་བ་ནི་ནམ་མཁའི་མཐའ་དང་མཉམ་པ༔ འབྲིང་བ་ནི་རི་རབ་ཙམ་གྱིས་འཇིག་རྟེན་གྱི་ཁམས་གང་ནས་འོང་ངོ་༔ དེ་ཡང་ཡ་སོས་མ་མཆུ་མནན་པ༔ མིག་ཤེལ་མིག་དུ་ཡོད་པ༔ སྐྲ་སྤྱི་བོར་བཅིང་བ༔ གསུས་པ་ཆེ་བ༔ སྐེ་ཕྲ་བ༔ ལག་ན་ཁྲམ་ཤིང་ཐོགས་པ༔ ཁ་ནས་རྒྱོབ་སོད་ཀྱི་སྒྲ་སྒྲོག་པ༔ ཀླད་པ་འཐུང་བ༔ མགོ་ལུས་ཕྲལ་བ༔ དོན་སྙིང་འདོན་པ༔ དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་གང་ནས་འོང་ངོ་༔ ཀྱེ་རིགས་ཀྱི་བུ༔ དེ་ལྟ་བུའི་སྣང་བ་ཤར་ནས་བྱུང་བའི་ཚེ༔ ཁྱོད་འཇིགས་པ་དང་སྐྲག་པ་མ་བྱེད་ཅིག༔ ཁྱོད་རང་བག་ཆགས་ཡིད་ཀྱི་ལུས་ཡིན་པས༔ བསད་པ་དང་༔ གཏུབ་པ་བྱུང་ཡང་འཆི་རྒྱུ་མེད་དོ༔ དོན་ལ་ཁྱོད་སྟོང་པའི་རང་གཟུགས་ཡིན་པས་བྲེད་སྔངས་མི་དགོས་སོ༔ གཤིན་རྗེ་རྣམས་ཀྱང་རང་གི་རིག་པའི་རང་མདངས་ལས་ཤར་བ་ཡིན་པས༔ དངོས་པོ་ཅན་དུ་གྲུབ་པ་མེད་དོ༔ སྟོང་པ་ཉིད་ལ་སྟོང་ཉིད་ཀྱིས་གླགས་མི་རྙེད་དོ༔ ཁྱོད་རང་གི་རིག་པའི་རང་རྩལ་ལས་ཤར་བ་མ་གཏོགས་པ༔ ཕྱི་རོལ་ན་ཞི་བ་དང་ཁྲོ་བོ་དང་༔ ཁྲག་འཐུང་དང་༔ མགོ་བརྙན་དང་༔ འཇའ་འོད་དང་༔ གཤིན་རྗེའི་གཟུགས་འཇིགས་འཇིགས་ལ་སོགས་པ༔ དངོས་སུ་གྲུབ་པ་མེད་པར་ཐག་ཆོད་དོ༔ དེ་ལྟར་ཤེས་ན་འཇིགས་སྐྲག་ཐམས་ཅད་རང་སར་གྲོལ་ནས༔ གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ༔ དེ་ལྟར་མ་ཤེས་ནའང་ཡི་དམ་གྱི་ལྷ་ཡིན་ནོ༔ བདག་བར་དོའི་འཕྲང་ལ་བསུ་བ་ལ་འབྱོན་པར་འདུག་གོ༔ སྐྱབས་སུ་མཆིའོ༔ སྙམ་པའི་མོས་པ་དུང་དུང་མཛོད་ཅིག༔ དཀོན་མཆོག་གསུམ་རྗེས་སུ་དྲན་པར་གྱིས་ཤིག༔ ཁྱོད་རང་གི་ཡི་དམ་གྱི་ལྷ་གང་ཡིན་པ་དེ་དྲན་པར་གྱིས་ཤིག༔ མཚན་ནས་བོས་ཤིག༔ བདག་བར་དོ་འཁྱམས་ནས་ཡོད་པས་ར་མདའ་མཛོད་ཅིག༔ ཐུགས་རྗེས་ཟུངས་ཤིག༔ ཡི་དམ་རིན་པོ་ཆེ་ཞེས་བོས་ལ་གསོལ་བ་ཐོབ་ཅིག༔ ཁྱོད་རང་གི་བླ་མའི་མཚན་ནས་བརྗོད་ལ་བར་དོར་འཁྱམས་ནས་ཡོད་པས་ར་མདའ་མཛོད་ཅིག༔ ཐུགས་རྗེས་མ་གཏང་གྱིས་ལ་གསོལ་བ་ཐོབ་ཅིག༔ ཁྲག་འཐུང་གི་ལྷ་ཚོགས་ལ་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག༔ སྨོན་ལམ་འདི་ཡང་ཐོབ་ཅིག༔ ཀྱེ་མ་བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྔངས་སྐྲག་འཇིགས་སྣང་སྤངས་པའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ དགའ་བའི་གྲོགས་དང་བྲལ་ནས་གཅིག་པར་འཁྱམས༔རང་སྣང་སྟོང་བའི་གཟུགས་བརྙན་འཆར་དུས་དེར༔ སངས་རྒྱས་རྣམས་ཀྱིས་ཐུགས་རྗེས་ཤུགས་ཕྱུངས་ནས༔ སྔངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོག༔ ཡེ་ཤེས་གསལ་བའི་འོད་ལྔ་འཆར་དུས་འདིར༔ མི་འཇིགས་མི་སྐྲག་རང་ངོ་ཤེས་པར་ཤོག༔ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར་དུས་འདིར༔ མི་འཇིགས་གདེངས་ཐོབ་བར་དོ་ངོ་ཤེས་ཤོག༔ ལས་ངན་དབང་གིས་སྡུག་བསྔལ་མྱོང་ཙ་ན༔ ཡི་དམ་ལྷ་ཡིས་སྡུག་བསྔལ་སེར་ཤོག༔ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙ་ན༔ ཐམས་ཅད་ཡིག་དྲུག་སྒྲ་རུ་འགྱུར་བར་ཤོག༔ སྐྱབས་མེད་ལས་ཀྱི་རྗེས་སུ་འབྲང་དུས་འདིར༔ ཐུགས་རྗེ་ཆེན་པོས་བདག་ལ་བསྐྱབ་ཏུ་གསོལ༔ བག་ཆགས་ལས་ཀྱིས་སྡུག་བསྔལ་མྱོང་དུས་འདིར༔ འོད་གསལ་བདེ་བའི་ཏིང་འཛིན་འཆར་བར་ཤོག༔ འབྱུང་ལྔའི་ཁམས་རྣམས་སྒྲ་རུ་མི་སྡང་ཞིང་༔ སངས་རྒྱས་རིགས་ལྔའི་ཞིང་ཁམས་མཐོང་བར་ཤོག༔ཅེས་དེ་སྐད་མོས་གུས་དྲག་པོ་དང་བཅས་པས་སྨོན་ལམ་ཐོབ་ཅིག༔ འཇིགས་སྐྲག་ཐམས་ཅད་ཡལ་ནས་ངེས་པར་ལོངས་སྐུར་སངས་རྒྱས་པར་འགྱུར་བས་གལ་ཆེའོ༔མ་ཡེངས་ཤིག༔ ཅེས་ལན་གསུམ་མམ་བདུན་གྱི་བར་དུ་བརྗོད་དོ༔ དེས་ནི་སྡིག་པ་ཇི་ལྟར་ཆེ་ཞིང་ལས་འཕྲོ་ནི་ཇི་ལྟར་ངན་ཡང་མི་གྲོལ་མི་སྲིད་དོ༔ འདི་རྣམས་ཇི་ལྟར་བྱས་ཀྱང་ངོ་མ་འཕྲོད་ན༔བར་དོ་གསུམ་པ་སྲིད་པ་བར་དོར་འཁྱམས་དགོས་པས༔ ༈ དེའི་ངོ་སྤྲོད་འོག་ཏུ་ཞིབ་པར་བསྟན་ཏོ༔སྤྱིར་གོམས་འདྲིས་ཆེ་ཆུང་གང་ལའང་འཆི་ཁར་བག་རེ་ཙམ་འཁྲུལ་བ་མང་པས་ཐོས་གྲོལ་འདི་མེད་པའི་ཐབས་མེད་དོ༔ གོམས་པ་ཆེ་བ་རྣམས་ལ་བེམ་རིག་བྲལ་ནས་ཆོས་ཉིད་ལམ་གྱིས་འོང་ངོ་༔གསོན་པོའི་དུས་སུ་རིག་ཐོག་ཏུ་ངོ་འཕྲོད་པ་དང་༔ ཉམས་མྱོང་ཡོད་པ་རྣམས་འཆི་ཁའི་བར་དོར་འོད་གསལ་ཤར་བའི་དུས་སུ༔ སྟོབས་ཤིན་ཏུ་ཆེ་བས༔ གསོན་པོའི་དུས་ཉམས་ལེན་གལ་ཆེའོ༔ ཡང་གསོན་པོའི་དུས་སུ་གསང་སྔགས་ཀྱི་ལྷའི་བསྐྱེད་རྫོགས་བསྒོམས་པ་རྣམས་ནི་ཆོས་ཉིད་བར་དོ་ལ་ཞི་ཁྲོའི་སྣང་བ་ཤར་བའི་དུས་སུ་སྟོབས་ཤིན་ཏུ་ཆེ་བར་ཡོད་དོ༔ དེ་བས་ན་གསོན་པོའི་དུས་སུ་ཡང་ཁྱད་པར་བར་དོ་ཐོས་གྲོལ་འདི་ཡིད་ལ་ཤིན་ཏུ་བྱང་བར་བྱེད་པ་ནི་གལ་ཆེའོ༔ འདི་བཅང་བར་བྱའོ༔ཀུན་ཆུབ་པར་བྱའོ༔ ཀླག་པར་བྱའོ༔ ཚུལ་བཞིན་དུ་ཡིད་ལ་བྱའོ༔ དུས་གསུམ་དུ་མ་ཆགས་པར་བཀླག་བྱའོ༔ཚིག་དོན་ཡིད་ལ་ཤིན་ཏུ་གསལ་བར་བྱའོ༔ གཤེད་མ་བརྒྱའི་དེད་ནས་བྱུང་ཡང་འདིའི་ཚིག་དོན་ཡིད་ལ་མ་བརྗེད་པར་བྱའོ༔ འདི་ནི་ཐོས་གྲོལ་ཆེན་མོ་ཞེས་བྱ་བ་ཡིན་པས༔ མཚམས་མེད་པ་ལྔ་བསགས་པའི་མིའི་རྣ་ལམ་དུ་ཐོས་ན་ཡང་༔ ངེས་པར་གྲོལ་བར་འགྱུར་རོ༔ དེའི་ཕྱིར་ཁྲོམ་ཆེན་པོའི་ནང་དུ་བཀླག་པར་བྱའོ༔ སྤེལ་བར་བྱའོ༔ དེ་ལྟར་ལན་གཅིག་ཚོར་བས་དོན་མ་རྟོགས་ཀྱང་༔ བར་དོའི་རིག་པ་དགུ་འགྱུར་གྱིས་གསལ་དུ་འགྲོ་བས་དེའི་དུས་སུ་ཚིག་གཅིག་ཀྱང་མ་བརྗེད་པར་དྲན་པར་འགྱུར་རོ༔ དེའི་ཕྱིར་ན་གསོན་པོའི་དུས་སུ་ཀུན་གྱི་རྣ་བར་བསྒྲགས་པར་བྱའོ༔ ནད་པ་ཀུན་གྱི་སྔས་སུ་བཀླག་པར་བྱའོ༔ ཤི་བའི་རོ་ཐམས་ཅད་ཀྱི་རྩར་བཀྲག་པར་བྱའོ༔ རྒྱ་ཆེར་སྤེལ་བར་བྱའོ༔ འདི་དང་འཕྲད་པ་ནི་སྐལ་བ་ཤིན་ཏུ་བཟང་པ་ཡིན་ནོ༔ ཚོགས་བསགས་ཤིང་༔ སྒྲིབ་པ་བྱང་བ་རྣམས་མ་གཏོགས་པ་འདི་དང་འཕྲད་པར་དཀའོ༔ གལ་ཏེ་ཕྲད་ན་ཡང་བློར་ཤོང་པར་དཀའོ། །འདི་ཐོས་ནས་ལོག་ལྟ་མ་སྐྱེས་པ་ཁོ་ནས་གྲོལ་བར་འགྱུར་རོ༔ དེའི་ཕྱིར་འདི་ལ་ཤིན་ཏུ་གཅེས་སྤྲས་སུ་བྱའོ༔ འདི་ནི་ཆོས་ཐམས་ཅད་ཀྱི་བཅུད་ཡིན་ནོ༔ བར་དོའི་གདམས་པ་ཐོས་པ་ཙམ་གྱིས་གྲོལ་བ༔ བལྟས་པ་ཙམ་གྱིས་གྲོལ་བ༔ བར་དོ་ཐོས་གྲོལ་ཆེན་མོ་ཞེས་བྱ་བ༔ ཆོས་ཉིད་བར་དོའི་ངོ་སྤྲོད་རྫོགས་སོ༔ གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་ཀྱི་ཐུ་བོ༔ གྲུབ་ཐོབ་ཀརྨ་གླིང་པས་ཆུ་བོ་གསེར་ལྡན་གྱི་འགྲམ་སྒམ་པོ་གདར་གྱི་རི་བོ་རི་ལྷ་བྲན་གྱིས་གར་བྱེད་པ་འདྲ་བའི་གཏེར་ནས་གསང་སྟེ་གདན་དྲངས་པའོ༔ དེས་སྲས་ཆོས་རྗེ་གླིང་པ་ལ་བཀའ་ལུང་གཏད་དོ༔ དེས་གུ་རུ་སུརྱ་ཙནྟྲ་རསྨི་ལ་བཀའ་བབས་པ་ལགས་སོ༔ དེའི་དྲུང་དུ་བདག་ག་ག་དྷརྨ་པ་མུ་དྲས་གུས་པར་ཞུས་སོ༔ འདི་བྲིས་དགེ་བས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡིན་རིང་དུ་གནས་པར་གྱུར་ཅིག༔