ཆོས་ཁྲིམས་ཀྱི་བྱ་བའི་ཁུར་བཟོད་པར་བྱེད་པ་
ཆོས་ཁྲིམས་ཀྱི་བྱ་བའི་ཁུར་བཟོད་པར་བྱེད་པ།
[རྩོམ་སྒྲིག]ཆོས་ཁྲིམས་པའི་འགན་ཁུར་བྱེད་པའི་དོན་སྟེ། ཆོས་ཁྲིམས་པ་དང་། དགེ་བསྐོས། ཞལ་ངོ་ཞེས་པ་རྣམས་དོན་གཅིག འོན་ཀྱང་དགོན་པ་སོ་སོའི་མིང་འབོད་སྟངས་མིའདྲ་བ་ཡོད། སེ་འབྲས་དགའ་གསུམ་གྱི་ཚོགས་ཆེན་དགེ་བསྐོས་ལ་གྲྭ་པས་མིང་འབོད་དུས་ཚོགས་ཆེན་ཞལ་ངོའམ་ཞལ་ངོ་ཞེས་ཟེར་ཞིང་། ས་གནས་སྲིད་གཞུང་ནས་མིང་འབོད་སྐབས་ཚོགས་ཆེན་དགེ་བསྐོས་དང་ཆོས་ཁྲིམས་པ་ཟེར། གྲྭ་ཚང་སོ་སོ་དང་དགོན་པ་གཞན་དག་ཆུང་ཆུང་གི་དགེ་བསྐོས་ལ་དགེ་བསྐོས་ལ་དགེ་བསྐོས་དང་། ཡང་ན་ཆོས་ཁྲིམས་པ་ཟེར་བ་ལས། ཞལ་ངོ་མི་ཟེར། ལས་འགན་ནི་དགོན་པའི་མཁན་པོའི་བཀའ་དང་བསྟུན་ནས། གྲྭ་པའི་ཆོས་ལུགས་ཀྱི་སྒྲིག་ལམ་ལྟ་རྟོགས་བྱེད་རྒྱུ་དང་། སྒྲིགས་དང་འགལ་བ་ལ་ཉེས་པ་གཅོད་པ། ཚོགས་གཞུང་དུ་སྙན་གསན་ཞུ་རྒྱུའམ་ཚོགས་གཏམ་གཏོང་རྒྱུ་བཅས་དགོན་པ་ཆེ་ཆུང་ཚང་མ་འདྲ་བ་ཡིན། དགོན་པ་འགའ་ཞིག་ལ་དགེ་བསྐོས་ཟེར་བ་ལས་འགན་གོང་ལྟར་གྱི་ཐོག་དགོན་པའི་སྤྱི་རྫས་དོ་དམ། དགོན་པའི་མི་སེར་དང་མཉམ་དུ་སྲིད་གཞུང་གི་ཁྲལ་སྒྲུབ་རྒྱུ་དང་། ཚོགས་འདུར་འགྲོ་རྒྱུ་སོགས་བྱེད་དགོས། ད་དུང་དགེ་བསྐོས་འཁྱུར་ན་གྲྭ་པ་ལ་དགེ་བསྐོས་ལྷག་མཆོད་ཡིན་ཟེར་བའི་གཏོང་སྒོ་ཆེན་པོ་ཞིག་གཏོང་དགོས། སྔར་མི་དམངས་དང་སྦྱིན་བདག་ནས་ཕུལ་བའི་གཏོང་སྒོའི་ཐེབས་རྩ་བོད་དངུལ་སྲང་སུམ་ཅུའི་སྐྱེད་ཐོག་ནས་གྲྭ་པ་བརྒྱ་ཙམ་ལ་ཇ་ཐུག་ཞིག་གཏོང་དགོས་པ་སོགས་ཡོད་པ་མ་ཟད། དགེ་བསྐོས་སོ་སོའི་གྲལ་མཚམས་སུ་སླེབས་ནས་བྱེད་པའམ་ཡང་ན་དགོངས་པ་ཞུ་དགོས། དགོངས་པ་ཞུས་ཚེ་གྲྭ་པར་དགོངས་ཞུའི་གཏོང་སྒོ་གཏོང་དགོས་པ་སོགས་ཡོད་སྟབས། དགོན་པ་འགའ་ཞིག་ལ་དགེ་བསྐོས་མིང་མཚམས་སླེབས་དུས་ཡུལ་བྱོལ་དུ་འགྲོ་མཁན་ཡོད། སེ་འབྲས་དགེ་གསུམ་སོགས་དགོན་པ་ཆེན་པོའི་དགེ་བསྐོས་ནི་ས་གནས་སྲིད་གཞུང་ངམ་བླ་མའི་ཕྱག་མཛོད་ནས་བསྐོ་བཞག་བྱེད་དགོས་སྟབས། སྐུ་དྲག་ཚོས་བོད་དངུལ་རྡོ་ཚད་ལྔ་བརྒྱ་ནས་ཁྲི་བར་བསྐྱལ་ནས་ཡང་ཐབས་བྱེད་ཀྱི་ཡོད། ཆོས་ལུགས་རང་གི་ཁྱིམས་དང་བསྟུན་ཏེ་ཉེས་ཆད་བཏང་ན་ཕྱག་འཚལ་རྒྱུ་དང་། སྤྱི་རྫས་ཉམས་གསོ་བྱེད་རྒྱུ། ཤག་ནང་དུ་བཟང་བཙོན་དུ་འཇོག་རྒྱུ། ཉེས་པ་ཆེ་ཤོས་དགོན་པ་ནས་ཕུད་པ་བཅས་དེ་ལས་ལྷག་པས་ཁྲིམས་གཏོང་མི་ཆོག