Jump to content

ཆོས་ཀྱི་སྐུ་

ཡོང་ཁུངས་Wikipedia

ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་སྐུ་གསུམ་གྱི་ནང་གསེས་ཤིག་སྟེ། དོན་དམ་པའི་བདེན་པའི་ངོ་བོ་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ཉིད་ཡིན་ནོ། །"སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་ཆོས་ཀྱི་སྐུ་ནི་སངས་རྒྱས་དཀོན་མཆོག་ཡིན་པར་མ་ཟད་ཆོས་དཀོན་མཆོག་ཀྱང་ཡིན།"[] ཞེས་གསུངས་སོ། །

སྒྲ་བཤད།

[རྩོམ་སྒྲིག]

ཆོས་ཞེས་པ་ནི་ཆོས་ཉིད་དམ་ཆོས་ཀྱི་དབྱིངས་ལ་གོ་ལ། སྐུ་ཞེས་པ་ནི་ཕུང་པོ་ལ་གོ་བ་མ་ཡིན་གྱི་ཡེ་ཤེས་ཀྱི་ཚོགས་ཀྱི་ཆ་ནས་སྐུ་ཞེས་བྱ་སྟེ། ཆོས་དང་སྐུ་གཉིས་དབྱེར་མེད་པར་གནས་པ་ལ་ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན། །"ཆོས་ཀྱི་སྐུ་ཞེས་པའི་ཚིག་གི་ནུས་པ་གཅིག་གིས་ཆོས་དཀོན་མཆོག་ཡང་བསྟན་སྟེ། གང་ཆགས་པ་དང་བྲལ་བའི་འགོག་བདེན་ནི་ཆོས་དཀོན་མཆོག་གི་མཐར་ཐུག་ཡིན་ལ། གནས་སྐབས་ལམ་གྱི་བདེན་པ་རྣམས་ནི་སྲས་བྱང་སེམས་ཀྱི་རྒྱུད་ལ་ལྡན་པའི་ཕྱིར།"[] ཞེས་གསུངས་སོ། །

ནང་དོན།

[རྩོམ་སྒྲིག]

དོན་དམ་པའི་སྐུ། ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་སྟེ། སྤྲོས་པ་ཐམས་ཅད་ལས་འདས་ཤིང་སྐྱེ་འགག་གི་མཚན་ཉིད་དང་བྲལ་བ། ཆོས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གནས་པ་ཞིག་ཡིན། "དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་དྲི་མ་མཐའ་དག་དང་བྲལ་བའི་ཆོས་ཀྱི་སྐུ་ནི་ཆོས་དཀོན་མཆོག་སྟེ། དེ་གང་ལ་མངའ་བ་ནི་བདེ་བར་གཤེགས་པའོ། །"[]ཞེས་གསུངས་པ་ལྟར་མངོན་པར་རྟོགས་པ་བརྒྱད་ཀྱི་ཐ་མ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པའི་འབྲས་བུ་མཐར་ཐུག་པ་ཡིན་ནོ། །

ངོ་བོ།

[རྩོམ་སྒྲིག]

ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པ། "གློ་བུར་བའི་སྒྲིབ་པ་མ་རིག་པའི་ཐིབ་པོ་མ་ལུས་པ་བཅོམ་ནས་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་ཉིད་ཐོབ་སྟེ་སངས་རྒྱས་པར་འགྱུར་རོ། །"[]ཞེས་གསུངས་པ་ལྟར། ཆོས་ཀྱི་སྐུ་ནི་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པར་གྲུབ་པ་ཡིན་ནོ། །

ཐོབ་ཚུལ།

[རྩོམ་སྒྲིག]

སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ། "སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་ཤིན་ཏུ་བསྒོམས་པས་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར།"[] ཞེས་གསུངས་པ་ལྟར། སྐད་ཅིག་མ་གཅིག་གི་སྦྱོར་བ་རྫོགས་ནས་ཆོས་ཀྱི་སྐུར་འཚང་རྒྱ་བར་འགྱུར་རོ། །

མཛད་པ།

[རྩོམ་སྒྲིག]

"འགྲོ་བ་ཀུན་གྱི་ཉོན་མོངས་པ་དང་སྡུག་བསྔལ་གྱི་ནད་རྣམས་གསོ་བར་མཛད་པ་སྨན་པའི་མཆོག་ཏུ་འགྱུར་རོ། །"[]ཞེས་གསུངས་པ་ལྟར། ཆོས་ཀྱི་སྐུ་ཐོབ་པའི་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་སྡུག་བསྔལ་སེལ་བའི་མཛད་པ་མཛད་དོ། །

དབྱེ་བ།

[རྩོམ་སྒྲིག]

རྒྱུད་བླ་མ་ལས། "ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པ། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །"ཞེས་གསུངས་པ་ལྟར།

དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུ་ལ།

[རྩོམ་སྒྲིག]

"སངས་རྒྱས་ཀྱི་སའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་བདེན་གྲུབ་ཀྱི་མཚན་མ་ཐམས་ཅད་དང་བྲལ་བ་ནི་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དང་"[] ཞེས་རང་བཞིན་རྣམ་དག་དང་།
"དགག་བྱ་གློ་བུར་གྱི་དྲི་མ་སྒྲིབ་གཉིས་ཕྲ་མོ་དང་བྲལ་བ་ནི་གློ་བུར་དྲི་བྲལ་གྱི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཡིན་ལ།"[] ཞེས་གློ་བུར་དྲི་བྲལ་ཏེ་ངོ་བོ་ཉིད་སྐུ་དང་།

ཡེ་ཤེས་ཆོས་སྐུ།

[རྩོམ་སྒྲིག]

"སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་ནས་རྣམ་མཁྱེན་བར་གྱི་སྡེ་ཚན་ཉེར་གཅིག་གི་ཡོན་ཏན་རྣམས་ནི་ཡེ་ཤེས་ཆོས་སྐུ་སྟེ། བསྡུ་ན་ཡེ་ཤེས་ལྔའམ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་ཏེ་"[]ཞེས་ཡེ་ཤེས་ཆོས་སྐུ་བསྟན་ཏོ། །

འགོག་ལམ་གཉིས་ཀྱི་ཆོས་དཀོན་མཆོག

[རྩོམ་སྒྲིག]

"དེ་ལྟ་བུའི་མཁྱེན་པའི་ཡེ་ཤེས་རྣམས་ནི་གང་གིས་འདོད་ཆགས་དང་བྲལ་བྱེད་ལམ་གྱི་བདེན་པའི་རིགས་སུ་གནས་པ་ཡིན་ལ། དེ་ལྟ་བུའི་འགོག་ལམ་གཉིས་ནི་ཆོས་དཀོན་མཆོག་སྟེ། རྒྱུད་བླ་མར། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་ཏེ་ཆོས། །"[༡༠]ཞེས་གསུངས།

"དེའི་ཕྱི་མ་ནི་གང་ཞིག་འདོད་ཆགས་དང་བྲལ་བ་འགོག་པའི་བདེན་པ་ཡིན།"[༡༡]ཞེས་གསུངས་སོ། །

རྩོད་སྤོང་།

[རྩོམ་སྒྲིག]

"རྒྱ་དཔེ་ལྟར་ན། བདེ་གཤེགས་སྲས་བཅས་ཆོས་ཀྱི་སྐུ་མངའ་ཞེས་འབྱུང་ལ་དེ་ནི་ཚིགས་སུ་བཅད་པ་སྦྱར་བའི་ངོར་བྱས་པ་དང་བྱང་སེམས་ལའང་རྟོགས་པའི་ཆོས་སྐུ་མངའ་བར་བསྟན་པའི་ཆེད་ཡིན།"[༡༢] ཞེས་གསུངས་པའི་ཕྱིར་རོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  4. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས།
  5. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
  6. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  8. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  9. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  10. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  11. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  12. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།