Jump to content

ཆོས་ཀྱི་མེ་ལོང་

ཡོང་ཁུངས་Wikipedia
སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀུན་དགའ་བོས་གཙོས་པའི་འཁོར་སློབ་ཚོགས་དུ་མའི་ཚོགས་ཀྱིས་བསྐོར་ཏེ། རྒྱལ་པོའི་ཁབ་ནས་བྱང་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་ནས་གྲོང་ཁྱེར་དང་གྲོང་གསེབ་གང་ཞིག་ཏུ་སླེབས་ནའང་། ཁོང་གནས་དེ་ནས་ཡུད་ཙམ་བཞུགས་ཏེ་ཡུལ་ལུང་དེའི་མི་མང་རྣམས་ལ་གསུང་ཆོས་ཀྱི་གདམས་པ་ཆད་མེད་དུ་སྩོལ་བཞིན་ཡོད། 
     ཁོང་སྐུ་འཁོར་དང་བཅས་ན་དི་ཀ་(NADIKA)ཞེས་པའི་གྲོང་གསེབ་ཆུང་ངུ་ཞིག་ཏུ་སོ་ཕག་ཁང་ཟེར་བའི་ཚོམས་ཆེན་དེར་བཞུགས་སྐབས། གྲོང་གསེབ་དེ་ཉིད་དུ་དགེ་འདུན་པ་དང་དད་ལྡན་མི་སྐྱ་ཁ་ཤས་འདས་གྲོངས་སུ་གྱུར་པས། ཉན་ཐོས་ཀུན་དགའ་བོས་འདས་གྲོངས་སུ་གྱུར་པའི་སྐྱ་སེར་དེ་དག་གི་མ་འོངས་པའི་གནས་སྟངས་སམ་ཚེ་ཕྱི་མའི་སྐྱེ་གནས་དག་ཤེས་འདོད་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་དེའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་སྨྲས་པ། འདས་གྲོངས་སུ་གྱུར་མ་ཐག་པའི་སྐྱེ་བོ་དེ་དག་གིས་ངའི་སར་ནས་ཆོས་ལ་ཉན་བསམ་ཚུལ་བཞིན་བྱས་པས། ཁོང་ཚོས་འབྲས་བུ་བཞི་པོ་གང་ཡང་རུང་བ་རེ་མངོན་དུ་བྱས་འདུག་ཅེས་གསུངས་ཏེ་མི་མཐུད་འདི་ལྟར། ཐེངས་འདིའི་འདས་གྲོངས་སུ་གྱུར་པའི་གནས་ཚུལ་དེ་ནི་རང་བཞིན་གྱི་འཆི་བའི་སྡུག་བསྔལ་ཐོག་ཏུ་བབ་པ་ཡིན་པས། གལ་སྲིད་ཁྱོད་ཀྱིས་མི་རེ་རེ་བཞིན་འཆི་བའི་སྡུག་བསྔལ་ཐོག་ཏུ་བབ་པའི་ཚེ་དེ་འབྲེལ་ང་ལ་དྲི་བ་བཀོད་ན་ང་ཡང་ཐང་ཆད་པར་མི་འགྱུར་རམ། དེས་ན་ངས་ཁྱེད་རྣམས་ལ་ཆོས་ཀྱི་མེ་ལོང་ངམ་ཡང་ན་བདེན་པའི་མེ་ལོང་ཞེས་པའི་གདམས་པ་ཞིག་སྟོན་གྱི་ཡིན། སློབ་མ་བཟང་པོ་སྟེ་མཆོག་ཏུ་གྱུར་པ་རྣམས་ཀྱིས་གདམས་པ་འདི་ཁོང་དུ་ཆུད་པ་ན། རང་གི་ཉམས་རྟོགས་ཀྱི་གནས་ཚད་གང་དུ་སླེབས་ཡོད་མེད་ཀྱི་ཚོད་ཐིག་པར་འགྱུར་བས། གལ་ཏེ་རང་ཉིད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཞིག་ཡིན་ཚེ། ད་ནི་རང་ཉིད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ཟིན་པ་ཡིན་པས། སླར་ཡང་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། ལྷ་མ་ཡིན་སོགས་སྡུག་བསྔལ་གྱི་རང་བཞིན་ཅན་ཏེ་ངན་སོང་གི་གནས་སུ་མི་སྐྱེ་ཞིང་ཐར་པའི་གོ་འཕང་ངེས་པར་དུ་ཐོབ་པར་འགྱུར་རོ་ཞེས་ཚོད་ཐིག་པར་འགྱུར། ཞེས་སོགས་རྒྱ་ཆེར་བཀའ་བསྩལ། 
     སླར་ཡང་སངས་རྒྱས་ཀྱིས་སྨྲས་པ། ཀུན་དགའ་བོ། ཁྱེད་ཀྱིས་ཆོས་ཀྱི་མེ་ལོང་ཞེས་པའི་གདམས་པ་དེ་ཅི་ཞིག་ཡིན་མིན་ཤེས་ཀྱི་ཡོད་དམ། དེ་ནི་སློབ་མ་བཟང་པོ་སྟེ་མཆོག་ཏུ་གྱུར་པ་རྣམས་ཀྱིས། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མི་ཕྱེད་པའི་དད་པའི་སྒོ་ནས་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་དྲན་པར་བྱས་ཏེ་ཡུན་རིང་སྒོམ་སྒྲུབ་ཀྱི་ཉམས་ལེན་བྱས་ན། ཉམས་ལེན་དེ་ལ་བརྟེན་ནས་རང་གི་རྟོགས་པའི་ཡོན་ཏན་གོང་མཐོར་འཕེལ་བར་མ་ཟད། སེམས་མི་འཁྲུགས་པར་རྩེ་གཅིག་ཏུ་གནས་པ་ལ་ཡང་ཤིན་ཏུ་ཕན་པར་འགྱུར་ཞིང་། དེའི་གྲུབ་དོན་དུ་རང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་སོགས་འཐོབ་པ་ལ་ཡང་ངེས་པར་གྲོགས་བྱེད་པར་འགྱུར་རོ། །དེས་ན་ཆོས་ཀྱི་མེ་ལོང་ཞེས་པའི་གདམས་པ་དེ་སློབ་མ་བཟང་པོ་སུ་ཞིག་ལ་མངའ་ན་དེས་རང་ཉིད། དཔེར་ན་དམྱལ་བ་དང་། ཡི་དྭགས་དང་།  དུད་འགྲོ་སོགས་ངན་སོང་གི་གནས་སུ་སླར་ཡང་སྐྱེ་མི་དགོས་པའི་གདེང་ཐོབ་ཅིང་ཚོད་ཐིག་པར་འགྱུར་རོ། །ཞེས་སོགས་གསུངས་ཏེ་ཡུལ་ན་དི་ཀ་ནས་གསུང་ཆོས་ཀྱི་གདམས་པ་གནང་གྲུབ་རྗེས། བཅོམ་ལྡན་འདས་འཁོར་སློབ་ཚོགས་དང་བཅས་པ་མཉན་ཡོད་ཀྱི་ཕྱོགས་སུ་ཕེབས་སོ། །