Jump to content

ཆོས་ཀྱི་ཕུང་པོ་

ཡོང་ཁུངས་Wikipedia

ཆོས་ཀྱི་ཕུང་པོ།

[རྩོམ་སྒྲིག]

སྤྱིར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལྟ་བུ་ཉོན་མོངས་འདུལ་བྱེད་ཀྱི་གཉེར་པོར་གསུངས་པའི་ལུང་གི་ཆོས་ཐམས་ཅད་ལ་ཆོས་ཀྱི་ཕུང་པོ་ཞེས་བྱ་སྟེ། བརྗོད་བྱ་དོན་དང་རྗོད་བྱེད་ཀྱི་ཚིག་དུ་མ་སྤུངས་པའི་ཕུང་པོར་སྣང་བའི་ཕྱིར་རོ། །ཆོས་ཀྱི་ཕུང་པོ་ལ་བརྒྱད་ཁྲི་དང་། བརྒྱད་ཁྲི་བཞི་སྟོང་གི་བཞེད་ཚུལ་གཉིས་ལས། ཁ་ཆེ་བྱེ་བྲག་སྨྲ་བ་ལ་སོགས་པས། ཆོས་ཀྱི་ཕུང་པོ་བརྒྱད་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཅེས་པའི་མཛོད་ཀྱི་ཚིག་དང་མཐུན་པར་བརྒྱད་ཁྲི་ལས་བརྒྱད་ཁྲི་བཞི་སྟོང་གི་རྣམ་བཞག་ཁས་མི་ལེན་ཀྱང་སྡེ་པ་ཁ་ཅིག་བརྒྱད་ཁྲི་བཞི་སྟོང་དུ་འདོད་པའང་ཡོད་པར་གསུངས་ལ། ཐེག་ཆེན་པ་རྣམས་ནི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལས་བརྒྱད་ཁྲིའི་རྣམ་བཞག་མི་བྱེད་དེ། ཇི་སྐད་དུ་ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །ཞེས་པ་ལྟར་ཁས་ལེན་ནོ། །ཆོས་ཀྱི་ཕུང་པོ་རེ་རེའི་ཚད་ལ་འདོད་ཚུལ་མང་ཡང་། མངོན་པ་གོང་མ་ལྟར་ན་ཚེག་བར་སུམ་ཅུ་སོ་གཉིས་ལ་ཤོ་ལོ་ཀ་གཅིག དེ་སྟོང་དུ་ལོངས་པ་ན་ཆོས་ཕུང་གི་ཚད་དུ་འཇོག་པ་དང་མངོན་པ་འོག་མ་ལྟར་ན་གླང་པོ་ས་སྲུང་གིས་བུས་ཐེག་ཙམ་གྱི་སྣག་ཚས་ཆོས་ཀྱི་ཕུང་པོ་གཅིག་འབྲི་བར་ནུས་པའི་ཚད་ཕུང་པོ་རེར་བརྩི་བ་སོགས་ཡོད་པ་ལས། སྤྱིར་འདོད་ཆགས་སོགས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་རེ་རེའི་གཉེན་པོར་ཆོས་ཕུང་རེ་རེ་བསྟན་ཅིང་རང་རང་གི་གཉེན་པའི་བྱ་བ་ཡོངས་སུ་རྫོགས་པའི་གཏམ་གྱི་ཚོགས་ལ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་སྟེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་པ་ལྟར་རོ། །