ཆོམ་རྐུན་
ཆོམ་རྐུན་ཞེས་པའི་ཐ་སྙད་ནི་ནང་པའི་ཆོས་ལུགས་ཀྱི་ནང་དུ་ཉོན་མོངས་པའི་མཚན་གཞི་ཞིག་ཡིན་པ་སྟེ། འདི་ནི་འདོད་ཆགས་དང་ཞེ་སྡང་། ང་རྒྱལ། ཕྲག་དོག་སོགས་ཀྱི་ཉོན་མོངས་པ་རྣམས་ལ་མིང་བཏགས་པ་ཞིག་ཡིན། དེ་ཡང་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་དགེ་བའི་རྩ་བ་དང་བསོད་ནམས་རྣམས་འཕྲོག་ཅིང་ཟད་པར་བྱེད་པའི་ཕྱིར་ཆོམ་རྐུན་ཞེས་ཟེར།
ཆོམ་རྐུན་གྱི་སྤྱི་དོན།
[རྩོམ་སྒྲིག]ཆོམ་རྐུན་ཞེས་པ་ནི་ཉོན་མོངས་པའི་ཚོགས་རྣམས་ལ་གོ་སྟེ། "རྒྱུ་དགེ་ཆོས་བཅོམ་ནས་འབྲས་བུ་ངན་འགྲོར་འཕེན་པ་ནི། བྱ་བ་དང་བྱ་བ་མ་ཡིན་པ་ཇི་བཞིན་ཤེས་པའི་ཤེས་བཞིན་མེད་པའི་གངཟག་ལ་ཉོན་མོངས་པའི་ཆོམ་རྐུན་མ་རུངས་པ་དག་སྲུང་མཁན་གྱི་དྲན་པ་ཡང་ཉམས་པར་འགྱུར་ལ། དགེ་བའི་དམིགས་པ་བརྗེད་ནས་དྲན་པ་དེ་ཉམས་མ་ཐག་པའི་རྗེས་སུ་ཉོན་མོངས་པའི་ཆོམ་རྐུན་དག་འབྲང་ནས་འོང་བས་ན་སྔོན་བསོད་ནམས་དགེ་བའི་ནོར་དག་ནི་ཉེབར་བསགས་ཀྱང་། དཔེར་ན། ནོར་བསགས་པ་རྣམས་རྐུན་པོས་གཏོགས་པའམ་ཕྲོགས་ནས་དབུལ་པོར་གཏོང་བ་བཞིན་དུ་ཉོན་མོངས་པའི་ཆོམ་རྐུན་མ་རུངས་པ་དེ་དག་གིས་ཀྱང་རྒྱུ་དགེ་བའི་ནོར་གང་ཡོད་དེ་དག་འཕྲོག་ཅིང་ཟད་པར་བྱས་པ་ལས་འབྲས་བུ་ངན་འགྲོར་འགྲོབར་འགྱུར་རོ། །"[༡]ཞེས་གསུངས་པ་ལྟར། ཉོན་མོངས་པ་རྣམས་ནི་སེམས་ཅན་གྱི་དགེ་བའི་རྩ་བ་དང་བསོད་ནམས་འཕྲོག་པར་བྱེད་པའི་ཕྱིར་ཆོམ་རྐུན་ཞེས་བྱ།
ཆོམ་རྐུན་གྱི་བྱེད་ལས།
[རྩོམ་སྒྲིག]"ཉོན་མོངས་པའི་ཆོས་རྐུན་གྱི་ཚོགས་འདི་དག་ནི་ཤ་ཟ་བཞིན་དུ་དགེ་བའི་ནོར་འཕྲོག་པའི་ཆེད་དུ་རྟག་པར་རྒྱུན་དུ་གླེགས་ལྟ་ཞིང་གནོད་འཚེའི་སྐབས་ཚོལ་བར་བྱེད་པ་སྟེ་ནམ་གླགས་འཇུག་པའི་སྐབས་རྙེད་པར་གྱུར་ནས་རྒྱུ་དགེ་བའི་ནོར་བསགས་པ་གང་ཡོད་ཀྱི་རྒྱུགས་འཕྲོག་པར་བྱེད་ཅིང་འབྲས་བུ་བདེ་འགྲོ་དང་ཐར་པའི་སྲོག་དག་ཀྱང་འཇོམས་པར་བྱེད་དོ། །"[༢]ཞེས་གསུངས་པ་ལྟར། ཆོམ་རྐུན་ཉོན་མོངས་པ་དག་ནི་རྟག་ཏུ་སེམས་ཅན་གྱི་རྒྱུད་ལ་གནོད་པའི་སྐབས་ཚོལ་ཞིང་། སྐབས་རྙེད་ནས་དགེ་བའི་ནོར་འཕྲོག་པ་མ་ཟད་བདེ་འགྲོ་དང་ཐར་པའི་སྐྱེ་བ་ཐོབ་པ་རུང་བ་དག་ཀྱང་འཇོམས་པར་བྱེད།
ཤེས་བཞིན་དང་འབྲེལ་བ།
[རྩོམ་སྒྲིག]"གང་ཟག་གང་ལ་ཤེས་བཞིན་མེད་པའི་སྐྱོན་གྱིས་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་གཉིས་ཆོམ་པོ་ལྟ་བུ་དང༌།ང་རྒྱལ་དང་ཕྲག་དོག་སོགས་རྐུན་མ་ལྟ་བུ་དག་བསྲུང་མ་ལྟ་བུའི་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་ཉམས་པའི་རྗེས་སུ་འབྲང་བས་ཏེ་རྗེས་སུ་ཞུགས་ནས། སྔར་རང་གི་བསོད་ནམས་དགེ་བའི་དངོས་པོ་དག་ནི་ཉེར་ཏེ་ཉེ་བར་བསགས་པ་ཀུན་ཀྱང་དཔེར་ན་རྒྱུ་རྫས་ཀྱི་དངོས་པོ་རྣམས་རྐུན་མ་དང་ཆོམ་པོས་འཕྲོག་སྟེ་སྲོག་གཅོད་པ་ཇི་ལྟ་བ་དེ་བཞིན་དུ་དགེ་བའི་ནོར་འཕྲོག་ཅིང་བདེ་འགྲོའི་སྲོག་བཅད་སྟེ་ངན་འགྲོར་འགྲོ་ཞིང་སྐྱེའོ། །"[༣]ཞེས་གསུངས་པ་ལྟར། ཤེས་བཞིན་མེད་པའི་སྐབས་སུ་ཆོམ་རྐུན་ཉོན་མོངས་པ་རྣམས་ཀྱིས་སེམས་ཅན་གྱི་རྒྱུད་ལ་གནོད་པ་སྤྲོད།
སྤྱོད་ལམ་འཇམ་པོའི་དཔེ།
[རྩོམ་སྒྲིག]"དཔེར་ན། ཆུ་སྐྱུར་ཏེ་ཉ་གསོད་པའི་བྱ་དང་བྱི་ལ་དང་ཆོམ་རྐུན་བྱེད་པ་དག་གཅོམ་བསྐྱུང་ནས་འུར་སྒྲ་ཆེན་པོ་བྱེད་པ་མེད་པར་གཞན་གྱིས་མི་ཚོར་བོར་བྱས་ནས་དལ་བུས་འཇབ་ཅིང་འགྲོ་བ་ཡིས་རང་རང་གིས་མངོན་པར་འདོད་པའི་དོན་སོ་སོར་སྒྲུབ་ནུས་པ་ཡིན་གྱི་དེ་ལྟར་མ་བྱས་ན་སྒྲུབ་མི་ནུས་ལ། ཐུབ་པས་སྟེ་སྒོ་གསུམ་འདུལ་སྦྱོང་བྱེད་པའི་དཀའ་ཐུབ་ཀྱི་བརྟུལ་ཞུགས་ཉེ་བར་བླངས་པའི་བྱང་སེམས་རྣམས་ཀྱིས་ཀྱང་རྟག་ཏུ་དེ་བཞིན་དུ་བག་ཡོད་པའི་སྒོ་ནས་སྤྱོད་ལམ་ཞི་ཞིང་དུལ་བ་ལ་སྤྱད་པར་བྱས་ནས་རང་གིས་མངོན་པར་འདོད་པ་ལྟར་གྱི་གཞན་གྱི་དོན་སྒྲུབ་པའི་ཐབས་ལ་མཁས་པར་བྱའོ། །"[༤]ཞེས་གསུངས་པ་ལྟར། འཇིག་རྟེན་པའི་ཆོམ་རྐུན་རྣམས་ཀྱིས་སྒྲ་མེད་པར་གསང་བས་རང་གི་དོན་སྒྲུབ་པ་བཞིན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤྱོད་ལམ་ཞི་བ་སྤྱད་ནས་གཞན་གྱི་དོན་སྒྲུབ་པར་བྱ་དགོས་པར་བསྟན།
ཤེས་བཞིན་གྱི་སྲུང་བའི་ཆེད།
[རྩོམ་སྒྲིག]"ཤེས་བཞིན་མེད་པའི་ཉོན་མོངས་པའི་ཆོམ་རྐུན་དག་དྲན་པ་ཉམས་པའི་རྗེས་སུ་འབྲངས་ནས་བསོད་ནམས་དག་ནི་ཉེར་བསགས་ཀྱང་དེ་དག་རྐུན་པོས་ཕྲོགས་པ་བཞིན་དུ་ཟད་པར་བྱས་ནས་ངན་འགྲོར་འགྲོ་བར་འགྱུར་རོ།"[༥]ཞེས་གསུངས་པ་ལྟར། ཆོམ་རྐུན་ཉོན་མོངས་པ་རྣམས་ལས་སྲུང་བའི་ཆེད་དུ་ཤེས་བཞིན་གྱི་སྒོ་ནས་དྲན་པ་བསྲུང་དགོས། འགྲེལ་ཆེན་ལས།"ཉོན་མོངས་ཆོམ་རྐུན་ཚོགས་འདི་འཕེལ་ནས་གནོད་པའི་གླགས་སྐབས་འཚོལ་བར་བྱེད་པ་སྟེ་གླགས་རྙེད་པར་གྱུར་ནས་དགེ་བ་རྣམས་འཕྲོག་ཅིང་བདེ་འགྲོའི་སྲོག་ཐོབ་པ་དག་ཀྱང་འཇོམས་པར་བྱེད་དེ། "ཞེས་གསུངས།
བསྡུས་དོན།
[རྩོམ་སྒྲིག]ཆོམ་རྐུན་ཞེས་པ་ནི་ཉོན་མོངས་པ་རྣམས་ལ་བཏགས་པའི་མིང་ཞིག་སྟེ། འདི་དག་གིས་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་དགེ་བའི་རྩ་བ་དང་བསོད་ནམས་རྣམས་འཕྲོག་ཅིང་ཟད་པར་བྱེད་པའི་ཕྱིར་རོ། ཤེས་བཞིན་མེད་པའི་སྐབས་སུ་ཆོམ་རྐུན་འདི་དག་གིས་སེམས་ཅན་གྱི་དགེ་བའི་ནོར་འཕྲོག་པ་མ་ཟད། བདེ་འགྲོ་དང་ཐར་པའི་སྐྱེ་བ་ཐོབ་པའི་རིགས་ཀྱང་འཇོམས་པར་བྱེད། དེས་ན་སེམས་ཅན་རྣམས་ཀྱིས་ཤེས་བཞིན་དང་དྲན་པའི་སྒོ་ནས་ཉོན་མོངས་པའི་ཆོམ་རྐུན་འདི་དག་ལས་སྲུང་སྐྱོབ་བྱ་དགོས། དེ་ཡང་ཆོམ་རྐུན་རྣམས་ཀྱིས་སྒྲ་མེད་པར་གསང་བས་རང་གི་དོན་སྒྲུབ་པ་བཞིན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤྱོད་ལམ་ཞི་བ་སྤྱད་ནས་སེམས་ཅན་གྱི་དོན་སྒྲུབ་པར་བྱ་དགོས་པ་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།