ཆེས་མཐའ་མཇུག་གི་མཇལ་འཕྲོད།(སྒྲུང་རྩོམ) བེ་རི་འཇིགས་མེད།

ཡོང་ཁུངས་Wikipedia

ཆེས་མཐའ་མཇུག་གི་མཇལ་འཕྲོད།


སྨུག་སྤྲིན་ལང་ལོང་དུ་འཁྲིགས་པའི་གསེབ་ནས་ཆར་པ་ཟིམ་ཟིམ་དུ་འབབ་ཅིང༌། འབྲུག་སྐད་དལ་དལ་དུ་ལྡིར། ཉེ་འགྲམ་གྱི་གཡུ་ལྗང་ལོ་མའི་གོས་ཀྱིས་མཛེས་པའི་ནགས་ཀླུང་གསེབ་ནས་ཁུ་བྱུག་གིས་གསུང་སྙན་ལྷང་ལྷང་དུ་སྒྲོག་ལ། སློབ་ཁང་གི་པུ་ཤུའི་འོག་ནས་ཁང་བྱེའུ་དང་བྱེའུ་ཀོ་ལེབ་རྣམས་ཕར་འཕུར་ཚུར་འཕུར་བྱེད། སྒེའུ་ཁུང་གི་རས་ཡོལ་ཕྱེས་ན་དར་མདོའི་ཚོང་ཁྲོམ་གྱི་མི་ཚོགས་མང་པོ་ཆར་གདུགས་ཁུར་ནས་ཕན་ཚུན་འགྲོ་བ་མཐོང་ཐུབ། ངས་ཉིན་དེའི་སློབ་ཚན་༼སྤྱང་སོ་རི་བོའི་རྔམས་འགྱིངས་༽ཞེས་པ་དེའི་ནང་སྦྱོང་ཚན་པ་གསུམ་ཡོད་པ་རྣམས་བྲིས་རྗེས། ༼འཛམ་གླིང་གི་ཡང་ཐོག་ཧི་མ་ལ་ཡའི་རི་བོ༽ཞེས་པའི་རྩོམ་ཡིག་ཅིག་ཕྱེད་ཙམ་བྲིས་ཏེ་ཉལ་ཁྲིའི་སྒང་མགོ་ལུས་ཡོངས་རྫོགས་མལ་ཆས་ཀྱིས་བཏུམས་ནས་ཉལ། དུས་ཀྱི་ཐུན་མཚམས་འགའ་ཞིག་སོང་ཡོད་པ་འདྲ། ཁྲོག་ཁྲོག་ ཅེས་པའི་སྒྲ་དེས་ང་རྨི་ལམ་གྱི་ཞིང་ཁམས་ན་སྙིང་བརྩེ་ལྡན་པའི་གཞོན་ནུ་མ་འགའ་ཞིག་དང་མཉམ་དུ་འགྲོ་བཞིན་ཡོད་པ་ལས་ཕྱིར་འཁྲིད་དེ་འཇིགས་དངངས་དང་བཅས་སད། ད་དུང་ཁྲོག་ཁྲོག་ཁྲོག་དེ་ནི་སྒོ་རྡུང་བའི་སྒྲ་རེད། བདག་ཧལ་གྱིས་ལངས་ནས་ཁྱོད་སུ་ཡིན་ཟེར་ཞོར་སྒོ་ཕྱེས། ཨ་ཁ། ཁོ་ནི་ང་རང་དང་དམའ་འབྲིང་སློབ་གྲྭའི་སྐབས་རྐུབ་སྟེགས་རིང་པོ་གཅིག་གི་སྟེང་དུ་ལོ་ཧྲིལ་པོ་གསུམ་དུ་མཉམ་སྡོད་བྱས་མྱོང་བའི་གྲོགས་པོ་རིན་ཆེན་དབང་གྲགས་རེད། ང་སྟབས་སྟབས་པོར་གྱུར་ཏེ། ཁྱོད་་་ཁྱོད་ཁྲུན་ཏུའུ་ཡར་ཐོན་སློབ་ལ་ཡོད་པ་མ་རེད་དམ། དེ་རིང་སྤྱི་ཟླ་ལྔ་པའི་ཚེས་བདུན་རེད། སློབ་གྲྭའི་གུང་གསེང་ནི་ཡིན་དོགས་མེད། སློབ་གྲྭ་ཡོངས་རྫོགས་སྒྲིགས་འཛུགས་གཅིག་མཚུངས་རེད་་་་་་། བཤད་མཚམས་དེར་སླེབས་དུས་ཁོས་གདོང་གི་སྨིན་མ་གཉིས་ཀྱི་བར་དུ་འབུར་ཚུགས་དོད་པའི་མཉེར་མའི་ཁ་དབྲག་ཆེན་པོ་ཞིག་བསྡུས་ནས་དམར་ལ་སྨུག་པའི་མིག་ཟུང་གིས་ང་ལ་ལྟ་ཙམ་བྱས་ཏེ་ཉལ་ཁྲིའི་སྒང་ལ་བསྡད། ལག་པ་གཉིས་ཀྱིས་འགྲམ་པ་སྐྱོར་ནས་ཨི་ཤུ་ཞེས་དབུགས་རིང་ཞིག་གཏོང་བ་ལས་ཁ་ཚིག་གཅིག་ཀྱང་གྲགས་མ་བྱུང༌། ང་དེ་ལས་ཀྱང་སོམ་ཉིའི་དཔྱང་ཐག་ལ་ཚུད་ཅིང་ཅི་འདྲི་འདི་འདྲི་མ་རྙེད་པར། མགོ་འཕུར་འཕུར་བྱེད་བཞིན་ཟ་ཁང་དུ་ལྟོ་ཆས་ཉོ་སར་སོང༌། ཆུ་ཚོད་བཅུ་བ་ཟིན་ལ་ཉེ་བས་འབྲས་དང་ཚལ་རིགས་རྒྱ་ཐུག་སོགས་བཟའ་རིགས་ཕལ་ཆེར་རྫོགས་ཟིན། རླངས་བཙོས་ཀྲིས་མོག་ཁ་ཤས་འདུག་པ་རྣམས་ཉོས་ཏེ་ཆུ་ཁོལ་ཕོར་བ་གང་དང་མཉམ་དུ་ཁྱེར་ཡོང༌། ཁོང་ད་དུང་ཡིད་ཤིན་ཏུ་སྐྱོ་བའི་རྣམ་འགྱུར་དེ་ག་རང་བསྟན་ནས་སྡོད་འདུག གྲོགས་པོ། བཟའ་ཆས་གཞན་དག་ཅི་ཡང་མི་འདུག །རླངས་གཙོས་སྐམ་པོ་འདི་གཅིག་པོ་རེད། ཡིན་ནའང་གྲོད་པ་ལྟོགས་དུས་ཟས་རིགས་ཡོངས་རྫོགས་ཞིམ་པོ་རེད། བྲེ་བོ་དཔོན་གྱིས་ཚྭ་འབོག་རྒྱག་པའི་གཏམ་རྒྱུད་དེ་ཁྱེད་ཀྱིས་གོ་ལོས་མྱོང༌། ཞེས་མཚར་གཏམ་དང་འབྲེལ་ནས་ལབ་པས། ཁོས་གཞི་ནས་གཟི་མདངས་ཉམས་པའི་མིག་ཞགས་ཟུང་རླངས་བཙོས་དང་ཆུ་ཁོལ་ལ་འཕེན་ཙམ་བྱས་ནས་ག་ལེར་ལག་པ་བསྙལ་ཏེ་ཟོས་མཐར། དབུགས་རིང་ཞིག་དང་འབྲེལ། ངོ་མ་འཇིག་རྟེན་འདིས་ང་ལ་སྡང་དྲགས་སོང༌། ལས་འབྲས་འདི་ང་ལ་བཙན་དྲགས་སོང༌། ས་རིལ་རིལ་འདིས་ང་ལ་སྙིང་རྗེ་ཁབ་རྩེ་ཙམ་ཡང་བྱེད་མྱོང་མེད་ན། གནམ་རྒན་མོ་འདིས་ང་ལ་བྱམས་སྐྱོང་སྐད་ཅིག་ཙམ་ག་ལ་བྱེད་མྱངས། ཨིན། ཟེར་བཞིན་བཤད་མཚམས་དེར་བཞག་ཅིང་སྔས་མགོ་ལ་མགོ་བོ་སྔས་ཏེ་པུས་པོ་གཉིས་གྱེན་དུ་སློང་ནས་ཉལ་སོང༌། ངས་ཅི་བཤད་འདི་བཤད་མེད་པར་དལ་ཅིག་ཁོ་ལ་ཅེར་གྱིས་ལྟོས། ངོ་མ་ཁོ་ལ་དེ་རིང་སྔར་དང་མི་འདྲ་བའི་རྣམ་འགྱུར་ཞིག་འདུག སྔོན་མར་ང་གཉིས་ལོ་གསུམ་རིང་དམའ་འབྲིང་སློབ་གྲྭ་ལ་མཉམ་འགྲོ་བྱས་མྱོང༌། ཁོའི་རྒྱུས་ང་ལས་ཆེ་བ་སུ་ཡོད། དེ་དུས་ཡིན་ན་ཁོང་རང་བཞིན་གྱིས་སྣང་བ་སྐྱིད་ཅིང་སྤྲོ་སྣང་ལྡན་ལ། རྩེད་མོ་ལ་དགའ་བ། ཕྱི་ཐག་བསྲེངས་ཤིང་ཕན་སེམས་ཆེ་བ། སློབ་ཁྲིད་སྐབས་མ་གཏོགས་ཕལ་ཆེར་ངག་ནས་གླུ་ཆུང་ལེན་རྒྱུ་མི་གཞག །རིག་པ་གསལ་ཞིང་དབང་པོ་རྣོ་ལ་སྙིང་རུས་ཆེ་བས་ལོ་ལྟར་འཛིན་གྲྭའི་ནང་རྒྱུགས་སྤྲོད་ཨང་དང་པོ་ཤོས་གཅིག་རེད། ད་དུང་འཕག་རྩེད་དང་རྒྱུག་རྩེད། ལྒང་ལིའི་རྩེད་འགྲན་སོགས་གྱི་བྱ་དགའ་ཡང་མང་པོ་ཐོབ་མྱངས་ཡོད། འཛིན་གྲྭའི་ནང་ཁོང་དང་མཐུན་ལམ་མེད་མཁན་མི་གཅིག་ཀྱང་མེད། སློབ་གྲོགས་བུ་མོ་ཕལ་ཆེ་བས་ཟུར་མིག་དང༌། བརྩེ་འཕྲིན་གྱི་ལྐོག་མདའ་འཕེན་མ་མྱངས་མཁན་མེད། དེ་རིང་ཡིན་ན་ལུས་རིད་ལ་མདོག་སྐྱ་ཞིང་མིག་འོད་ཀྱང་མེད། སྐྲ་ལོ་ཡང་སྐྱ་སེང་ངེར་གྱུར་ཅིང་དབུགས་རིང་གི་རྒྱུ་བ་ཡང་ཡང་བརྩེགས་པ་འདིའི་རྒྱབ་ལ་བརྗོད་མི་ཚར་བའི་སྐྱོ་གདུང་གི་གསང་བ་ཞིག་ཡོད་པ་ཐག་ཆོད། ངས་དེ་ལྟར་དྲན་གིན་དྲན་གིན་ཁོའི་པུས་མོ་སྒུལ་ཙམ་སྒུལ་ཙམ་བྱས་ཏེ། ཝ་ཡེ། གྲོགས་པོ། ཡར་བཞེངས་དང༌། ང་གཉིས་ཧ་ལམ་ལོ་ངོ་གསུམ་ཙམ་རིང་ལ་ཡིག་འཕྲིན་ཙམ་མ་གཏོགས་དངོས་སུ་ཐུག་ཐུབ་མེད། དེ་རིང་ཐེངས་གཅིག་ཐུག་དུས་ཁྱེད་ངག་བསྡམས་ནས་གཉིད་ཁུག་པ་དཔེ་སྲིད་དོགས་མེད། ཁྱེད་རང་གི་སྙིང་གར་ཆེས་གསང་བའི་གཏམ་ཞིག་ཡོད་པ་ངས་ག་ལ་ཤེས་ཐུབ། སྐྱིད་སྡུག་གི་བྱུང་བ་ལྷུག་པོར་གསུང་གནང་དང༌། ཨ་ཙི། ཞེས་ལབ་པས། ཁོས་མགོ་བོ་དགྱེ་ཙམ་བྱས་ཤིང་ཨམ་ཕྲག་ནས་ཉིན་དེབ་ཆུང་ཆུང་ཞིག་བཏོན་ཏེ། ངའི་གནས་སྟངས་བཤད་ན་ཁྱོད་ཡིད་མི་ཆེས། བཤད་ཀྱང་མི་ཚར། གྲོགས་པོ་ཁྱེད་ཀྱིས་ཤེས་འདོད་ན་ངའི་ཉིན་དེབ་འདིར་གཟིགས་དང་རགས་ཙམ་ཤེས་ཐུབ། ཟེར་བཞིན་ཉིན་དེབ་དེ་མདུན་ཅོག་སྟེང་དུ་གཡུགས་ནས་ཁོ་ཕྱིར་ཉལ་མ་ཐག་རྔུན་པ་ཧུར་ཧུར་སྐད་ཅིག་མ་དེར་རྨི་ལམ་གྱི་གྲོང་དུ་ཕྱི་ལྟོས་མེད་པར་སོང༌། ངས་ཡང་བསྐྱར་ཁོང་ལ་འདྲི་བརྩད་བྱེད་མ་ནུས་པར་ཉིན་དེབ་དེ་ཚུར་ག་ལེར་བླངས་ནས་བལྟས་པས་དེའི་ནང་འདི་ལྟར་འཁོད་འདུག སྨུག་སྤྲིན་གྱི་ཡོལ་བའི་གསེབ་ནས་སྔོ་བསངས་མའི་བཞིན་རས་མཐོང་བ་ནི་ཐེངས་རེ་རེ་ཙམ་རེད། དེ་ལས་ཀྱང་རང་གི་སྐྱེས་ཡུལ་དང༌། ཕ་མ། སྤུན་ཉེ། མི་རིགས་གཅིག་པ་རྣམས་མཐོང་ཡུལ་དུ་དཀོན་པའི་ཁྲོན་ཏུའུ་ནི་ཙི་ནའི་ནུབ་རྒྱུད་ན་ཡོད་པའི་གྲོང་ཁྱེར་ཆེ་ཤོས་ཤིག་ཡིན་ལ། ཡར་རྒྱས་སློབ་གྲྭ་ནི་གྲོང་ཁྱེར་དེའི་ཤར་ཕྱོགས་ན་ཡོད་ཅིང་ཕལ་ཆེར་རྒྱལ་ཡོངས་མཐོ་སློབ་ཀྱི་ནང་ནས་སྐད་གྲགས་ཆེ་ཤོས་གྲས་ཤིག་ཀྱང་ཡིན་སྲིད། ཁྱད་མཚར་བ་ཞིག་ལ་བརྒྱད་ཅུ་གྱ་བདུན་ལོར་དམའ་འབྲིང་རྒྱུགས་སྤྲོད་ཐོན་སྐབས། རེ་བ་ཕར་ཞོག་རྨི་ལམ་ཙམ་ཡང་གཏོང་མ་མྱོང་བའི་མཐོ་རིམ་སློབ་གྲྭ་དེར་སླེབས་པ་མ་རེད་དམ། སློབ་གྲྭ་དེའི་སློབ་ཚན་ལ་སེམས་ཁམས་རིག་པ་ དང་དངོས་ལུགས། རྫས་འགྱུར། འཛམ་གླིང་གི་ལོ་རྒྱུས་'རྩོམ་རིག་'ཚན་རིག་'ཆབ་སྲིད།'ས་ཁམས་སོགས་ཡོངས་རྫོགས་རྒྱ་ཡིག་ཤས་གཅིག་གི་ཐོག་ནས་མ་གཏོགས་ལུང་པ་དེར་བོད་ཡིག་མཐོང་རྒྱུ་མེད་པ་དང་འདྲ། རང་ཉིད་བོད་པ་ཞིག་ཡིན་པས་བོད་ཀྱི་སྐད་ཡིག་གོ་རྒྱུ་རིག་རྒྱུ་མེད་པའི་ཡུལ་ཞིག་ཏུ་སླེབས་དུས། ངོ་མ་ཡུལ་མཐའ་འཁོབ་ཅིག་ཏུ་ལྷུང་བའི་སྣང་བ་བརྗེན་པར་འཆར་ཏེ་མཐོ་སློབ་ཏུ་སླེབས་པའི་དགའ་བ་དེ་ཡང་རང་དབང་མེད་པར་ཉམས། རང་ཉིད་གཞི་རིམ་སློབ་གྲྭའི་སྐབས་བྱམས་བརྩེ་ལྡན་པའི་དགེ་རྒན་རྣམས་ཀྱིས་ཟབ་ཁྲིད་ཐེངས་མང་བྱས་མྱངས་བའི་དྲིན་གྱིས་རྒྱའི་སྐད་ཡིག་ཐོག་ནས་སློབ་ཚན་རྣམས་དཀའ་ཚེགས་མེད་པར་ཤེས་ཐུབ་པས། འཛིན་གྲྭའི་ནང་ཨང་རིམ་དང་པོའི་གྲས་སུ་སླེབས། ད་དུང་སྤོ་ལོ་རྩེད་འགྲན་དང་རྒྱུག་རྩེད་སོགས་ཀྱིས་ཀྱང་བོད་མི་རིགས་ཀྱི་ཞབས་འདྲེན་ཞུས་མྱོང་མེད། སློབ་གྲྭ་དེའི་ནང་བོད་སྐད་རྒྱག་དུས་དུད་འགྲོ་ལ་བཤད་པ་ལྟར་རེད་ཡོད་ན། བོད་ཡིག་ཀློག་རྒྱུ་ཕར་ཞོག་མགོ་མཇུག་ཙམ་ཡང་ཤེས་མཁན་ག་ལ་ཡོད། ཚང་མ་རྒྱ་ཕྲུག་ཤ་སྟག་རེད། དམའ་འབྲིང་སློབ་གྲྭའི་སྐབས་རྩེད་མོ་ལ་དགའ་ཞིང་སློབ་གྲོགས་དང་མཐུན་ལམ་ཟབ་བའི་བུ་ང་ས་མཐའི་སློབ་གྲྭ་འདིར་རྩེ་མོ་རྩེད་རོགས་གཅིག་ཀྱང་མེད་ལ། མཐུན་ལམ་བྱེད་མཁན་སློབ་གྲོགས་ཤིག་དེ་ལས་ཀྱང་ག་ལ་ཡོད། ཟུར་མིག་གི་བརྩེ་ཞགས་འཕེན་པའི་བུ་མོ་གཅིག་ཀྱང་ཡོད་མི་སྲིད། གྲོགས་མེད་ཁེར་རྐྱང་དུ་ལུས་པའི་བུ་ང༌། ལས་དབང་ཉག་གཅིག་གིས་འདིར་གཡུགས་པ་མ་རེད་དམ། ལྟོ་ཚང་ནང་གཡག་ཤ་དང་འབྲི་མར་གྱི་དྲི་ཙམ་ཡང་མི་དྲོ་ན་རྩམ་པའི་མིང་ཙམ་ཡང་ག་ལ་གོ་རྒྱུ་ཡོད། སྤྱིར་སློབ་གྲྭ་བ་ཞིག་གིས་ལྟོ་ཆས་ལ་དེ་ཙམ་དོ་སྣང་བྱེད་རྒྱུ་དང་ཅི་ཡོད་དེ། ཆུང་དུས་ནས་གོམས་པའི་ཤ་མར་རྩམ་པ་སོགས་མཐོང་ལམ་ལས་བསྐལ་དུས། ངོ་མ་ནུ་ཞོ་བྲལ་བའི་བྱིས་པ་དམར་འབྱར་ནང་བཞིན་རེད། མཚན་མོར་ཉལ་ཁང་ནང་རྒྱ་ཕྲུག་རྣམས་ཁ་གཅིག་མཐུན་གྱིས་གྲངས་ཉུང་མི་རིགས་ཀྱིས་གླེན་རྟགས་སྟོན་ལུགས་དང༌། ས་བབས་སྐྱོ་ཚུལ། ཐོན་ཁུངས་ཞན་ལུགས་སོགས་འོས་མེད་ཀྱི་འཆལ་གཏམ་གྱར་ཚོལ་དུ་སྨྲ་བ་རྣམས། ངའི་སྙིང་ག་ལ་བཟོད་བསྲན་མི་ཐུབ་པའི་མདའ་མཚོན་སྟོང་ཕྲག་འགས་དུས་གཅིག་ཏུ་འབིགས་པ་ནང་བཞིན་རེད། ཉིན་གཅིག་མི་རིགས་དཔེ་མཛོད་ཁང་ཆེན་མོར་ལྟད་མོ་ལྟ་བར་སོང་བས་དཔེ་མཛོད་དེའི་ནང༌། རྒྱ་དཀར་ནག ཧཕ་རན་སི། ཨ་མེ་རི་ཀ ཨུ་རུ་སི། དབྱིན་ཇི་སོགས་རྒྱལ་ཁབ་གྲགས་ཅན་མང་པོའི་སྐད་ཡིག་ཐོག་གི་དཔེ་དེབ་མང་པོ་ཞིག་ཡོད་པའི་ཁྲོད་དུ། མནའ་བོའི་རྨོངས་དད་རིག་གཞུང་ ཞེས་འཁོད་པའི་དྲ་མིག་ཅིག་གི་ནང་དཔེ་ཆ་སྣ་རིང་ཚིག་རྟུག་གཅིག་འདུག་པ་དེ་ཚུར་བླླངས་ནས་བལྟས་པས་དེ་ནི་བོད་ཡིག་རེད། ཧ་ལམ་ལོ་ཕྱེད་གཉིས་ཙམ་གྱི་རིང་ལ་བོད་ཡིག་གི་དཔེ་ཆ་མཐོང་ཡུལ་ལས་བསྐལ་ཅིང་སླར་ཐེངས་གཅིག་མཐོང་བ་ནི་ངོ་མ་ཨ་མའི་ཞལ་མཇལ་བ་དང་འདྲ་བྱུང༌། དཔེ་ཆ་དེ་ནི་ལས་འབྲས་སྐོར་དང་འཚེ་བ་བྱེད་མི་ཉན་པའི་ཚུལ་ལས་བརྩམས་པའི་དཔེ་རྙིང་ཞིག་རེད། དཔེ་ཆ་འཇོག་སའི་དྲ་མིག་གི་ཁ་བྱང་ལ་རྨོངས་དད་ཅེས་འཁོད་འདུག་པ་འདི་ངོ་མ་རང་དང་ཡིན་ཨེ་སྲིད། ཡིན་ནའང་འདིའི་གསལ་ཁ་ཞིག་སུས་བཤད་ཤེས། བཤད་ཀྱང་ག་ལ་ཕོད། དངོས་གནས་མ་རྒན་ལ་རྡོག་རྫིས་གཏོང་བ་ལས་ཀྱང་སྙིང་ལ་གཟན་སོང༌། མཚན་མོ་དེར་མདང་རྒྱག་གི་རྒྱ་མཚོ་ལ་ལྷུང་སྟེ་གཉིད་ཡེ་ནས་མ་ཁུག ། ཕྱི་ཉིན་སློབ་ཚན་དང་པོ་ས་ཁམས་རིག་པ་ འཁེལ་ཡོད་སྟབས། ས་ཁམས་དགེ་རྒན་ཚུའོ་ལགས་ཀྱིས་ས་ཁམས་སློབ་དེབ་ཁ་ཕྱེས་ཏེ་ལེ་ཚན་བཅོ་ལྔ་བ་འཁྲིད་མགོ་ཚུགས། དེ་ནི་འཛམ་གླིང་གི་ཡང་ཐོག་གྲོང་ཁྱེར་གྲགས་ཅན་རྣམས་ཀྱི་ངོ་སྤྲོད་རེད། དེ་དང་འབྲེལ་ནས་དགེ་རྒན་ཚུའོ་ཡིས། རང་རྒྱལ་གྱི་མངའ་ཁོངས་ན་ཡོད་པའི་ཧྲང་ཧད་དང༌། ཁྲོན་ཏུ་ནི་འཛམ་གླིང་ནང་སྐད་གྲགས་ཡོད་པའི་གྲོང་ཁྱེར་རེད། སྤྱི་བཏང་གྲོང་ཁྱེར་གྱི་མཚན་ཉིད་ལ་ཆུ། གློག གཙང་སྒྲ་འཕྲོད་བསྟེན་བཅས་ཚང་བ་ཞིག་དགོས། ནུབ་ཕྱོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ལྟེ་བ་ལྷ་ས་ལྟ་བུར་གྲོང་ཁྱེར་གྱི་མཚན་ཉིད་ཡོངས་རྫོགས་ད་དུང་ཚགས་ཚུད་པ་ཞིག་ཚང་མེད། ཡིན་ནའང་རྒྱའི་འགྲོ་ལམ་ལྷ་ས་ཟུག་པ་ནས་མགོ་བཙུགས་ཏེ་གྲོང་ཁྱེར་གྱི་ཆ་ཤས་གང་འཚམ་བསྐྲུན་ཡོད། ཟེར། ངའི་སེམས་ལ་ ཨ་ཙི་དེ་འདྲ་རང་དང་ག་ལ་ཡིན། རྒྱལ་ས་ལྷ་སར་གོང་ས་བཅུ་གསུམ་པའི་སྐབས་ཆུ་དང་གློག་འཐེན་ཚར་བར་མ་ཟད། བོད་ཀྱི་སྨན་རྩིས་སློབ་གྲྭར་རི་པིན་སོགས་ཕྱི་རྒྱལ་བ་ཡང་སློབ་སྦྱོང་བྱེད་མཁན་ཡོང་མྱོང་ཡོད། ད་དུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་བྱེད་དང་གད་པ་ཡང་ཡོད་ལ། གྲོང་ཁྱེར་དེ་ལྷ་ཡི་ཞིང་ཁམས་ལྟར་ཕྱོགས་མཐའི་མགྲོན་པོ་ཀུན་གྱིས་རྩིས་ཐང་དང་འབྲེལ་ནས་དད་ཕྱག་དང་གཙང་སྦྲ་ལ་ལྷག་པར་དོ་སྣང་ཆེ་བས། ང་ཚོའི་རྒྱལ་ས་ལྷ་ས་དེ་གྲོང་ཁྱེར་གྱི་མཚན་ཉིད་ཚང་བ་བྱེད་མཁན་སློབ་དཔོན་རྒྱ་རྒན་འདི་ཚོ་ག་ལ་ཡིན། དངོས་གནས་ཧམ་པ་བཤད་སོང༌། ཡིན་ནའང་བདེན་པའི་ར་སྤྲོད་ཅིག་བྱེད་ས་སུ་ཡོད། འདི་ལྟར་དྲན་བཞིན་སློབ་གྲྭ་གྲོལ་རྗེས་ངའི་ཡིད་ཀྱི་རྒྱ་མཚོ་ལ་སྐྱོ་གདུང་གི་རྦ་རླབས་ཕྱུར་མཚམས་མ་ཆད་པར་སློབ་གྲྭའི་སྤྲོ་ཁང་གི་ཟུར་ལྡུམ་རས་བསྐོར་བའི་སྤང་ལྗོངས་ཀྱི་གླིང་གར་རྡོའི་རྐུབ་བཀྱག་ཅིག་གི་སྟེང་དབུགས་རིང་གཏོང་བཞིན་སྡོད། གཡས་གཡོན་གྱི་ཉེ་འགྲམ་ཕན་ཚུན་དུ་རྒྱ་ཕྲུག་ཕོ་མོ་གཉིས་གཉིས་སམ་མང་པོ་མཉམ་སྡོད་ཀྱིས་མཛའ་གཏམ་དང༌། མཚར་གཏམ་སོགས་མང་པོ་གླེང་བཞིན་ཡོད། ཕ་གིན་རྡོ་སྟེགས་ཤིག་གི་སྒང་ལ་ང་ནང་བཞིན་གྲོགས་མེད་ཁེར་རྐྱང་དུ་སྐྱོ་སྣང་གི་རྣམ་འགྱུར་གདོང་རིས་སུ་ཤར་བའི་བུ་མོ་ཞིག་སྡོད་འདུག ཁ་རྩངས་ཡང་མོ་གཅིག་པོ་རེད་ལ་བསྡད་ས་ཡང་དེ་ག་རང་རེད། དངོས་གནས་ཁོ་མོའི་སྙིང་ལའང་ང་ནང་བཞིན་སྐྱོ་སྣང་གི་རྨ་ཁ་ཞིག་འདུག་དྲན་ནས། ག་ལེར་ཁོ་མོའི་མདུན་དུ་སོང་སྟེ། བོད་སྐད་ཐོག་ནས། ཝ་ཡེ། བུ་མོ་ ལབ་མ་ཐག་ཁོང་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་མནན་མི་ཐུབ་པ་དགའ་བའི་མཛུམ་མདངས་ཤིག་གདོང་ངོས་སུ་ཤར་ཏེ། ལགས ཞེས་ཁ་ཐུག་ངའི་ལག་པ་ལ་འཐམས། ས་མཐའ་ནས་མི་རིགས་གཅིག་པ་ཐུག་དུས་ངོ་མ་ཕ་མ་གཅིག་པའི་སྤུན་ཟླ་དང་འཕྲད་པ་ལས་ལྷག་པའི་ཚོར་བ་ཞིག་ཤར་རྒྱུ་འདུག ཁོང་ནི་ཕ་ཡུལ་འབའ་ཐང་ནས་ཡིན་པ་དང༌། མིང་ལ་གཡང་འཛོམས་ཟེར་ཞིང་སློབ་གྲྭ་འདིའི་ནང་གི་སློབ་མ་ཞིག་ཡིན་པ་དེ་དུས་མ་གཏོགས་ག་ལ་ཤེས། ངེད་གཉིས་སྦ་གསང་མེད་པར་གནས་ལུགས་བརྗེན་པ་བཤད་རེས་བྱས་པས། ངོ་མ་ཁོ་ལ་ཡང་ང་དང་སྐྱོ་སྣང་གི་རྒྱུ་མཚན་བཅས་པ་གཅིག་མཚུངས་རེད། འོན་ཀྱང་ཁོང་ནི་ང་ལྟར་སྙིང་ཁམས་ཆུང་བ་ཞིག་མ་རེད། ང་ལ་འཛུམ་མདངས་དང་བཅས། ཁྱོད་རང་སྤོབས་པ་ཞུམ་མི་དགོས། ཁོ་ཚོར་ག་རེ་བཤད་ནའང་བཤད་བཅུག །ང་ཚོའི་ཕ་ཡུལ་གྱི་ས་ཁམས་དང༌། རིག་གཞུང༌། མི་རྒྱུད་སོགས་ལོ་རྒྱུས་ཀྱི་རང་བཞིན་དང་ལྡན་པ་ཞིག་ཡིན་པ་ཁྱེད་རང་གིས་ཀྱང་མཁྱེན་རྒྱུ་རེད། འོན་ཀྱང་ཁོ་ཚོས་བཤད་ཚོད་རྒྱུ་མཚན་སྐམ་པོ་རང་ཡང་མ་རེད། དེང་སྐབས་ང་ཚོའི་མི་ཐོག་འདིར་ཚན་རིག་བཟོ་རྩལ་ཐོག་རྗེས་ལུས་གང་འཚམ་ཐེབས་ཡོད། ཡིན་ནའང་རྒྱ་རྒན་འདི་ཚོས་ང་ཚོ་ལ་བག་ཆགས་ཡག་པོ་ཞིག་བཞག་ཨེ་ཡོད་ཕྱི་མིག་རགས་ཙམ་བལྟས་ན་མཐོང་ཐུབ་ལ། ཕྱིན་ཆད་ཀྱང་ཅི་བྱེད་ཕལ་ཆེར་ཚོད་དཔག་མི་ཐུབ་པ་ཅི་ཡོད། དེ་བས་ང་ཚོས་རྒྱ་ལུགས་ཀྱི་གཙུག་ལག་རིག་གཞུང་ཕྲ་ཕྲ་ཞིབ་ཞིབ་ཅིག་སྦྱངས་ནས་མ་འོངས་པའི་མདུན་ལམ་ཐོག་ཕྱི་རྒྱལ་ལ་ཡོད་པའི་སྤུན་ཟླ་མི་རིགས་གཞོན་ནུ་རྣམས་ཀྱིས་རང་གི་རིག་གཞུང་དང་དེང་ལུགས་ཀྱི་རིག་གསར་གྱི་ལེགས་སྐྱེས་མང་པོ་ཞིག་རང་ཡུལ་དུ་ཁྱེར་འོང་བའི་ཉིན་མོ་དེར། རང་དབང་གི་རྒྱལ་ཁའི་མཛེས་ལྗོངས་ཐོག་རྒྱ་ལུགས་ཀྱི་ལག་རྩལ་དང་ཚན་རིག་གི་ཤེས་བྱའི་སྐྱེད་ཚལ་གསར་བ་ཞིག་བསྐྲུན་རྒྱུ་དེ་ང་ཚོ་ལ་འཁྲིས་པའི་ལས་འགན་ཞིག་རེད། སྐད་ཆ་དེས་ངའི་སེམས་ལ་ངོ་མ་སྔར་དང་མི་འདྲ་བའི་སྙིང་སྟོབས་དང་སྤོབས་པ། ཕུགས་བསམ་དང་ལ་རྒྱའི་ཚོར་བ་གསར་བ་ཞིག་སྦྱིན་སོང༌། དེ་ནས་གཟུང་གཡང་འཛོམས་དང་ང་གཉིས་ཁ་བྲལ་མི་ཤེས་པའི་བརྩེ་བ་ཇེ་ཟབ་ཏུ་ཕྱིན་ཅིང༌། ཁོང་ནི་ང་ལས་ལོ་གཅིག་གིས་འཛིན་གྲྭ་མཐོ་ཞིང༌། སྙིང་རུས་ཆེ་ལ་རིག་པ་ཡང་གསལ་བས། མོས་ང་ལ་སློབ་ཚན་གྱི་ནང་སྦྱོང་མང་པོའི་དཀའ་གནད་ཀྱང་བསླབས་མྱངས། ངའི་མཐོང་ལམ་དུ་གཡང་འཛོམས་ཀྱི་མཛེས་སྡུག་ལ་འཛིན་གྲྭ་གོང་འོག་གི་རྒྱའི་བུ་མོ་ཡོངས་རྫོགས་ཀྱིས་ཆ་ཙམ་ཡང་འགྲན་པར་མི་ནུས་པ་ཞིག་འཆར་འོང་བ་ནི་འཁྲུལ་སྣང་མིན་ན། མི་རིགས་ཀྱི་ཞེན་ཁོག་ཡིན་སྲིད། གང་ལྟར་ཡང་ངའི་སྙིང་གི་དམར་མདངས་ཡོངས་རྫོགས་ཐེར་ཟུག་ཏུ་མོའི་སྙིང་ག་རུ་ཐིམ་སོང་ལ། ཁོ་མོས་ཀྱང་ཁོག་དྲོད་ཀྱི་ནང་ཚ་བོར་ཉར་ཡོད་པ་ཐེ་ཚོམ་མེད། ལོ་དེ་གའི་རྒྱུགས་སྤྲོད་ཆེན་མོའི་སྐབས་གཡང་འཛོམས་ཀྱིས་འཛིན་གྲྭའི་ནང་ཨང་དང་པོ་ཐོབ་ཡོད་པར་མ་ཟད་ངས་ཀྱང་ཨང་དང་པོ་ཐོབ་ཡོད། ཉིན་དེར་ང་རང་གཉིས་ཀ་རྒྱལ་ཁའི་སྤྲོ་སྣང་གིས་གཟུགས་པོ་ཡོངས་རྫོགས་ཁེངས། ཕྱི་ཉིན་གཟའ་ཉི་མ་ཡིན་སྟབས་སྐྲག་སྣང་གི་དགོད་སྒྲ་ ཞེས་པའི་སྙན་གྲགས་ཅན་གྱི་གློག་བརྙན་ཞིག་སླེབས་ཡོད་པར་ང་གཉིས་མཉམ་དུ་ལག་གདང་སྦྲེལ་ནས་ལྟད་མོ་ལ་སོང༌། གློག་བརྙན་དེ་ནི་རིག་གནས་གསར་བརྗེ་སྐབས་ཤེས་ཡོན་ཅན་རྣམས་དམར་སྲུང་དམག་གི་རྡུང་བརྡེག་འོག་སྐྲག་སྣང་བྱུང་ལུགས་ཀྱི་བཞད་གད་སློང་བྱེད་ཅིག་རེད། ལྟད་མོ་གྲོལ་ནས་སློབ་གྲྭ་ལ་ཕྱིར་ཡོང་དུས། ཕོ་གསར་འགའ་ཞིག་གིས་སྔོན་ནས་བཀག་སྟེ།

གྲོགས་པོ་གཉིས་ག་བར་ཕེབས་མཁན་ཡིན་

ཟེར་བཞིན་ཡོངས་རྫོགས་ ཧ་ཧ་ཧ་ ཞེས་དགོད། ངས་ད་དུང་ཕོ་གསར་དེ་ཚོ་འཆོལ་པ་ཡིན་པ་ག་ལ་ཤེས། ལགས་་་་སློབ་གྲྭ་ལ་འགྲོ་མཁན་ཡིན། ཞེས་ལབ། གཡང་འཛོམས་ཀྱིས་བོད་སྐད་ཐོག་ནས། དབང་གྲགས། འདི་ཚོ་འཆོལ་པ་ཤ་སྟག་རེད་ཟེར། དེ་མ་ཐག་ཕོ་གསར་སྐྲ་རིང་པོ་ཨ་ར་ཅུང་ཟད་ཡོད་པ་ཞིག་གིས་གདོང་མིག་ལྟ་བཞིན་མཐོ་སྒང་གི་ལུག་རྒན་གཉིས་ཅི་དྲན་གིན་འདུག་ཟེར་བཞིན་ཕར་འགྲོ་ཚུར་འགྲོ་བྱེད། རྐང་འཁོར་གྱི་ལྕགས་ཐག་ཐོགས་པའི་ཕོ་གསར་ཞིག་གིས་མིག་ཕྱེད་འཛུམ་གྱིས་ བུ་མོ། ཚུར་ལྟོས་དང༌། ལབ་བཞིན་གཡང་འཛོམས་གྱི་ལག་པ་ནས་འཇུས་ཏེ་དྲུད་སོང༌། ངས་ གྲོགས་པོ་དེ་འདྲ་མ་གནང་ ཟེར་ཞོར་གཡང་འཛོམས་ཚུར་འཐེན། གློ་བུར་དུ་ངའི་རྣ་བའི་ནང་སིང་སྒྲ་དང་འུར་སྒྲས་གང་ཞིང་མིག་ལམ་དུ་དམར་འོད་གསལ་བའི་སྐར་མ་ཁྲ་ལྷམ་མེ་བའི་སྣང་བ་ཞིག་གིས་སྔུན་བསུས་ཏེ་འཇིག་རྟེན་ཕྱི་མའི་འཕྲང་ལམ་དུ་འཁྲིད། འཆི་བདག་གིས་ངའི་རྣམ་ཤེས་བསྡུ་ལེན་མ་བྱས་པར་འདྲ། གང་མཚམས་ཤིག་ཏུ་གཉིས་སད་པར་ལྟར་གྱི་སྣང་ངོར་ཁྲོ་བོའི་གཉེར་མ་བསྡུས་པའི་ཉེན་རྟོག་པ་མང་པོས་ངའི་ལག་པ་གཉིས་ཀ་སྲ་ཞིང་འཁྲེགས་པའི་ལྕགས་སྒྲོགས་ཀྱིས་སྡོམ་ནས་ད་དུང་གཤེ་གཤེ་འདྲ་མིན་གཏོང་བཞིན་པ་རེད། སླར་རྡོག་ལྕག་ཅིག་བཞུས་པ་དང་སྦྲག་ཡར་སློང་ནས་གློག་རྒྱུག་གིས་རྡུང་གིན་རྡུང་གིན་འཁྲིད་དེ་སྐར་ཁུངས་ཙམ་ཡང་མེད་པའི་ཁང་པ་ཞིག་གི་ནང་དུ་གཡུགས་སོང༌། ཀྱེ་མ། དེ་མི་མུན་ནག་གི་བཙོན་ཁང་རེད། ཆེས་མཐའ་མཇུག་གི་སྐྱོ་གླུ། ང་ནི་རོལ་རྩེད་ལ་དགའ་ཞིང༌། གླུ་དབྱངས་ལ་མཁས་པའི་གཞོན་ནུ་ཞིག་ཡིན། ངའི་གླུ་གཞས་གཏང་སའི་མཐའ་མའི་ལྡིང་ཆ་ནི་བཙོན་ཁང་ཡིན་ལ། ངུ་ངག་གི་འབོད་སྒྲ་ནི་ངའི་གླུ་དབྱངས་ཏེ། ལྕགས་སྒྲོག་གི་སིལ་སྒྲ་ནི་རོལ་དབྱངས་དང༌། གློག་རྒྱུག་ནི་རྔ་ཆུང་གི་དབྱུ་གུ་ལགས། མུན་ནག་གི་བཙོན་ཁང་ནང༌། ཡོད་ཚོད་མུན་ནག་ཏུ་གྱུར་ཀྱང༌། དྲང་བདེན་གྱི་ཟླ་འོད། ནམ་ཡང་ནུབ་མི་སྲིད།་་་་་་་་ ཀློག་མཚམས་དེར་སླེབས་དུས་ ཏིང་ཏིང་ཏིང་ ཞེས་པའི་སྒྲ་རླབས་ཤིག་རྣ་བར་ལྷུང་བ་དེ་ནི་དར་མདོའི་མཐོ་སློབ་ཀྱི་ཞོགས་པའི་ཅོང་བརྡ་རེད། དབང་གྲགས་ད་དུང་རྨི་ལམ་གྱི་ཞིང་དུ་གཡེངས་ཏེ་ཡོད། ངས་སྒོ་འཕར་ཕྱེས་ཏེ་ཕྱི་ལོགས་ལ་ལྟོས་པས་སྐྱ་རིངས་བུ་མོས་ལག་མྱུལ་གྱིས་མཁའ་མཐའི་སྒོ་གླེགས་ཕྱེས་ཏེ་ཉི་མ་འཆར་ཁའི་དམར་མདངས་སྔོ་བསངས་མའི་ངོས་སུ་འཕོ་ལ་ཉེ་བར་མཐོང༌། ལམ་སེང་དབང་གྲགས་གཉིད་ལས་སློང་བ་དང༌། ཁོ་སྐྲག་སྣང་དང་བཅས་ང་ཕྱིས་དྲགས་སོང༌། གྲོགས་པོ་ཁྱོད་རང་ཡང་ཐག་ཞོར་བྲེང་དྲུད་ཡོང་ཉེན་ཆེ་ཟེར་གྱིན་བྲེལ་འཚུབ་དང་བཅས་སྒོ་ཕྱི་ལ་འཐོན། ཆེས་ཉེ་བའི་གྲོགས་པོ་དབང་གྲགས་དང་ང་གཉིས་ཆེས་མཐའ་མཇུག་གི་མཇལ་འཕྲད་དེ་ཕལ་ཆེར་དེ་ཉིད་ཡིན་སྲིད།

༡༩༩༦ ལོར་༼བླློ་གསལ་རྩོམ་རིག་དགའ་ཚལ༽འདོན་ཐེངས་དང་པོའི་ཐོག་བཀོད།