Jump to content

ཆུ་རྐྱལ་

ཡོང་ཁུངས་Wikipedia

ཆུ་རྐྱལ།

[རྩོམ་སྒྲིག]

ལྷ་སར་ཧ་ཅང་དར་བའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན་ཀྱང་། སྒྲིག་འཛུགས་ལྡན་པའི་འགྲན་བསྡུར་བྱེད་སྲོལ་མེད། ལྷ་ས་ཁུལ་ལ་མཚོན་ན་དབྱར་དུས་མི་ཚང་ཚང་མ་གླིང་གཏོང་ཆུ་བརྒལ་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། དབྱར་དུས་གཞོན་ནུ་ཕོ་མོ་རྣམས་ཀྱང་ཆུ་བརྒལ་བའི་དུས་ཆུ་རྐྱལ་སྣ་ཚོགས་སྦྱང་ཤེས་ཐུབ་ནས་ཆུ་རྐྱལ་རྒྱག་སྐབས་མཐོ་ས་ནས་མཆོང་བ་དང་། ཡང་ན་ཐད་ཀར་རྐྱལ་རྒྱག་པ། རྐང་ལག་དང་གཟུགས་པོའི་ཁྱེར་བཟོ་འདྲ་མིན་ལ་གཞིགས་ཏེ་རྐྱལ་གྱི་རྣམས་གྲངས་དཔེར་ན། ཉལ་རྐྱལ་དང་། ལངས་རྐྱལ། ཁྱི་རྐྱལ་དང་། ད་དུང་ཆུའི་གཏིང་དུ་འཛུལ་བར་དིམ་ཆུ་རྒྱག་པ་ཟེར་བ་སོགས་མང་པོ་ཡོད། དབྱར་མཇུག་བོད་ཟླ་བདུན་པར་སྐར་མ་རི་ཥི་འཆར་སྐབས་ཆུ་ཀླུང་ཐམས་ཅད་ཡན་ལག་བརྒྱད་ལྡན་དུ་གྱུར་ནས་ཆུ་བཟང་བར་བཤད་དེ་གཟའ་འཁོར་གཅིག་རིང་བོད་རིགས་ཡོངས་དང་། ལྷག་པར་ལྷ་ས་བ་རྣམས་ལྷ་ས་སྐྱིད་ཆུའམ་དེ་མིན་རྒྱུག་ཆུར་ཆུ་བརྒལ་སྲོལ་ཡོད་ཅིང་། དེ་སྐབས་གཞོན་ནུ་ཕོ་མོ་དང་ལོ་ཆུང་བྱིས་པ་རྣམས་ཆུ་བརྒལ་བ་དང་ཆུ་རྐྱལ་བ་འདྲ་མིན་སྣ་ཚོགས་བརྒྱབ་ནས་རང་མོས་ཀྱི་ཆུ་རྩལ་འགྲན་པ་དང་། ལྷ་ས་སྐྱིད་ཆུ་གཙང་པོ་ཕར་གཅོད་ཚུར་གཅོད་ཐུབ་པའི་རྩལ་ལྡན་མང་པོ་མཐོང་རྒྱུ་ཡོད།