ཆུ་བོ་སྐལ་ལྡན་ཤིང་རྟ་
ཆུ་བོ་སྐལ་ལྡན་ཤིང་རྟ།
[རྩོམ་སྒྲིག]འདི་མངོན་བརྗོད་ཀྱི་གཞུང་དུ་ཆུ་བོ་གངྒཱའི་མིང་ཡིན་པར་བཤད། དེ་ཡང་མུ་སྟེགས་པའི་རིག་བྱེད་ཀྱི་གཏམ་རྒྱུད་དུ། ལྷ་དབང་ཕྱུག་ཆེན་པོ་ལ་བཙུན་མོ་གཉིས་ཡོད་པ་སྟེ། ལྷ་མོ་ཨུ་མ་དང་གངྒཱ་གཉིས་སོ། །ལྷ་མོ་གངྒཱ་ཆུ་ཀླུང་ཆེན་པོའི་གཟུགས་སུ་སྤྲུལ་ནས་མི་ཡུལ་དུ་ཐོག་མར་བབས་སྐབས་གངས་རི་ཆེན་པོ་ཏི་སེའི་སྟེང་དུ་བབས་པ་དེ་ཉིད་ཆ་ཤས་བདུན་དུ་གྱུར་ནས། རི་ཁ་བ་ཅན་བརྟོལ་ཏེ། ཤུགས་དྲག་ཆེན་པོའི་སྒྲ་དང་བཅས་ཏེ་རྒྱ་མཚོ་ཆེན་པོར་འབབ་པ་ན། རི་ཁ་བ་ཅན་གྱི་ཁྲོད་ན་ཏིང་ངེ་འཛིན་སྒོམ་བཞིན་དུ་བསྡད་པའི་དྲང་སྲོང་ཛ་ཧ་བུ་ཞེས་བྱ་བ་དེ་ཆུའི་སྒྲས་ཏིང་ངེ་འཛིན་སྒོམ་པ་ལ་གནོད་པའི་དབང་གིས་ཁྲོས་ནས། ཆུ་བོ་གངྒཱ་ཧུབ་གཅིག་གིས་འཐུངས་སོ། །ནམ་ཞིག་རྒྱལ་པོ་དུག་ཅན་པ་ཞེས་བྱ་བའི་བུ་དྲུག་ཁྲི་ཤི་ནས་དམྱལ་བར་སྐྱེས་པ་ན། དེའི་རྒྱལ་རབས་ལྔ་པ་རྒྱལ་པོ་སྐལ་ལྡན་ཤིང་རྟས་རང་གི་མེས་པོ་དུག་ཅན་པའི་བུ་རྣམས་དམྱལ་བར་སྐྱེས་པ་ལས་ཐར་བའི་ཆེད་ཆུ་བོ་གངྒཱ་འབབ་པར་འདོད་ནས་དཀའ་ཐུབ་སྤྱད་དེ་ལྷ་ཚངས་པ་མཉེས་པར་བྱས་ཏེ་ཚངས་པ་ལ་གསོལ་བ་བཏབ་པས་ལྷ་ཚངས་པས་ཆུ་བོ་གངྒཱ་འབབ་པར་གྱིས་ཤིག་སྨྲས་ཀྱང་གངྒཱ་འབབ་ཏུ་མ་འདོད་པ་ལ། ལྷ་ཚངས་པས་ཁྱོད་མེས་པོའི་བཀའ་ལ་མ་ཉན་པའི་རྒྱུ་མཚན་ཅི་ཡིན་ཞེས་སྨྲས་ནས་གངྒཱ་བླངས་ཏེ་རང་གི་རལ་པའི་ནང་དུ་བཞག་གོ། གངྒཱ་ཕྱིར་འབྱུང་བར་འདོད་ནས་ལྷ་ཡི་ལོ་སྟོང་ཕྲག་གི་བར་དུ་འཁོར་ཞིང་བབས་ཀྱང་རལ་པ་དེའི་མཐའ་མ་རྙེད། སླར་ཡང་རྒྱལ་པོ་སྐལ་ལྡན་ཤིང་རྟས་ལྷ་ཆེན་པོ་ཚངས་པ་ལ་གསོལ་བ་བཏབ་པས་ལྷ་ཆེན་པོས་རང་གི་རལ་པ་བཙིར་བ་དང་ཆུ་བོ་གངྒཱའི་ཐིགས་པ་གཅིག་གངས་རི་ཏི་སེའི་སྟེང་དུ་བབས་པ་ཡུད་ཙམ་ཞིག་ལ་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར། དེ་ཡང་ཆུ་བོ་ཆེན་པོ་བདུན་དུ་གྱུར་ཏེ། གངས་རི་ཏི་སེའི་ཤར་ཕྱོགས་ཀྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཆུ་བོ་གངྒཱ། ལྷོ་ཕྱོགས་སུ་བྲག་རྨ་བྱའི་ཁ་འདྲ་བ་ནས་ཆུ་བོ་སིནངྷུ། ནུབ་ཕྱོགས་ཀྱི་བྲག་རྟ་ཡི་ཁ་འདྲ་བ་ནས་ཆུ་བོ་པཀྵུ། བྱང་ཕྱོགས་ཀྱི་བྲག་སེང་གེའི་ཁ་འདྲ་བ་ནས་ཆུ་བོ་སི་ཏ་བཅས་འབབ་ཅིང་། གཞན་ཡང་ཆུ་བོ་རྒལ་དང་། ཚིམ་པ་དང་། ན་ལི་ནཱ་བཅས་ཆུ་བོ་ཆེན་པོ་བདུན་འབབ་པའི་ནང་ནས། ཆུ་བོ་གངྒཱ་རི་ཁ་བ་ཅན་བརྒྱུད་ས་འོག་ཏུ་སོང་སྟེ། དམྱལ་བའི་གནས་སུ་རྒྱལ་པོ་དུག་ཅན་པའི་བུ་དྲུག་ཁྲིའི་ལས་ཀྱི་ལྷག་མ་རྣམས་དམྱལ་བ་ནས་ཤི་འཕོས་ཏེ་མཐོ་རིས་སུ་སྐྱེས་པ་ན། ཆུ་བོ་གངྒཱའི་མིང་ལ་ཆུ་བོ་སྐལ་ལྡན་ཤིང་རྟ་དང་། ཚངས་པའི་རལ་ཀླུང་ཞེས་བཏགས་པ་ཡིན་ཟེར།