Jump to content

ཆུ་བོ་ནེེ་རཉྫ་ན་

ཡོང་ཁུངས་Wikipedia

ཆུ་བོ་ནེེ་རཉྫ་ན།

[རྩོམ་སྒྲིག]

བཙན་པོ་པཎྜི་ཏའི《འཛམ་གླིང་རྒྱས་བཤད》ལས། རི་བོ་ག་ཡ་དང་། རི་བོ་སྟེང་རྒྱས་གཉིས་ཀྱི་ཤར་ཕྱོགས་བརྒྱུད་དེ་ལྷོ་ནས་བྱང་དུ་འབབ་ཅིང་། དབྱར་སྟོན་བསིལ་བའི་དུས་སུ་རྡུལ་རྙོག་འདྲེས་མར་མི་ལུས་གང་ཙམ་འབབ་པ་དང་། དགུན་དཔྱིད་ཆར་ཆུ་དཀོན་པའི་དུས་སུ་བྱེ་མའི་གཞུང་ཙམ་ལས་ཆུ་དངོས་སུ་མཐོང་རྒྱུ་མེད་ཀྱང་ཆུ་ལམ་གྱི་བྱེ་མ་གང་ནས་བརྐོས་ཀྱང་ཡན་ལག་བརྒྱད་ལྡན་གྱི་ཆུ་ཐོན་འོང་བ་དེ་ཞིབ་ཏུ་བལྟས་ན་དལ་བུས་ཆུ་བོ་གངྒཱར་འབབ་པར་བརྟེན་ཆུ་བོ་དེ་ཡི་མིང་ལ་ནེེ་རཉྫ་ན་སྟེ་མི་མངོན་པར་རྒྱུ་བ་ཞེས་བཏགས་པ་དང་། ཡང་རྡོ་རྗེ་གདན་དང་ཉེ་བའི་ཤར་ཕྱོགས་དང་། ག་ཡའི་གྲོང་ཁྱེར་གྱི་ཉེ་འདབས་གངྒཱ་དང་ཉེ་བ་སོགས་ས་གནས་འགའ་ཞིག་ཏུ་ཡང་རྒྱུན་མི་ཆད་པར་འབབ་ཞེས་དང་། ནེེ་རཉྫ་ནའི་འགྲམ་གྱི་ཉེ་འཁོར་ཐམས་ཅད་ནགས་ཚལ་དང་སྤང་ལྗོངས་རི་བྲག་སོགས་འདྲེས་མ་ལ་ཆུ་ཡན་ལག་བརྒྱད་ལྡན་མང་པོ་ཕན་ཚུན་འབབ་པ། མི་ཉུང་ཞིང་བྲམ་ཟེ་དང་དྲང་སྲོང་གི་རིགས་ཅན་གྱི་ཁྱིམ་ཐར་ཐོར་ལས་མེད། གནས་དེར་སྟོན་པ་ཐུགས་རྗེ་ཅན་གྱིས་ལོ་དྲུག་དཀའ་བ་སྤྱད་པའི་གནས་དང་ཞབས་རྗེས། ལྟེང་རྒྱས་འོད་སྲུང་སྤུན་རྣམས་བཏུལ་བའི་གནས་དང་། སྔོན་བྱོན་སངས་རྒྱས་རྣམས་ཀྱི་བཞུགས་ཁྲི ཉན་ཐོས་འོད་སྲུང་ཆེན་པོའི་འཁྲུངས་ཡུལ་སོགས་གནས་བྱིན་ཅན་ཤིན་ཏུ་མང་པོ་ཡོད་ཅེས་གསལ།