ཆུ་བཟང་ངག་དབང་ཐུབ་བསྟན་དབང་ཕྱུག་
ཆུ་བཟང་ངག་དབང་ཐུབ་བསྟན་དབང་ཕྱུག
[རྩོམ་སྒྲིག]ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་སྐྱེར་གྲགས་པ་འདི་ཉིད་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲུལ(༡༧༢༥)ལོར་ལྕང་སྐྱ་རོལ་པའི་རྡོ་རྗེའི་སྐུ་མཆེད་དུ་འཁྲུངས། དགུང་ལོ་བཅུ་བདུན་པར་དབུས་ལྷ་ལྡན་ཞིང་དུ་ཕེབས། འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས། སྐུ་གོང་མ་བློ་བཟང་བསྟན་པའི་རྒྱལ་མཚན་རྒྱལ་མཆོག་བདུན་པའི་ཐོག་མའི་ཡོངས་འཛིན་ཡིན་པས་རྗེ་འདི་ལ་བཀུར་བཟོས་ཆེ་བར་མཛད། རྒྱལ་དབང་མཆོག་དང་། ཁྲི་ཆེན་ངག་དབང་མཆོག་ལྡན། རྗེ་ངག་དབང་བྱམས་པ་སོགས་ཀྱི་ཞབས་ལ་གཏུགས་ནས་སློབ་གཉེར་མཛད་པས་གཞུང་ལུགས་ལ་ནང་བྱན་ཆུད་པར་གྱུར། རྒྱལ་དབང་རིན་པོ་ཆེར་བསྙེན་རྫོགས་ཞུས། ཁྲི་ཆེན་ངག་དབང་མཆོག་ལྡན་ལས་འཇིགས་བྱེད་བསྐྱེད་རིམ་གསན་པས་མཐར་ཕྱིན་ནས་རྫོགས་རིམ་ལ་མྱོང་བ་ཐོན། དགུང་ལོ་ཉེར་བཞིར་ཕེབས་པ་ས་འབྲུག(༡༧༤༨)ལོར་མདོ་སྨད་དུ་ཕེབས་ཏེ་དགོན་ལུང་། གསེར་དགོན། སྐུ་འབུམ་རྣམས་ཀྱི་ཁྲིར་བཞུགས། ཆོས་སྲིད་གཉིས་ཆར་གྱིས་བསྐྱངས། དེ་ནས་རྒྱ་ནག་པེ་ཅིང་དུ་ཕེབས་ནས་ལྕང་སྐྱ་རིན་པོ་ཆེ་དང་རོང་བོ་མཚན་སྒྲོགས་ལས་འགྲེལ་བ་བཞི་སྦྲགས་སོགས་ཆོས་བཀའ་གང་ཟབ་མནོས། གོང་མ་ཆན་ལུང་གིས་ལྕང་སྐྱ་རོལ་པའི་རྡོ་རྗེར་ལོ་ཙཱ་མཛད་དུ་བཅུག་ནས་རྗེ་འདི་པ་ལ་ཁྱབ་པའི་དམིགས་པ་སོགས་ཞི་གནས་ལས་བརྩམས་ཏེ་བཀའ་འདྲི་ཞུས། དགུང་ལོ་སོ་དྲུག་སྟེང་བྱ་ཁྱུང་དུ་ཐོག་མར་ཕེབས་ནས་བསྙེན་མཚམས་དང་། རྒྱུད་པ་གྲྭ་ཚང་ལ་གསང་སྡེ་འཇིགས་གསུམ་གྱི་དབང་དང་ཚོགས་ཆེན་ལ་ཀུན་རིག་གི་དབང་བརྩལ། དགུང་ལོ་ཞེ་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག(༡༧༧༢)ལོར་བྱ་ཁྱུང་དགོན་པའི་མཁན་རབས་སོ་དགུ་པའི་སེང་ཁྲིར་ཕེབས། དགུང་ལོ་ལྔ་བཅུ་ཙམ་ནས་སྐུ་འབུམ་མཁན་པོ་ལས་ཐོག་པ་མགོན་གྱ་ཚང་མ་བཞུགས་པའི་རྐྱེན་གྱིས་གདན་ས་གཡས་གཡོན་གཉིས་ཀ་ཟུང་འབྲེལ་དུ་བསྐྱངས། དེ་ལྟར་ལོ་བཅུའི་རིང་འཆད་ཉན་ལ་གཟིགས་རྟོགས་གང་དྲག་དང་། ཟླ་ངོ་རེ་གཉིས་སུ་སྐུ་མཚམས་ལ་བཞུགས་པ། སྔ་ཕྱིར་ཐུགས་རྗེ་ཆེན་པོ། གདུག་དཀར། འཇིགས་བྱེད་བཅུ་གསུམ་མ་རྣམས་ཀྱི་དབང་བསྩལ་བ་སོགས་འདོད་ཆོས་ཅི་རིགས་སོ་སོའི་མོས་པ་བཞིན་གནང་ནས་བསྟན་པའི་བྱ་བ་རླབས་གང་ཆེ་མཛད། བྱ་ཁྱུང་འདུ་ཁང་ཆེན་མོ་ཀ་བ་བརྒྱ་དང་ཉེར་བརྒྱད་ཅན་ཕྱི་ནང་བར་གསུམ་ཞིག་གསོ་དང་། བྱ་ཁྱུང་གི་ཆུ་བཟང་བླ་བྲང་གསར་གསོས་གནང་། འདུ་ཁང་དུ་སྤྱན་རས་གཟིགས་ཀྱི་ལི་སྐུ་རྒྱབ་ཡོལ་བཞུགས་ཁྲི་དང་བཅས་པ། བཙན་ཁང་དུ་སྟག་ལྤགས་ཀྱི་རྒྱལ་མཚན། བླ་བྲེ། དངུལ་གྱི་བཀྲ་ཤིས་རྟགས་བརྒྱད་སོགས་གསར་བཞེངས་ཐོག་གཞན་ལྷ་ཁང་འདུ་ཁང་སོ་སོར་སྟོང་མཆོད་དང་མཆོད་རྫས་ཀྱི་ཐེབས་དངུལ་ཕོན་ཆེན་ཕུལ། དགུང་ལོ་ང་བདུན་ལ་ཕེབས་པ་ལྕགས་གླང(༡༧༨༡)ལོར་ཁྲི་དགོངས་ཞུ་མཛད། དགུང་ལོ་རེ་གཅིག་ལ་ཕེབས་པ་ཤིང་སྤྲུལ(༡༧༨༥)ལོར་ཆེད་དུ་གདན་ཞུས་ལྟར་དན་ཏིག་དང་། གོང་སྐྱ། ཚེ་ཏན་སོགས་ཀྱི་དགོན་པར་ཕེབས་ཤིང་། རིམ་པར་དེ་དག་གི་ཁྲི་པ་མཛད་དེ་ཆོས་སྲིད་ཀྱིས་བསྐྱངས། ཁྱད་པར་དན་ཏིག་ཐིས་པ་ཡང་ཏིག་རྣམས་ལ་གནས་མཇལ་སྐབས་དག་པའི་གཟིགས་སྣང་མང་དུ་བྱུང་ཞིང་། བྲག་ལ་རང་འབྱོན་གྱི་ལྷ་སྐུ་འདི་དང་འདི་རེད་ཅེས་བསྟན་པར་མཛད། མེ་ལུག(༡༧༨༧)ལོར་བྱ་ཁྱུང་གདན་རབས་དང་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་བརྩམས། དགུང་ལོ་དོན་གཉིས་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་མེ་འབྲུག(༡༧༩༦)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།