ཆགས་མེད་མནོལ་བསང་

ཡོང་ཁུངས་Wikipedia

༄༅། །སློབ་དཔོན་པདྨས་མཛད་པའི་མནོལ་བསང་བཞུགས་སོ། །

སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་འཆིང་ཕུ་ན་བཞུགས་པའི་ཚེ༔ ཁྲི་སྲོང་ལྡེ་བཙན་ཁམས་སྙུང་བ་ལས༔ ཡུལ་དུ་བཙའ་སད་སེར་གསུམ་ནད་མཚོན་མུ་གེ་ལ་སོགས་པའི་དགེ་བ་སྣ་ཚོགས་བྱུང་༔ སྨན་པ་ལ་བསྟན་པས་འདུ་བ་རྣམ་བཞིའི་ནད་མི་སྣང་༔ མི་གཙང་མནོལ་གྲིབ་རེད་ཟེར༔ དེ་ཅིའི་མནོལ་ཤེས་ན་ཕན་གསུངས༔ དེར་མོ་དང་རྩིས་བྱས་པས༔ མི་གཙང་མནོལ་གྲིབ་རེད༔ དེ་ཅིའི་མནོལ་མ་ཤེས་ན༔ རྒྱལ་པོའི་བཙུན་མོ་མང་བཟའ་ཁྲི་ལྕམ་ལ་བཙོག་ནལ་གྱི་བུ་གཅིག་ཡོད་པ་དེ༔ ཁོལ་མོ་གཅིག་ལ་གཏད་དེ༔ འདི་ས་ལ་སྦས་དགོས་ཟེར་ནས༔ ཁོལ་མོས་ས་ལ་དོང་རྐོས་ཏེ་སྦས་སོ༔ དེར་ཁོལ་མོ་ན༔ ཡན་ལག་ཞ༔ དེ་ཡང་སྨན་པ་ལ་བསྟན་པས་འདུ་བ་རྣམ་བཞིའི་ནད་མི་འདུག༔ མི་གཙང་མནོལ་གྲིབ་རེད༔ ཅིའི་མནོལ་ཤེས་ན་ཕན་ཟེར་ནས༔ ཁྲི་ལྕམ་གྱི་བུ་སྦ་ཚུལ་བཤད༔ དེར་གཅིག་སྨྲས༔ གཉིས་སྨྲས༔ མང་དུ་ཐོས་ནས༔ རྒྱལ་པོས་ཐོས་ནས་ཁྲི་ལྕམ་ཆད་པ་བཅད་དགོས་ཟེར་ནས༔ དེ་ནས་ཁྲི་ལྕམ་ཨུ་རྒྱན་གྱི་མདུན་དུ་སོང་ནས༔ སྐྱབས་འཚོལ་བའི་གསོལ་བ་བཏབ་བོ༔ དེ་ནས་སློབ་དཔོན་གྱིས་རྒྱལ་པོ་ལ་འདི་ཁྲིམས་བཅད་མི་དགོས༔ ང་སྣང་སྲིད་བདེན་མེད་ཀྱི་རྣལ་འབྱོར་ཡིན་པས༔ མནོལ་གྲིབ་འདི་བས་ཆེ་བའི་དུག་ལྔའི་མནོལ་གྲིབ་བསང་བ་ཡོད༔ རྗས་དང་ཡོ་བྱད་ཚང་བ་བསགས་ནས༔ རྒྱལ་བློན་བཙུན་མོ་དང་བཅས་པ་བསམ་ཡས་ཧལ་པོ་རིའི་རྩེ་མོ་ལ་བྱོན་སྲུངས་ནས༔ རིའི་རྩེ་མོ་ལ་བྱོན་ནས༔ རྫས་རྣམས་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབ་ནས་འདི་སྐད་དོ༔ ཀྱེེ༔ སེམས་ཅན་ཀུན་ཀྱང་མ་རིག་འཐིབ་པོས་མནོལ༔ ཉོན་མོངས་དུག་ལྔས་ཡེ་ཤེས་ལྷ་ལྔ་མནོལ༔ སྒོ་གསུམ་མི་དགེའི་ལུས་ངག་ཡིད་གསུམ་མནོལ༔ འདུལ་ཁྲིམས་ཉམས་པས་ལུས་ཀྱི་མཁའ་འགྲོ་མནོལ༔ དམ་ཚིག་ཉམས་པས་རྡོ་རྗེ་སློབ་དཔོན་མནོལ༔ ཚོགས་གཏོར་ཆུང་བས་མ་དང་མཁའ་འགྲོ་མནོལ༔ ཕུད་ཉམས་ལྷག་མས་ཆོས་སྐྱོང་སྲུང་མ་མནོལ༔ སེར་སྣ་འབག་པས་བཀའ་སྲུང་དམ་ཅན་མནོལ༔ ཏིང་འཛིན་འཁྲུག་པས་སྲིད་པའི་མ་མོ་མནོལ༔ བརྩེ་གདུང་འཁྲུག་པས་མཆེད་དང་ལྕམ་དྲལ་མནོལ༔ ཞེ་སྡོང་འཁྲུག་པས་ཞི་བའི་ལྷ་རྣམས་མནོལ༔ ང་རྒྱལ་འཁྲུག་པས་རྒྱས་པའི་ལྷ་རྣམས་མནོལ༔ འདོད་ཆགས་འཁྲུག་པས་དབང་གི་ལྷ་རྣམས་མནོལ༔ ཕྲག་དོག་འཁྲུག་པས་དྲག་པོའི་ལྷ་རྣམས་མནོལ༔ གཏི་མུག་འཁྲུག་པས་གསལ་བྱེད་ལྷ་རྣམས་མནོལ༔ དཀར་དམར་འཐོབ་གཞོབ་ཡུལ་ལྷ་གཉེན་པོ་མནོལ༔ འཁོན་འཐབ་འཁྲུག་པས་བྱེས་ལྷ་གཉེན་པོ་མནོལ༔ མི་གཙང་ཐབ་ཀྱི་ཁྱིམ་ལྷ་ཁྱིམ་བདག་མནོལ༔ མི་གཙང་དྲི་ཡིས་མགོན་སྐྱབས་ལྷ་རྣམས་མནོལ༔ ཁྱད་པར་མི་གཙང་བུད་མེད་བང་རྨེ་ཡི༔ སྟེང་འོག་བར་གསུམ་ལྷ་ཀླུ་གཉེན་རྣམས་མནོལ༔ ཕུག་ལྷ་སྒོ་ནོར་ཁྱིམ་ལྷ་ཁྱིམ་བདག་མནོལ༔ ལུས་ངག་ཡིད་གསུམ་འཕྲག་ལྷ་དགྲ་ལྷ་མནོལ༔ ལུས་མནོལ་ལུས་ཀྱི་མདངས་ཉམས་ལུས་སྟོབས་ཤོར༔ མགོ་འཛིང་རོ་སྟོད་ན་ཞིང་མིག་མི་གསལ༔ ངག་མནོལ་སྐད་འགག་ལྐུགས་ཅིང་སྨྲ་མི་བདེ༔ སེམས་མནོལ་ཡིད་མི་བདེ་ཞིང་འཚིག་པ་ཟ༔ རྗེད་ངེས་གཉིད་འཐིབ་བྱིང་ཞིང་མཚན་མོ་གཡེལ༔ ཡན་ལག་མནོལ་བས་ཞ་འགྲམ་སྦྲིད་ཅིང་ན༔ ཕ་མཚོན་མནོལ་བས་ཞ་འགྲམ་རྩ་དཀར་རྨོངས༔ མ་མཚོན་མནོལ་བས་ཟས་ནོར་ལོངས་སྤྱོད་དབུལ༔ འཕྲག་ལྷ་ཉམས་པས་བཀྲག་དང་གཟི་མདངས་ཉམས༔ རྒྱབ་བརྟེན་མནོལ་བས་བསམ་པའི་ལས་མི་འགྲུབ༔ དགྲ་ལྷ་ཉམས་པས་དགྲ་སྲི་ཐད་ཀར་ལངས༔ གོ་མཚོན་མདངས་ཉམས་གོ་ལག་མནོ་མཚོན་བརྟུལ༔ ཁང་ལྷ་མནོལ་བས་ཟག་ཅིང་ཚག་སྒྲ་འབྱིན༔ ནོར་ལྷ་མནོལ་བས་སྤུ་བྱི་རྔོ་རྣུ་འབྱུང་༔ གཅིག་སྤུ་གཅིག་གིས་ཟ་ཞིང་དཀར་ཤེ་སྟོང་༔ ཤི་ཆད་གོད་དང་འོ་མ་ཞོ་ཐུད་ལད༔ ཞིང་ལྷ་མནོལ་བས་ཞིང་ས་ཁོལ་བུག་སྟོང་༔ ས་བོན་རུལ་དང་སྐམ་ནས་འབྲས་མི་སྨིན༔ གྲོགས་ལྷ་ཉམས་པས་ཟ་ཁ་འགོང་པོ་འཇུག༔ གཞན་ཡང་རྨེ་མནོལ་གཙོག་མནོལ་རྨུགས་གི་མནོལ༔ ཡུགས་སའི་མནོལ་དང་རབས་ཆད་ཕོ་མོས་མནོལ༔ ཕོ་བྱི་མོ་ནལ་ཟླ་མཚན་འཛག་པས་མནོལ༔ ཟས་མནོལ་གོས་མནོལ་ཐབ་གཞོབ་མཁོན་གྱི་མནོལ༔ མཛེ་ཅན་འབྱུང་པོ་དམ་ཉམས་གདོན་གྱི་མནོལ༔ ཤི་བའི་དུར་སྲི་གསོན་གྱི་བང་རྨེའི་མནོལ༔ སྡིག་ཅན་ཤན་པ་མནའ་གཟན་གྲི་བོའི་མནོལ༔ དེ་ལ་སོགས་པའི་མི་གཙང་མནོལ་གྲིབ་ཀུན༔ འབྱུང་བ་དྭངས་མ་ལྔ་ལས་གྲུབ་པ་ཡི༔ ས་ལ་རབ་བརྟེན་ཆུ་ཡིས་རབ་ཏུ་བརླན༔ མེ་ཡིས་དྲོད་སྐྱེད་རླུང་གིས་རབ་བསྐྱེད་པའི༔ རྩ་བ་ཀླུ་བའི་གནས་ནས་སྐྱེས་པའི་ཤིང་༔ རྩེ་མོ་ལྷ་རྣམས་རབ་ཏུ་སྨིན་པའི་ཤིང་༔ ལོ་འདབ་མི་ཡི་གནས་སུ་ཁྱབ་པའི་ཤིང་༔ དྲི་མཆོག་ཀུན་ལ་མ་ལུས་ཁྱབ་པའི་ཤིང་༔ ཁ་དོག་དྲི་རོ་ནུས་བཅུད་ལྡན་པའི་ཤིང་༔ ཤིང་མཆོག་ཙན་དན་དཀར་དམར་ཨ་ག་རུ༔ གསེར་ཤིང་མཁན་པ་གཡུ་ཤིང་ཤུག་པ་དང་༔ དུང་ཤིང་བ་ལུ་སྟག་པ་སྤེན་དཀར་དང་༔ འོམ་བུ་སྦ་སྨྱུག་ཉལ་མའི་མགོ་ཅན་དང་༔ ཕོ་ཤིང་མོ་ཤིང་བུ་ཤིང་སྣ་ཚོགས་དང་༔ འབྲས་བུ་གསུམ་དང་བཟང་དྲུག་སྨན་སྣའི་ཚོགས༔ དྲི་ལྡན་རོ་ནུས་ཁ་དོག་དཀར་བའི་རིགས༔ ནས་འབྲས་གྲོ་དང་སོ་བ་ཉུང་མ་དང་༔ འབྲུ་སྣ་དཀར་ནག་འབྲུ་ཡི་རིགས་བྱེད་དང་༔ དར་སྣ་རིན་ཆེན་འབྲུ་ཡི་ཕྱེ་མར་དང་༔ སྐྱེམས་པའི་ཆང་དང་ཤིང་མཆོག་ཁུ་བ་ཇ༔ དཀར་གྱི་ཕུད་དང་མངར་གྱི་དྭངས་མ་དང་༔ ཤ་ཁྲག་སྣ་ཚོགས་དབང་པོ་རྣམ་ལྔའི་གསུར༔ བྱིན་གྱིས་རླབས་པའི་དམ་རྫས་དཀར་དམར་དང་༔ གུ་གུལ་དཀར་ནག་དྲི་སྤོས་སྣ་ཚོགས་དང་༔ ཕྱི་ནང་གསང་གསུམ་མནོལ་འཐིབ་བསང་བའི་རྫས༔ མེས་བསྲེག་ཆུས་བཀྲུས་རླུང་གིས་རབ་གཏོར་ནས༔ ནམ་མཁའ་བཞིན་དུ་སྟོང་པ་གྱུར་པའི་དང་༔ རཾ་ལས་སྐྱེས་པའི་མེ་ལ་སྲེག་པ་ཡི༔ དྲི་མཆོག་དྲི་གསུར་རྣམ་པ་སྣ་ཚོགས་ཀྱིས༔ མ་རིག་མི་གཙང་མནོལ་བ་འཐིབ་པ་རྣམས༔ མ་ལུས་གསལ་བྱེད་རྩ་རྒྱུད་བླ་མ་དང་༔ དཀོན་མཆོག་གསུམ་དང་ཡི་དམ་ལྷ་ཚོགས་དང་ ཕྱི་ནང་གསང་གསུམ་ལྷ་རྣམས་དྲི་ཡིས་བསང་༔ མི་གཙང་མནོལ་འཐིབ་དྲི་མ་བསལ་དུ་གསོལ༔ མ་རིག་མནོལ་ན་རང་བྱུང་ཡེ་ཤེས་བསང་༔ དུག་ལྔས་མནོལ་ན་རིགས་ལྔའི་སངས་རྒྱས་བསང་༔ སྒོ་གསུམ་མནོལ་ན་སྐུ་གསུམ་ལྷ་རྣམས་བསང་༔ འདུལ་ཁྲིམས་ཉམས་པས་མནོལ་ན་ལུས་ཀྱི་མཁའ་འགྲོ་བསང་༔ དམ་ཚིག་ཉམས་པས་མནོལ་ན་རྡོ་རྗེ་སློབ་དཔོན་བསང་༔ ཚོགས་གཏོར་ཆུང་བས་མནོལ་ན་མ་དང་མཁའ་འགྲོ་བསང་༔ ཕུད་ཉམས་ལྷག་མས་མནོལ་ན་ཆོས་སྐྱོང་སྲུང་མ་བསང་༔ སེར་སྣ་འབག་པས་མནོལ་ན་བཀའ་སྲུང་དམ་ཅན་བསང་༔ ཏིང་འཛིན་འཁྲུག་པས་མནོལ་ན་སྲིད་པའི་མ་མོ་བསང་༔ བརྩེ་གདུང་འཁྲུགས་པས་མནོལ་ན་མཆེད་དང་ལྕམ་དྲལ་བསང་༔ ཞེ་སྡང་འཁྲུག་པས་མནོལ་ན་ཞི་བའི་ལྷ་རྣམས་བསང་༔ ང་རྒྱལ་འཁྲུག་པས་མནོལ་ན་རྒྱས་པའི་ལྷ་རྣམས་བསང་༔ འདོད་ཆགས་འཁྲུག་པས་མནོལ་ན་དབང་གི་ལྷ་རྣམས་བསང་༔ ཁྲག་དོག་འཁྲུག་པས་མནོལ་ན་དྲག་པོས་ལྷ་རྣམས་བསང་༔ གཏི་མུག་འཁྲུག་པས་མནོལ་ན་གསལ་བྱེད་ལྷ་རྣམས་བསང་༔ དཀར་དམར་ཐབ་གཞོབ་ཡུལ་ལྷ་གཉེན་པོ་བསང་༔ འཐབ་མཁོན་འཁྲུག་པས་མནོལ་ན་བྱེས་ལྷ་གཉེན་པོ་བསང་༔ མི་གཙང་ཐབ་ཀྱིས་མནོལ་ན་ཁྱིམ་ལྷ་ཁྱིམ་བདག་བསང་༔ མི་གཙང་དྲིས་མནོལ་མགོན་སྐྱབས་ལྷ་རྣམས་བསང་༔ དེ་བཞིན་དུ་གཤེགས་སུ་གསོལ་བ་ནི༔ ཁྱད་པར་མི་གཙང་བུད་མེད་བང་རྨེ་ཡི༔ སྟེང་འོག་བར་གསུམ་ལྷ་ཀླུ་གཉེན་ལ་སོགས༔ ཕུག་ལྷ་སྒོ་ནོར་ཁྱིམ་ལྷ་ཁྱིམ་བདག་སོགས༔ ལུས་ངག་ཡིད་དང་འཕྲག་ལྷ་དགྲ་ལྷ་སོགས༔ མནོལ་འཐིབ་མི་གཙང་དྲི་མ་མ་ལུས་པ༔ རྩི་ཤིང་དྲི་སྨན་དྲི་གསུར་སྣ་ཚོགས་དང་༔ ཕྱི་ནང་གསང་གསུམ་འདོད་ཡོན་སྣ་ཚོགས་དང་༔ མི་གཙང་མནོལ་འཐིབ་དྲི་མ་བསལ་གྱུར་ཅིག༔ ལུས་འདི་མནོལ་ན་ལྷན་སྐྱེས་ལྷ་རྣམས་གསལ་གྱུར་ཅིག༔ ངག་མནོལ་གསུང་སྙན་གྲགས་སྟོང་ལྷ་རྣམས་གསལ་གྱུར་ཅིག༔ ཡིད་མནོལ་དྲན་བྱེད་གསལ་སྟོང་ལྷ་རྣམས་གསལ་གྱུར་ཅིག༔ ཡན་ལག་མནོལ་ན་ཞང་ལྷ་གཉེན་པོ་གསལ་གྱུར་ཅིག༔ མི་གཙང་མནོལ་འཐིབ་དྲི་ཡིས་སེལ་གྱུར་ཅིག༔ ཡེ་ཤེས་ལྷ་རྣམས་བཙོག་གིས་མནོལ་གྱུར་ན༔ སྤོས་དཀར་སྨན་མཆོག་དྲི་ཡིས་སེལ་གྱུར་ཅིག༔ འཇིག་རྟེན་ལྷ་རྣམས་བཙོག་གིས་མནོལ་གྱུར་ན༔ ཤིང་མཆོག་ཕྱེ་མ་དྲི་ཡིས་སེལ་གྱུར་ཅིག༔ མ་སྲིང་མཁའ་འགྲོ་བཙོག་གིས་མནོལ་གྱུར་ན༔ བྷ་ལ་མ་དྷ་དྲི་ཡིས་སེལ་གྱུར་ཅིག༔ ཆོས་སྐྱོང་སྲུང་མ་བཙོག་གིས་མནོལ་གྱུར་ན༔ ཤ་ཁྲག་སྣ་ཚོགས་གསུར་གྱིས་སེལ་གྱུར་ཅིག༔ ཕ་མཚོན་མ་མཚོན་བཙོག་གིས་མནོལ་གྱུར་ན༔ དྲི་སྤོས་སྣ་ཚོགས་དྲི་ཡིས་སེར་གྱུར་ཅིག༔ ཕྲག་ལྷ་མི་གཙང་བཙོག་གིས་མནོལ་གྱུར་ན༔ འབྲས་དཀར་ཕྱེ་མ་དྲི་ཡིས་སེལ་གྱུར་ཅིག༔ དགྲ་ལྷ་མི་གཙང་བཙོག་གིས་མནོལ་གྱུར་ན༔ གཡུ་ཤིང་ཤུག་པ་དྲི་ཡིས་སེལ་གྱུར་ཅིག༔ ནོར་ལྷ་མི་གཙང་བཙོག་གིས་མནོལ་གྱུར་ན༔ སྟག་པ་སྤེན་དཀར་དྲི་ཡིས་སེལ་གྱུར་ཅིག༔ ཁང་ལྷ་མི་གཙང་བཙོག་གིས་མནོལ་གྱུར་ན༔ འོམ་བུ་མཁན་དཀར་དྲི་ཡིས་སེལ་གྱུར་ཅིག༔ ཞིང་ལྷ་མི་གཙང་བཙོག་གིས་མནོལ་གྱུར་ན༔ འབྲུ་མཆོག་སྣ་ཚོགས་དྲི་ཡིས་སེལ་གྱུར་ཅིག༔ ཡུལ་ལྷ་མི་གཙང་བཙོག་གིས་མནོལ་གྱུར་ན༔ སྦ་སྨྱུག་དཀར་གསུམ་དྲི་ཡིས་སེལ་གྱུར་ཅིག༔ གཉེན་རྣམས་མི་གཙང་བཙོག་གིས་མནོལ་གྱུར་ན༔ དར་མཚོན་སྟག་གཟིག་འཕན་གྱིས་སེལ་གྱུར་ཅིག༔ ས་བདག་མི་གཙང་བཙོག་གིས་མནོལ་གྱུར་ན༔ རིན་ཆེན་སྣ་ཚོགས་དྲི་ཡིས་སེལ་གྱུར་ཅིག༔ ཀླུ་རྣམས་མི་གཙང་བཙོག་གིས་མནོལ་གྱུར་ན༔ སྨན་མཆོག་སྣ་ཚོགས་དྲི་ཡིས་སེལ་གྱུར་ཅིག༔ གཙང་རིགས་ལྷ་རྣམས་གཙོག་གིས་མནོལ་གྱུར་ན༔ མཁན་པ་ཉལ་མའི་དྲི་ཡིས་སེལ་གྱུར་ཅིག༔ ལྷ་སྲིན་སྡེ་བརྒྱད་གཙོག་གིས་མནོལ་གྱུར་ན༔ སྟག་པ་སྤེན་དཀར་དྲི་ཡིས་སེལ་གྱུར་ཅིག༔ ཡུགས་ས་རབས་ཆད་རྨུགས་གིས་མནོལ་བ་དང་༔ ཕོ་བྱི་མོ་ནལ་ནལ་བུས་མནོལ་བ་དང་༔ མཛེ་ཅན་འབྱུང་པོ་དམ་ཉམས་གདོན་གྱིས་མནོལ༔ མི་གཙང་དྲི་ངན་མཚན་མ་མཐོང་བས་མནོལ༔ ཤི་བའི་དུར་སྲི་གསོན་གྱི་བང་སྨེས་མནོལ༔ སྡིག་ཅན་ཤན་པ་མནའ་ཟན་དྲི་བོས་མནོལ༔ དེ་ལ་སོགས་པའི་མི་གཙང་མནོལ་གྲིབ་རྣམས༔ རྩི་ཤིང་སྨན་སྣ་དྲི་སྤོས་སྣ་ཚོགས་ཀྱི༔ གསུར་དུད་ལྷ་ལམ་དབྱིངས་སུ་འཁྲིགས་པ་འདིས༔ ནམ་མཁའ་སྤྲིན་བྲལ་བཞིན་དུ་དྭངས་གྱུར་ཅིག༔ དུག་ཟོས་སྐྱུག་པ་བཞིན་དུ་བདེ་གྱུར་ཅིག༔ རྨུགས་འཐིབ་དྭངས་བ་བཞིན་དུ་སངས་གྱུར་ཅིག༔ མེ་ལོང་གཡའ་ཕྱིས་བཞིན་དུ་གསལ་གྱུར་ཅིག༔ ཟླ་བ་ཡར་ངོ་བཞིན་དུ་རྒྱས་གྱུར་ཅིག༔ མེ་ཏོག་མདངས་གསལ་བཞིན་དུ་བཀྲག་གྱུར་ཅིག༔ ཡོན་ཏན་འབྲས་དྲུག་བཞིན་དུ་སྨིན་གྱུར་ཅིག༔ ཆབ་སྲིད་གཙང་པོ་བཞིན་དུ་རྒྱས་གྱུར་ཅིག༔ དགོས་འདོད་ནོར་བུ་བཞིན་དུ་འབྱུང་གྱུར་ཅིག༔ བདག་ཅག་ཚེ་རིང་ནད་མེད་ལྡན་གྱུར་ཅིག༔ བསོད་ནམས་རི་བོ་བཞིན་དུ་བརྟན་གྱུར་ཅིག༔ སྙན་པས་ཕྱོགས་རྣམས་ཀུན་ཏུ་ཁྱབ་གྱུར་ཅིག༔ ཀུན་ཀྱང་ནད་མེད་ཆོས་ལ་སྤྱོད་གྱུར་ཅིག༔ ནོར་མེད་ནོར་ལྡན་མིག་མེད་གཟུགས་མཐོང་ཞིང་༔ འོན་པས་སྒྲ་ཐོས་ལྐུགས་པ་སྨྲ་ལྕེ་བདེ༔ སྨྱོ་རྣམས་དྲན་བདེ་ཞ་བོ་བདེ་བར་གྱུར༔ སྡུག་བསྔལ་ཅན་རྣམས་བདེ་དང་རབ་ལྡན་ནས༔ ཕུན་སུམ་ཚོགས་པ་དེང་འདིར་འགྲུབ་གྱུར་ཅིག༔ ཅེས་སྨོན་ལམ་དང་བཅས་པ་མཛད་ནས༔ ད་ལན་རྟེན་འབྲེལ་གྱི་མནོལ་བསང་འདིས༔ མ་འོང་པའི་གང་ཟག་རྣམས༔ རྣམ་རྟོགས་བག་ཆགས་ཤས་ཆེ་བ་རྣམས་ཀྱི་དོན་དུ་དབང་ཆེན་མི་ཡི་སྤྲུལ་པ་མཚོ་དག་བྱེད་རིན་ཆེན་ཆུ་ཡི་གཏེར་དུ་སྦས་སོ༔ སྨོན་ལམ་ཐོབ་ཅིག་གསུངས་ནས༔ རྒྱལ་བློན་འཁོར་དང་བཅས་པ་བདེ་བ་དང་ལྡན་པར་འགྱུར་རོ༔ གཏེར་སྟོན་ཀརྨ་གླིང་པས་སྒམ་པོ་དཔལ་གྱི་རི་བོ་ནས་གདན་དྲངས་པའོ༔ ཞེས་པའི་བྲིས་མ་ལས་བཤུས་པ་དགེ་ལེགས་འཕེལ༔ སརྦ་མངྒ་ལཾ༔ ༔ཤུ་བྷཾ་ཨྀ་ཐི། །