Jump to content

ཆགས་པ་

ཡོང་ཁུངས་Wikipedia

ཆགས་པ་ཞེས་པ་ནི་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་ཉོན་མོངས་པའི་གཙོ་བོ་གསུམ་གྱི་ནང་གསེས་ཤིག་སྟེ་འདོད་ཆགས་ཀྱི་མིང་གཞན་ཞིག་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

སྒྲ་བཤད། ཡུལ་མཛེས་པ་ལ་ཀུན་ནས་ཉོན་མོངས་པས་ཡུལ་དེ་དང་འབྲལ་མི་འདོད་པའམ་ལྷག་པར་ཆགས་པའི་རྣམ་པ་ཅན་གྱི་སེམས་བྱུང་ཁྱད་པར་ཅན་ཞིག་ཡིན་པས་ན་ཆགས་པ་ཟེར་རོ། །

ནང་དོན།

[རྩོམ་སྒྲིག]

ཆགས་པའི་རྣམ་གྲངས། ཆགས་པ་ལ་དབྱེ་ན་སེམས་ཅན་ལ་ཆགས་པ་དང་ལོངས་སྤྱོད་ལ་ཆགས་པ། ལུས་ལ་ཆགས་པ་སོགས་དུ་མ་ཡོད། "ནང་སེམས་ཅན་གྱི་འཇིག་རྟེན་ལ་སྲེད་པ་སྤོང་བར་བྱ་བ། ཕྱི་རྙེད་སོགས་ཀྱི་འཇིག་རྟེན་ལ་སྲེད་པ་སྤོང་བར་བྱ་བ་"[]ཞེས་གསུངས་པ་ལྟར། ཆགས་པ་ལ་ནང་ཕྱིའི་དབྱེ་བ་ཆེན་པོ་གཉིས་ཡོད་པ་གསུངས། ནང་ནི་གཉེན་མཚམས་སོགས་ཀྱི་སེམས་ཅན་ལ་ཞེན་ཆགས་སྐྱེ་བ་དང་། ཕྱི་ནི་རྙེད་བཀུར་ནོར་དངུལ་སོགས་ཆོས་རྫས་ལ་སྲེད་ཅིང་ཆགས་པ་དང་གཉིས་སོ། །"བདག་དང་བདག་གིར་ཞེན་པ་ལ་བརྟེན་ནས་ནང་སེམས་ཅན་ལ་ཆགས་པའི་ཕྱིར་དང་། ཕྱི་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་སོགས་ལ་སྲེད་པས་འཇིག་རྟེན་གྱི་ཞེན་པ་མི་སྤོངས་ཏེ།"[] ཞེས་པ་དེས་ཆགས་པ་ཐམས་ཅད་ཀྱི་རྩ་བ་ནི་བདག་དང་བདག་གིར་ཞེན་པ་ལས་བྱུང་བ་ཡིན་པར་གསུངས། དེ་ལ་བརྟེན་ནས་ནང་གི་སེམས་ཅན་གཉེན་སྤུན་ལ་ཞེན་པ་དང་། ཕྱིའི་རྙེད་བཀུར་གྲགས་པ་སོགས་ལ་སྲེད་ཅིང་ཆགས་ནས་འཇིག་རྟེན་སྤང་མི་ཐུབ་པར་བྱེད་དོ། །

མཚན་ཉིད།

[རྩོམ་སྒྲིག]

ཡུལ་ཡིད་དུ་འོང་བ་ལ་མནོག་པ་སྐྱེ་ཞིང་དེ་ལ་མི་འབྲལ་བར་ཞེན་པའི་སེམས་ཡིན། "གང་གི་ཚེ་རང་གི་ཡིད་ཡུལ་ཡིད་དུ་འོང་བ་ལ་མངོན་པར་རྗེས་སུ་ཆགས་པ་དང་ཡུལ་ཡིད་དུ་མི་འོང་བ་ལ་མངོན་པར་ཁྲོ་ཞིང་སྡང་བར་འདོད་པ་"[]ཞེས་པ་དེས་སེམས་ཀྱིས་ཡིད་དུ་འོང་བའི་ཡུལ་གང་མཐོང་ཡང་དེ་ལ་མངོན་དུ་ཞེན་ཆགས་སྐྱེ་ཞིང་། ཡིད་དུ་མི་འོང་བ་ལ་ནི་ཁྲོ་སྡང་སྐྱེ་བ་དེ་ཆགས་པའི་ངོ་བོ་ཡིན་པར་གསུངས།

དབྱེ་བ།

[རྩོམ་སྒྲིག]

ལུས་ལ་ཆགས་པ། ལུས་ལ་ཆགས་པ་ནི་ཉོན་མོངས་པའི་དམིགས་གཙོ་བོ་ཞིག་ཡིན། "སེམས་འདིས་ལུས་ལ་གཅེས་སྤྲས་བྱས་ཏེ་ལྟོག་ན་ཟས་དང་སྐོམ་ན་བཏུང་བ་སྟེར་ཞིང་ཐ་ན་གཞན་གྱིས་མིག་སྣ་ཙམ་ལ་སྐྱོན་བརྗོད་ནའང་དེ་དང་དེའི་ལན་བརྗོད་ནས་ལུས་འདི་བསྲུང་བའི་སེམས་"[]ཞེས་པ་དེས་སེམས་ཀྱིས་རང་གི་ལུས་པོ་ལ་ཧ་ཅང་གཅེས་སྤྲས་བྱས་ཏེ། བཀྲེས་པ་དང་སྐོམ་པ་གང་བྱུང་ལ་ཟས་བཏུང་སྦྱིན་ཅིང་། ཐ་ན་གཞན་གྱིས་ལུས་ལ་སྐྱོན་ཞུམ་ཙམ་བརྗོད་ནའང་ཁོང་ཁྲོའི་ལན་འདེབས་ནས་ལུས་བསྲུང་བར་འབད་པ་ལུས་ལ་ཆགས་པའི་མཚན་ཉིད་ཡིན། སེམས་ཅན་ལ་ཆགས་པ། སེམས་ཅན་ལ་ཆགས་པ་ནི་གཉེན་བཤེས་ལ་ཞེན་པ་སོགས་ཡིན། "རང་ཉིད་མི་རྟག་པ་སུ་ཞིག་གཉེན་བཤེས་མི་རྟག་པ་ལ་ཡང་དག་ཆགས་པར་བྱེད་པ་ཡོད་དེ་ཆགས་པ་དེས་ནི་ཚེ་རབས་སྟོང་དུ་ཡང་སྡུག་པ་མཐོང་བར་ཡོང་མི་འགྱུར་"[]ཞེས་པ་དེས་རང་ཉིད་དང་གཉེན་བཤེས་ཀྱང་ཆགས་བྱ་ཆགས་པོ་གང་ཡང་སྒྲིབ་འཇིག་གི་ཆོས་ཅན་མི་རྟག་པ་ཡིན། དེ་ལ་ཞེན་ཆགས་ཞུགས་ན་ཚེ་རབས་སྟོང་ཕྲག་ཏུ་ཡང་རྒྱུ་འབྲས་ཀྱི་འཁོར་བ་ལས་གྲོལ་ཏེ་བདེ་སྐྱིད་ཀྱི་གནས་སུ་སྐྱེ་བར་ཡོང་མི་སྲིད་པ་གསུངས། ལོངས་སྤྱོད་ལ་ཆགས་པ། ལོངས་སྤྱོད་ལ་ཆགས་པ་ནི་ནོར་དང་རྙེད་བཀུར་སོགས་ལ་སྲེད་པ་ཡིན། "ནོར་ལོངས་སྤྱོད་ནི་ཐོག་མཐའ་བར་གསུམ་དུ་ཚེ་འདི་དང་ཕྱི་མར་ཕུང་ཁྲོལ་ལམ་སྡུག་བསྔལ་མཐའ་ཡས་པ་སྐྱེད་པའི་རྒྱུའི་རྩ་བ་ཡིན་"[]ཞེས་པ་དེས་ནོར་ལོངས་སྤྱོད་ལ་ཆགས་པ་དེ་ཐོག་མ་ཚོལ་བ་དང་ལེན་བསགས་པ། བར་དུ་བསྲུང་ཉར་བྱེད་པ། མཐར་འདོར་ཞིང་བརླག་སྟོར་བྱུང་བའི་གནས་སྐབས་གསུམ་དུ། ཚེ་འདི་ཕྱི་མ་གཉིས་སུ་སྡུག་བསྔལ་མཐའ་ཡས་པ་སྐྱེད་པའི་རྒྱུ་ཡིན་པར་བཤད།

ཉེས་དམིགས།

[རྩོམ་སྒྲིག]

ཆགས་པའི་ཉེས་དམིགས། ཆགས་པ་ལ་ཉེས་དམིགས་མང་པོ་ཡོད། "ཆགས་སོགས་ཀྱི་ཉེས་པ་དུ་མའི་སྐྱོན་ཆགས་པའི་སྡིག་ལྡན་བདག་གིས་སྡིག་པ་གང་ཤིན་ཏུ་མི་བཟད་བགྱིས་པ་"[]ཞེས་པ་དེས། ཆགས་པ་འདོད་ཆགས་ལ་ཉེས་པ་དུ་མ་ཡོད་ཅིང་། དེ་དག་གིས་སེམས་ལ་སྐྱོན་ཆགས་ཏེ་ཤིན་ཏུ་མི་བཟད་པའི་སྡིག་པ་མང་པོ་བྱེད་པར་འགྱུར་བར་གསུངས། འཁོར་བར་བཅིངས་པ། ཆགས་པ་ནི་འཁོར་བའི་བཙོན་རའི་སྲུང་མ་ཡིན། "འཁོར་བའི་བཙོན་རའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ངེས་པར་འབྱུང་བའི་གནས་བྱེད་པའོ། །"[]ཞེས་པ་དེས། ཆགས་པ་ནི་འཁོར་བ་ཞེས་པའི་བཙོན་ཁང་གི་སྲུང་མ་ལྟ་བུ་ཡིན། དེས་སེམས་ཅན་རྣམས་འཁོར་བ་ལས་ཐར་མི་ཐུབ་པར་བཅིངས་ཏེ་བཞག་ཅིང་། འཁོར་བ་ལས་ངེས་པར་འབྱུང་བའི་རྒྱུད་དང་སེམས་བསྐྱེད་མི་ཐུབ་པར་བྱེད་པ་གསུངས། སྡུག་བསྔལ་བསྐྱེད་པ། ཆགས་པས་སྡུག་བསྔལ་རྣམ་པ་སྣ་ཚོགས་བསྐྱེད། "དང་པོར་མེད་པ་ཚོལ་ཞིང་བསག་པའི་སྡུག་བསྔལ་དང་། བར་དུ་གནོད་པ་བསྲུང་བའི་སྡུག་བསྔལ་དང་། མཐར་དགྲ་རྐུན་ལ་སོགས་པས་བརླག་པའི་སྡུག་བསྔལ་"[]ཞེས་པ་དེས་ཆགས་ཡུལ་གང་རུང་རྙེད་པར་འདོད་ནས། དང་པོ་དེ་ཚོལ་བ་དང་བསགས་པའི་སྐབས། བར་དུ་རྙེད་རྗེས་དེ་འཕྲོག་འདྲོངས་སོགས་ཀྱི་གནོད་པ་ལས་བསྲུང་བའི་སྐབས། མཐར་དགྲ་རྐུན་སོགས་ཀྱིས་བརླག་སྟོར་བྱུང་སྐབས་གསུམ་དུ་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་གསུངས།

གཉེན་པོ།

[རྩོམ་སྒྲིག]

ཆགས་པ་སྤང་ཚུལ། ཆགས་པ་སྤང་བའི་ཚུལ་ཁག་མང་བ། "གང་གི་ཚེ་རང་གི་ཡིད་ཡུལ་ཡིད་དུ་འོང་བ་ལ་མངོན་པར་རྗེས་སུ་ཆགས་པ་དང་ཡུལ་ཡིད་དུ་མི་འོང་བ་ལ་མངོན་པར་ཁྲོ་ཞིང་སྡང་བར་འདོད་པ་དེ་ཡི་ཚེ་དེ་དག་གིས་ཀུན་ནས་བསླང་བའི་ལུས་ཀྱི་ལས་སུ་ཅི་ཡང་མི་བྱ་ཞིང་ངག་གིས་གཏམ་ཅི་ཡང་སྨྲ་བར་མི་བྱ་"[༡༠]ཞེས་པ་དེས། སེམས་ལ་ཡུལ་ཡིད་དུ་འོང་བ་ལ་ཞེན་ཆགས་ཀྱང་རུང་། ཡིད་དུ་མི་འོང་བ་ལ་ཁྲོ་སྡང་གང་རུང་སྐྱེས་པའི་དུས། དེ་དག་གིས་བསླངས་པའི་ལུས་ཀྱི་བྱ་བ་དང་ངག་གི་སྨྲ་བ་རྣམས་ཅི་ཡང་མི་བྱེད་པར་སྤང་དགོས་པ་གསུངས། ཤིང་བཞིན་དུ་གནས་པ། ཆགས་པའི་གཉེན་པོ་གཙོ་བོ་ནི་ཤིང་བཞིན་དུ་བྱེད་པ་མེད་པར་གནས་པ་ཡིན། "བྱེད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་བྱེད་པ་མེད་པའོ་ཞེས་པའི་དོན་ཡིད་ལ་བྱས་ཏེ་གཉེན་པོའི་ཟུངས་ཐུབ་པར་བྱས་ནས་ཆགས་སྡང་གི་རྣམ་འགྱུར་དང་ལྡན་པའི་བྱ་བྱེད་ཅི་ཡང་མེད་པར་ཤིང་བཞིན་དུ་ནི་བརྟན་པར་གནས་པར་བྱའོ། །"[༡༡]ཞེས་པ་དེས་ཆོས་ཐམས་ཅད་རང་གི་ངོ་བོས་ནས་བྱེད་པ་པོ་མེད་པར་ཤེས་ཏེ། དེ་ལ་བརྟེན་ནས་གཉེན་པོའི་ཟུངས་ཧུབ་པར་བྱས། ལུས་སེམས་ལ་ཆགས་སྡང་གི་རྣམ་འགྱུར་དང་ལྡན་པའི་ལུས་ངག་གི་བྱ་བ་ཅི་ཡང་མེད་པར་ལྗོན་ཤིང་བཞིན་དུ་ཞི་ཞིང་བརྟན་པར་གནས་དགོས་པ་གསུངས། དབེན་པ་ལ་སྤྱོད་པ། ཆགས་པ་སྤང་བའི་ཐབས་ལ་དབེན་པ་ལ་སྤྱོད་པ་ཡང་གལ་ཆེ། "དེར་མི་གཞན་མེད་པའི་ས་དང་བྲག་གི་བུག་གམ་ལྷ་ཁང་སྟོང་པ་བདག་གིར་བཟུང་བ་མེད་ལའམ་ལྗོན་ཤིང་ཡིད་དུ་འོང་བའི་དྲུང་དུ་ཇི་ལྟར་འདོད་པའི་འདུག་གནས་བཅས་ཏེ་"[༡༢]ཞེས་པས་མི་མང་པོ་འདུ་འཛོམས་བྱེད་ས་མེད་ཅིང་དགོན་པའམ་བྲག་ཕུག་ལྷ་ཁང་སྟོང་པ། ཡང་ན་ལྗོན་ཤིང་སྐྱིད་པོའི་ཟུར་རམ་དྲུང་སོགས་སུ་བདག་གིར་བཟུང་བ་དང་འདུ་ཤེས་མེད་པའི་དབེན་པའི་གནས་དག་ཏུ་ཇི་ལྟར་བསམ་པ་བཞིན་ཞུགས་ནས་ཆགས་པའི་རྐྱེན་སྤང་བའི་ཚུལ་གསུངས།

བསྡུས་དོན།

[རྩོམ་སྒྲིག]

ཆགས་པ་ནི་ཡུལ་ཡིད་དུ་འོང་བ་ལ་མནོག་སྐྱེ་ཞིང་མི་འབྲལ་བར་ཞེན་པའི་ཉོན་མོངས་པ་ཞིག་ཡིན། དེ་ལ་ལུས་དང་སེམས་ཅན། ལོངས་སྤྱོད་སོགས་ལ་ཆགས་པའི་དབྱེ་བ་མང་དུ་ཡོད། ཆགས་པ་ནི་འཁོར་བའི་བཙོན་རའི་སྲུང་མར་གྱུར་ནས་ཐར་པ་ལ་གེགས་སུ་འགྱུར་ཞིང་། སྡུག་བསྔལ་གྱི་རྒྱུ་ཆགས་པས་ན་ཤིང་བཞིན་དུ་བྱེད་པ་མེད་པར་གནས་པ་དང་། དབེན་པ་ལ་སྤྱོད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་སྤང་དགོས་པའི་གལ་ཆེན་ཡིན་པར་གསུངས་ཡོད་དོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  5. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  8. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  9. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  10. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  11. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  12. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
"https://bo.wikipedia.org/w/index.php?title=ཆགས་པ་&oldid=152950"ལས་སླར་རྙེད་སོང།