Jump to content

ཆ་མེད་པ་

ཡོང་ཁུངས་Wikipedia

ཆ་མེད་པ་ཞེས་པ་ནི་ནང་པའི་གྲུབ་མཐའི་ནང་དུ་རྡུལ་ཕྲ་རབ་རྣམས་རང་བཞིན་གྱི་ཕྱོགས་དང་སྐད་ཅིག་གི་ཆ་ཤས་གང་ཡང་མེད་པའི་ཆ་མེད་ཀྱི་རྣམ་བཞག་ཅིག་བཤད་པ་ཡིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

རང་གི་བདག་ཉིད་དུ་གྱུར་པའི་ཕྱོགས་ཀྱི་ཆ་དང་ཆ་ཤས་ཀྱི་དབྱེ་བ་གང་ཡང་མེད་པས་ན་ཆ་མེད་པ་ཞེས་བརྗོད་པ་ཡིན་ནོ། །

མཚན་ཉིད།

[རྩོམ་སྒྲིག]

ཕྱོགས་དང་སྐད་ཅིག་གི་ཆ་ཤས་གང་ཡང་མེད་པའི་རྡུལ་ཕྲ་རབ་ལ་གོ་དགོས་ཏེ། "དེས་ན་ཆ་མེད་པ་ཡང་ཡིན་པ་ལ་འང་དེ་ལ་ཕྲད་པ་ཡོད་དོ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ཏེ། ཕྱོགས་གཅིག་དང་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་གཉིས་ཀ་དེ་ལ་མི་སྲིད་པའི་ཕྱིར་རོ། །"[]ཞེས་པས་ཆ་མེད་པ་ཞིག་ལ་ཕྲད་པ་ཡོད་ཅེས་ཇི་ལྟར་ཟེར། ཅིའི་ཕྱིར་ཞེ་ན། ཕྲད་པ་ཞེས་པ་ཕྱོགས་གཅིག་ནས་ཕྲད་པ་དང་ཕྱོགས་ཀུན་ནས་ཕྲད་པ་གང་རུང་ཞིག་ཡིན་དགོས་ལ། གཉིས་ཀ་ཆ་མེད་པ་ལ་མི་འཐད་པའི་ཕྱིར་ཞེས་པའི་དོན་ཡིན།

ནང་དོན།

[རྩོམ་སྒྲིག]

དབུ་མ་པའི་བཀག་སྟངས། དབུ་མ་པས་ཆ་མེད་པའི་རྡུལ་ཕྲ་རབ་ལ་ཕྲད་པ་ཡོད་མིན་གྱི་དཀའ་གནད་དྲིས་པ་ཡིན་ཏེ། "རྡུལ་ཕྲ་རབ་ནི་རྡུལ་ཕྲ་རབ་རང་ཉིད་ལ་འཇུག་པ་མེད་དེ་རྡུལ་ཕྲ་རབ་དེ་ཡི་རང་བཞིན་ནི་གོ་སྐབས་གཞན་ནམ་བུ་ག་མེད་པ་མཉམ་པ་ཆ་མེད་གཅིག་ཡིན་པར་ཉན་ཐོས་པ་ཁྱོད་ཉིད་འདོད་པའི་ཕྱིར།"[]ཅེས་པས་ཉན་ཐོས་སྡེ་པ་ཁྱོད་རང་ཉིད་ཀྱིས་རྡུལ་ཕྲ་རབ་ལ་ཆ་ཤས་གང་ཡང་མེད་པ་གཅིག་པུ་ཞིག་ཏུ་འདོད་པ་ཡིན་ན། དེ་ལ་གཞན་དང་འདྲེས་པའམ་ཞུགས་པ་ཞེས་པ་ཇི་ལྟར་ཡོང་ཐུབ་པ་ཡིན་ནམ་ཞེས་པའི་དྲིས་པ་ཡིན། "དེས་ན་ཆུ་ལ་ཆུ་ལྟར་གཅིག་ལ་གཅིག་མ་ཞུགས་པ་ལ་འུདྲེས་པ་མེད་ཅིང་མ་འདྲེས་པ་ལ་ནི་ཐུག་ཕྲད་དུ་ཕྲད་པ་མེད་ལ་ཕྱོགས་དང་སྐད་ཅིག་གི་ཆ་མེད་པ་ལ་ཡང་ཕྲད་པ་ཞེས་བྱ་བ་ཇི་ལྟར་ན་འབད་པར་འགྱུར་"[]ཞེས་པས་ཤེས་རབ་ཀྱི་རིགས་པ་བྱེད་པ་ནི། གལ་ཏེ་གཉིས་ཆ་ཤས་མེད་པ་ཡིན་ན་ཆུ་ལ་ཆུ་འདྲེས་པ་ལྟར་གཅིག་ཏུ་གྱུར་དགོས་ལ། མ་འདྲེས་ན་ཐུག་པ་སམ་ཕྲད་པ་ཞེས་པ་མི་འདུག འདི་ལྟར་ཆ་མེད་པ་ལ་ཕྲད་པ་ཞེས་པ་ཇི་ལྟར་འཐད་ཅེས་དགག་པ་ཡིན། ཆ་མེད་པའི་ཁྱད་ཆོས། "ཆ་མེད་པ་ཡང་རྣམ་པ་ཐམས་ཅད་དུ་ཕྲད་པར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཆ་མེད་པའང་ཞེས་པ་ལ་སོགས་པ་གསུངས་ཏེ། ཆ་མེད་པ་ནི་སྟོང་པ་ཉིད་ཀྱི་དངོས་པོ་ཡིན་ལའང་ཞེས་པ་ནི་ཉེས་པའི་གཞན་སོགས་པ་ཡིན་ནོ། །"[]ཞེས་པས་ཆ་མེད་པ་ཞེས་པ་ལ་ཐབས་གང་གིས་ཀྱང་ཕྲད་པ་འཐད་པ་མིན་ཅིང་། གལ་ཏེ་ཆ་མེད་པ་སྟོང་ཉིད་ཀྱི་ངོ་བོ་ཡིན་ཞེས་ཟེར་ན་དེ་ལ་ཕྲད་པ་སོགས་ཀྱི་སྐྱོན་གཞན་དག་ཡང་ཡོང་གི་འདུག་ཅེས་སྟོན་པ་ཡིན།

རྩོད་སྤོང་།

[རྩོམ་སྒྲིག]

ཕྱོགས་གཅིག་གིས་ཕྲད་པའི་རྩོད་པ། "རྡུལ་ཕྲན་ཆ་མེད་པ་ཉིད་དུ་འདོད་པ་ལའང་ཕྱོགས་གཅིག་གིས་ཕྲད་པ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ཏེ། དེ་ལྟར་ན་ཕྲད་མ་ཕྲད་ཀྱི་ཆ་གཉིས་སུ་འགྱུར་བས་སོ། །"[]ཞེས་པས་གལ་ཏེ་ཆ་མེད་པའི་རྡུལ་ཕྲ་རབ་ལ་ཕྱོགས་གཅིག་ནས་ཕྲད་པ་ཡོད་ཅེས་ཟེར་ན། དེ་ལ་ཕྲད་པའི་ཆ་དང་མ་ཕྲད་པའི་ཆ་གཉིས་ཤིག་འབྱུང་དགོས་པས། དེ་འདྲ་ཡིན་ན་ཆ་མེད་པ་ཞེས་པའི་སྒྲ་དང་མི་མཐུན་པར་འགྱུར་ཞེས་པའི་དོན་ཡིན་ནོ། ། ཕྲད་པ་མེད་པའི་གཏན་ཚིགས། "ཕྲད་པ་དང་ཆ་མེད་པར་ཡང་གནས་པ་དེ་ལྟ་བུ་གལ་ཏེ་མཐོང་ན་བསྟན་པར་གྱིས་ཏེ་བསྟན་པར་མི་ནུས་སོ། །"[]ཞེས་པས་གལ་ཏེ་ཁྱོད་ཀྱིས་ཆ་མེད་པ་ལ་ཕྲད་པ་ཡོད་པ་ཞིག་མཐོང་ཐུབ་ན། ངར་བསྟན་ཅིག་ཅེས་ཟེར་ཡང་། དངོས་སུ་དེ་འདྲ་ཞིག་སྟོན་ཐབས་མེད་པ་ཡིན་ཞེས་སྟོན་པ་ཡིན།

རྒྱུ་མཚན།

[རྩོམ་སྒྲིག]

ཆ་མེད་པའི་རྒྱུ་མཚན་ནི་རྡུལ་ཕྲ་རབ་ཀྱི་ཆ་ཤས་གང་ཡང་མེད་པས་ན་ཆ་མེད་པ་ཞེས་བརྗོད། "ཁྱབ་པ་ཡོད་དེ་རྡུལ་ཕྲན་ཕན་ཚུན་མ་ཞུགས་ཤིང་མ་ཐིམ་པ་ལ་འདྲེས་པ་མེད་ཅིང་མ་འདྲེས་པའི་ཆ་མེད་ལ་ཕྲད་པ་མེད་པའི་ཕྱིར། ཆ་མེད་པ་ལའང་ཕྲད་པ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ཏེ་མི་སྲིད་པས།"[] ཞེས་པས་རྡུལ་ཕྲ་རབ་ཕན་ཚུན་མ་ཞུགས་ཤིང་མ་ཐིམ་པ་ཡིན་ན་འདྲེས་པ་མེད་ལ། འདྲེས་པ་མེད་པ་ལ་ཕྲད་པ་ཡང་མེད། དེ་འདྲ་ཡིན་ན་ཆ་མེད་པ་ལ་ཕྲད་པ་ཞེས་པ་ཇི་ལྟར་ཡོང་ཐུབ་ཅེས་རིགས་པ་རྣོ་བོ་བྱེད་པ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

ཆ་མེད་པ་ཞེས་པ་ནི་ནང་པའི་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་རྡུལ་ཕྲ་རབ་ཀྱི་རང་བཞིན་བཤད་པའི་ཐ་སྙད་ཅིག་ཡིན། འདི་ནི་ཆ་ཤས་དང་ཕྱོགས་ཀྱི་དབྱེ་བ་གང་ཡང་མེད་པའི་རྡུལ་ཕྲ་རབ་ལ་གོ་ཞིང་། དབུ་མ་པས་འདི་ལ་ཕྲད་པ་དང་འདྲེས་པ་སོགས་འཐད་མི་སྲིད་པའི་རིགས་པ་མང་པོ་བཏོན་ནས་ཆ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲུབ་མཐའ་ལ་དགག་པ་གནང་འདུག རིམ་པ་ཇི་ལྟ་བ་བཞིན་དུ་ཆ་མེད་པ་ལ་ཕྲད་པ་ཡོད་ན་ཕྲད་པ་དང་མི་ཕྲད་པའི་ཆ་གཉིས་སུ་འགྱུར་དགོས་པས་ཆ་མེད་པ་ཉིད་དང་འགལ་བར་འགྱུར་བ་དང་། ཆ་མེད་པ་ལ་ཕྲད་པ་སྟོན་ཐབས་སུ་འགྲུབ་པ་མེད་པ་སོགས་རིགས་པས་དགག་པ་གནང་འདུག་གོ །

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  2. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  3. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  5. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  6. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  7. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།