Jump to content

ཅོ་འདྲི།

ཡོང་ཁུངས་Wikipedia
ཅོ་འདྲི་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

ཅོ་འདྲི་ཞེས་པ་ནི་སྤྱིར་གཞན་གྱི་མཚང་འབྲུ་བའི་དོན། གཞན་དག་གིས་ཚིག་གིས་ནོར་འཁྲུལ་དང་བསམ་པར་གཞན་ལ་ཕྱོགས་སློང་བཟོ་རྒྱུའི་ཆེད་དུ་ཐོ་འཚམ་པའི་ངང་ནས་དྲི་བ་འདེབས་པ་ཞིག་ལ་གོ་དགོས། "ཅོ་འདྲི་བ་དང་ག་ཞའི་བཞད་གད་ཀྱི་རྒྱུ་བྱེད་ཀྱང་རུང་སྟེ་"[]ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ཤེས་རབ་ཀྱིས་ཀྱང་"ཅོ་འདྲིའམ་ག་ཞའི་རྒྱུ་བྱེད་ཀྱང་རུང་སྟེ།"[] ཞེས་གསུངས་སོ། །གཞན་ཡང་སྙན་གཞུང་ལས་གསུངས་པའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་ལ་ཡང་འཇུག་སྟེ། རྒྱལ་དབང་ལྔ་པས། འཇིགས་མེད་དཀའ་སྤྱད་བཟོད་པའི་སྙིང་སྟོབས་ཀྱིས། །གདོང་ལྔའི་དབང་པོའི་ཚུལ་ལ་ཅོ་འདྲིར་འོས། །ལྟ་བུའོ། །

མཚན་ཉིད།

[རྩོམ་སྒྲིག]

གཞན་དག་གིས་མཐོ་འཚམ་པའི་ངང་ནས་འདྲི་བ་འདེབས་ཤིང་དེ་ཡིས་གཞན་ལ་སེམས་འཁྲུལ་དང་བཞད་གད་ཀྱི་རྒྱུ་གྱུར་པ། དེ་ཡང་"མཐོ་འཚམས་པའི་ཅོ་འདྲི་བ་དང་བཞད་གད་དམ་ག་ཞའི་རྒྱུ་བྱེད་"[]ཅེས་གསུངས་པ་དང་མཐུན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

ཅོ་འདྲི་ཞེས་པ་ནི་ཚིག་གིས་གཞན་གྱི་སེམས་ལ་འདྲི་བའམ་རྟོག་དཔྱོད་སྐྱེད་པར་བྱེད་པ་ཞིག་ལ་ཟེར། "ངག་གིས་མཐོ་འཚམས་པའི་ཅོ་འདྲི་བ་"[]ཞེས་དང་། "ངག་གིས་བཟང་ངན་སྣ་ཚོགས་ཀྱིས་ཅི་ཟེར་ལྟ་བས་ཅོ་འདྲི་བར་བྱེད་"[]ཅེས་གསུངས་ཏེ་སྒྲ་འདིའི་དོན་རབ་ཏུ་གསལ་འདུག །

དབྱེ་བ།

[རྩོམ་སྒྲིག]

ཅོ་འདྲིའི་དབྱེ་བ་ལ་སྤྱིར་བཏང་རང་གི་བསམ་པ་གསང་ནས་གཞན་གྱི་སེམས་ལ་འདྲི་བ་གཏོང་བ་དང་། ཆུང་ཆུང་གི་དོན་ལ་དམའ་འབེབས་ཀྱི་ངང་ནས་ཚིག་ཏུ་སྒྲོ་འདོགས་གང་ཡང་མེད་པར་དྲི་བ་འདེབས་པ། སྐྱོན་བཙལ་གྱི་ཕྱོགས་ནས་ལངས་པའི་དྲི་བ་རྣམས་ཡོད་དོ། །

སྤྱོད་པའི་ཚུལ།

[རྩོམ་སྒྲིག]

གཞན་ལ་གནོད་པ་སྟེར་བའི་རིགས། སྤྱོད་འཇུག་གི་འགྲེལ་བཤད་ཁག་ཏུ་གསལ་བ་ལྟར་ན་ཅོ་འདྲི་ཞེས་པ་ནི་གཞན་དག་གིས་རྩེད་མོ་དང་བཞད་གད་ཀྱི་ཆེད་དུ་བྱེད་པ་ཞིག་ཡིན་ལ། དེ་རང་ཉིད་ཀྱང་ངག་གིས་གཞན་གྱི་སེམས་ལ་གནོད་པ་སྟེར་བའི་ཆེད་དུ་བྱེད་པ་ཞིག་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ། བྱང་ཆུབ་སེམས་དཔས་ནི་རང་གི་ལུས་འདི་སེམས་ཅན་ཐམས་ཅད་ལ་བྱིན་ནས་"འདི་ལ་གནོད་པ་དང་སྡུག་བསྔལ་སྲུང་བ་དང་ཕན་པ་དང་བདེ་བ་སྒྲུབ་པ་སོགས་ཀྱི་གཉེར་ཁའམ་བདག་གཉེར་བྱས་པས་ཅི་ཞིག་བྱ་སྟེ་ལྟོས་མེད་དུ་བཏང་ནས་གཞན་གྱི་ཡོ་བྱད་ལྟར་བདག་གི་བར་བཟུང་བ་མེད་"[]པས་སོ། །དེ་ལྟར་ན་ཅོ་འདྲི་འདེབས་པ་སོགས་གང་ཡིན་ཀྱང་"འདི་ལ་འགལ་སྤོང་མཐུན་སྒྲུབ་ལ་སོགས་པ་ཡི་ཁ་ཏས་ཅི་ཞིག་བྱ་ཞེས་རང་དབང་བའི་འདུ་ཤེས་བཀག་པ་"[]འོ། །སྤོང་བར་བྱ་བའི་སྤྱོད་པ། སྤྱིར་བཏང་རང་གི་ལུས་པོ་ལ་གཞན་དག་གིས་ཅོ་འདྲི་སོགས་བྱེད་པ་ལ་"དེ་དག་ལ་འཕྲལ་དང་ཡུན་དུ་གནོད་པར་མི་འགྱུར་བའི་ལས་གང་ཡིན་པ་དེ་བྱེད་དུ་ཆུག"[]ཅེས་གསུངས་ཏེ། ཅོ་འདྲི་དེ་རང་ཉིད་ནི་གཞན་ལ་གནོད་པ་སྟེར་བའི་སྤྱོད་པ་ཞིག་ཡིན་པས་སྤོང་བར་བྱ་བ་ཞིག་ཡིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

ཅོ་འདྲི་ཞེས་པ་ནི་ངག་གིས་མཐོ་འཚམ་པའི་ངང་ནས་གཞན་གྱི་སེམས་ལ་འདྲི་བ་འདེབས་ཤིང་དེ་ཡིས་གཞན་ལ་བཞད་གད་དང་ག་ཞའི་རྒྱུ་གྱུར་པ་ཞིག་ལ་ཟེར། དེ་ནི་སྤྱིར་བཏང་གཞན་ལ་གནོད་པ་སྟེར་བའི་སྤྱོད་པ་ཞིག་ཡིན་ལ། བྱང་ཆུབ་སེམས་དཔས་ནི་རང་གི་ལུས་སེམས་ཅན་ཐམས་ཅད་ལ་བྱིན་ནས་དེ་ལྟ་བུའི་སྤྱོད་པ་རྣམས་ལ་ཁ་ཏས་གཉེར་བའི་བསམ་པ་བཏང་སྟེ་གཞན་དག་གིས་ཅི་བྱས་ཀྱང་ཡང་དག་པའི་སྦྱིན་པ་བདག་གཏོང་གི་སྤྱོད་པ་སྒྲུབ་པར་བྱེད་དོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  8. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།