ཅི་འདྲ་ཞིག་ལ་བདེ་འཇགས་ལུས་འབྲེལ་ཟེར་རམ་
བདེ་འཇགས་ལུས་འབྲེལ་ཟེར་བ་ནི་ཕོ་མོ་ལུས་འབྲེལ་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སྒོས་ཚད་ལྡན་བཟོ་གྲྭ་ལས་ཐོན་སྐྱེད་བྱས་པའི་སྲུང་ཤུབས་སམ་འགྱིག་སྒྲེའུ་གྱོན་ཞིང་ལུས་འབྲེལ་བྱས་པ་དེར་ཟེར། སྲུང་ཤུབས་དེ་ཕོ་མཚན་གྱི་སྟེང་དུ་གྱོན་ན་ཁུ་བ་ནང་འཇུག་གི་གོ་སྐབས་འཕྲོག་པས་མངལ་འགོག་གི་ནུས་པ་ལྡན་ཞིང་།མཚན་མ་གཉིས་ཐད་ཀར་རེག་ཐུག་མི་བྱ་བས་རིམས་ནད་ཀྱང་མང་པོ་ཞིག་སྔོན་འགོག་བྱ་ཐུབ།དེར་བརྟེན། རང་ལུས་བདག་གཅེས་བྱེད་པ་དང་། ཁྱིམ་ཚང་དང་རང་གི་དགའ་ཟླའི་བདེ་ཐང་གི་ཆེད་དང་།གྲ་སྒྲིག་མེད་པའི་ཕྲུ་གུ་དང་ཐང་བུ་སོགས་ཆགས་པ་སྔོན་འགོག་བྱ་བའི་ཆེད་དུ་སྲུང་ཤུབས་གྱོན་པའི་གོམས་སྲོལ་ལོབས་སུ་འཇུག་དགོས་ལ།གཞན་ལ་དེའི་སྐོར་གྱི་བག་ཆགས་འཇོག་ཅི་ཐུབ་བྱེད་པ་ནི་ཁྱིམ་ཚང་དང་སྤྱི་ཚོགས་ལ་འགན་འཁྲིའི་བསམ་བློ་ཡོད་མཁན་ཞིག་གི་བླང་བྱ་དང་།ད་ལྟ་བོད་ཁུལ་ནས་ཨེ་ཛིའི་ནད་ངན་སྔོན་འགོག་བྱེད་པར་མ་ཡོད་ཐུ་མེད་ཀྱི་ཐབས་ལམ་ཞིག་ཀྱང་ཡིན་ནོ།།
འདི་སྟབས་བདེ་ཞིང་བྱེད་ནུས་མངོན་གསལ་ཅན་གྱི་བརྩེ་སྦྱོར་ཅ་ལག་གལ་ཆེན་ཞིག་ཡིན་རུང་།དེ་བཀོལ་སྤྱོད་མ་ཤེས་ན་བསམ་ཡུལ་ལས་འདས་པའི་ཆག་སྒོའང་འདྲེན་སྲིད་པས། གཤམ་ནས་དེའི་བཀོལ་སྟངས་སྐོར་ཅུང་ཙམ་བཤད་རྒྱུ་ཡིན་ཏེ། དང་པོ།ཐུམ་སྐོགས་ལ་བལྟས་ནས་དུས་ཚོད་ལས་བརྒལ་ཡོད་མེད་ལ་ཞིབ་ཏུ་བརྟག་དགོས་ཤིང་། གཞན་ཡུན་རིང་ལུས་ལ་ཉལ་བ་ཡིན་ན་དེའི་རྒྱུ་སྤུས་ཉམས་པ་དང་།སྲུང་ཤུབས་སྟེང་གི་གཤེར་ཁུ་སྐམ་པའི་ཉེན་ཁ་ཡོད། གཉིས་པ།སྲུང་ཤུབས་ཀྱི་ཆེ་ཆུང་རང་དང་འཚམ་པ་ཞིག་འདེམས་དགོས། རྒྱུ་མཚན་ནི། གལ་ཏེ་ཆེ་དྲགས་ན་སྲུང་ཤུབས་མོ་མཚན་གྱི་ཕུག་ཏུ་ལྷག་འགྲོ་བའི་ཉེན་ཁ་ཡོད་ལ།ཆུང་དྲགས་ན་ཕོ་ཕྱོགས་ལ་མི་བདེ་བའི་ཚོར་བ་བསྐྱེད་སྲིད་ཅིང་། སྟབས་མ་ལེགས་ན་ཐེད་འགྲོ་བའི་ཉེན་ཁའང་ཡོད། གསུམ་པ། སྲུང་ཤུབས་གྱོན་སྐབས་དང་པོ་ཁམས་གསོག་ཐུམ་བུའི་མགོ་མཛུབ་མོས་བཙིར་ནས་ནང་གི་མཁའ་དབུགས་ཕྱིར་འཕུད་བྱ་དགོས་ལ།དེ་ནས་ཕོ་མཚན་གྱི་རྩེ་ནས་རིམ་བཞིན་མར་དྲིལ་བཤིག་བྱེད་ཞོར་དང་ཆུ་ལྭ་སྐོན་ཞོར་བྱ་དགོས།སྲུང་ཤུབས་དེ་ཕོ་མཚན་གྱི་རྩ་བར་ཐོན་རག་བར་ཏུ་མ་བསྐོན་ན་སྲུང་ཤུབས་ཀྱི་བརྟན་འཇགས་ལ་གནོད་པ་ཡོད་ཅིང་། མངལ་འགོག་དང་རིམས་འགོག་གི་ནུས་པ་དང་བརྩེ་སྦྱོར་གྱི་ཚོར་བ་སོགས་ལའང་ཤུགས་རྐྱེན་ཐེབས་སྲིད། བཞི་པ།ཁུ་བ་མཆེད་རྗེས་མུ་མཐུད་དུ་འཕུད་འདེད་བྱས་ན་སྲུང་ཤུབས་མོ་མཚན་གྱི་ཕུག་ཏུ་དེད་ནས་ལྷག་འགྲོ་བའི་ཉེན་ཁ་ཡོད་པས།ལག་པས་སྲུང་ཤུབས་ཀྱི་ཁ་སྐོར་ནས་བཟུང་སྟེ་དལ་མོའི་ངང་ཕྱིར་འཕུད་དགོས། དེའི་སྐབས་སུ་གཟབ་གཟབ་མ་བྱས་ན།ཁུ་བ་ཐིགས་པ་ཞིག་ཡིན་རུང་མོ་མཚན་གྱི་ནང་དུ་ལྷུང་སོང་ཚེ།སྐབས་རེ་སྟབས་མ་ལེགས་པར་མངལ་འཇུག་བྱེད་པའམ། ཡང་ན་རིམས་ནད་འགོ་བའི་ཉེན་ཁ་ཡོད། ལྔ་པ།བརྩེ་སྦྱོར་མཇུག་རྫོགས་རྗེས་སྲུང་ཤུབས་ཐེད་ཡོད་མེད་ལ་བལྟ་དགོས། གལ་ཏེ་སྲུང་ཤུབས་ཐེད་ནས་ནང་གི་ཁུ་བ་ཤོར་ཟིན་ན་ལམ་སང་སྨན་ཁང་དུ་སོང་ནས་མངལ་ཆགས་མིན་དང་རིམས་ནད་འགོས་ཡོད་མེད་ལ་སྨན་དཔྱད་བྱེད་པ་གལ་ཆེ།ཡིན་ནའང་། ཨེ་ཛི་ནི་དུས་ཡུན་ཟླ་བ་གསུམ་ཙམ་མ་སོང་ན་བརྟག་བཤེར་བྱ་མི་ཐུབ། དྲུག་པ། སྲུང་ཤུབས་ནི་རུལ་དཀའི་འགྱིག་རིགས་ལས་གྲུབ་པ་ཡིན་ཕྱིན་དེ་གང་བྱུང་དུ་འཕང་ན་ཁོར་ཡུག་ལ་ཤིན་ཏུ་གནོད་པས།བེད་སྤྱོད་བྱས་རྗེས་སྙིགས་ཟོམ་སོགས་ཁོར་ཡུག་ལ་མི་གནོད་ཅིང་མིག་ལ་མི་གཟན་པའི་སར་འཕེན་པའི་གོམས་གཤིས་ལོབས་དགོས། བདུན་པ། ཞིབ་པར་གྲོགས་དམ་པ་སངས་རྒྱས་སྟོབས་ལྡན་ལགས་ཀྱིས་ཨེ་འགོག་གཡང་སྒྲེའུ་ཚོགས་པ་ཟེར་བ་ཞིག་བཙུགས་ཏེ་བོད་ཁུལ་གྱི་ས་ཆ་སོ་སོར་བདེ་འཇགས་ལུས་འབྲེལ་གྱི་ཤེས་བྱ་དྲིལ་སྒྲོག་དང་སྲུང་ཤུབས་འགྲེམ་སྤེལ་སོགས་མཛད་བཞིན་ཡོད་པས་དེ་ནས་གསན་པར་ཞུ།