ཅི་འདྲ་ཞིག་ལ་ཁྲག་གཤེར་འགོ་མཆེད་ཟེར་གྱིན་ཡོད་དམ་
ཁྲག་གཤེར་འགོ་མཆེད་ཟེར་བ་ལ་རིགས་ཆེན་པོ་ཁ་ཤས་ཡོད་དེ།དང་པོ། ཞིབ་བཤེར་དང་དུག་སེལ་(消毒)ཡང་དག་མ་བྱས་པའི་ཁྲག་རིགས་འཐེན་འཇུག་བྱས་པ་སྟེ།དཔེར་ན་ཟུངས་ཁྲག་མཆོད་འབུལ་དང་། ཟུངས་ཁྲག་ཕྱིར་འཚོང་། ཟུངས་ཁྲག་གསབ་འཇུག་སོགས་ཀྱི་སྐབས་སུ་ཁྲག་ཁུངས་གཙང་མ་ཡིན་མིན་ལ་ཞིབ་བཤེར་ནན་མོ་མ་བྱས་པ་དང་།འབྲེལ་ཡོད་ལག་ཆར་དུག་སེལ་ལེགས་པོ་མ་བྱས་པས་འགོ་མཆེད་བྱས་པ་དང་། གཉིས་པ། དུག་སེལ་ཡང་དག་མ་བྱས་པའི་སྨན་ཆས་བེད་སྤྱོད་པ་སྟེ།དཔེར་ན། གཤག་བཅོས་ཀྱི་གོ་རིམ་ཁྲོད་བེད་སྤྱོད་བྱ་བའི་གྲི་དང་ཁེ་གྲི སྐམ་པ་སོགས་ལ་དུག་སེལ་ཡང་དག་མ་བྱས་པ་དང་།ཁབ་ཆེན་དང་ཁབ་ཆེན་སྔོན་གྱི་ལྤགས་བཤེར་(皮试)།རང་བཞིན་གྱི་སྨན་ཁབ་དང་དངུལ་ཁབ། སོ་གཅོད་པ་དང་སོ་འཛུགས་པ། སོ་ཤུབས་སྐོན་པ། སོ་བརྡར་བ་སོགས་ཀྱི་སྐབས་འབྲེལ་ཡོད་ཡོ་ཆས་དང་ལག་ཆ་དུག་སེལ་ལེགས་པོ་མ་བྱས་པ་སོགས་ཀྱིས་འགོ་མཆེད་བྱས་པ་དང་།གསུམ་པ། ཉལ་དུད་རྩ་འཇུག་བྱས་པ་སྟེ། དུག་སེལ་མ་བྱས་པའི་ཉལ་དུད་ཀྱི་ཁབ་མགོ་གཅིག་རེས་མོས་ཀྱིས་རྩ་ནང་དུ་རྒྱག་པའི་གོ་རིམ་ཁྲོད་ནས་འགོ་མཆེད་བྱས་པ་དང་། བཞི་པ། རང་བཞིན་གྱི་ཁྲག་འབྲེལ་ཏེ། དཔེར་ན། བཞིན་ལུས་མཛེས་བཅོས་དང་།རྣ་བ་དང་སྣ་ལ་བུ་ག་འབུག་པ་དང་། ལུས་བཀྲ་འབྲི་བ་དང་།ལུས་ཁྲུད་ཁང་སོགས་ནས་རྐང་བཅོས་སྤུ་གྲི་དང་། རྣ་བ་འདྲུ་ཆས། སྐྲ་བཞར་གྲི།ཁ་སྤུ་བཞར་གྲི་སོགས་མཉམ་སྤྱོད་བྱས་པ། འཛིང་རྩོད་དང་མྱུར་སྐྱོབ་སོགས་ཀྱི་སྐབས་སུ་ཁྲག་གཤེར་འདྲིས་སྦྱོར་བྱས་པ་ལས་འགོ་མཆེད་བྱས་པ་སོགས་སོ།། གཞན་འདིར་གསལ་བཤད་བྱ་འདོད་པ་ཞིག་ལ། སྤྱིའི་ཆ་ནས་ཁྲག་དང་ཆུ་སེར། ཁམས་དཀར་དམར། གྲང་བ།ཟ་ཁུ་སོགས་ལ་འགོ་ཤུགས་ཆེན་པོ་ཡོད་ལ། ཁ་ཆུ་དང་མིག་ཆུ། རྔུལ་ཆུ། གཅིན་སོགས་ལ་ལྟོས་བཅས་ཀྱིས་འགོ་ཤུགས་ཆེན་པོ་མེད་པར་མ་ཟད།ཁ་ཆུ་དང་མིག་ཆུ། རྔུལ་ཆུ།གཅིན་སོགས་ཀྱིས་རྩ་བ་ནས་མི་འགོ་ཟེར་བའི་ཆེད་མཁས་ཀྱང་ཡོད་དོ། ། དེ་ལྟར་ཟེར་དོན་ཡང་མི་གཞན་གྱིས་ཨེ་ནད་ཅན་ལ་མཐོང་ཆུང་དང་རྒྱང་བཀྱེད་མི་བྱ་བའི་ཆེད་དུ་ཡིན་ལ།ཨེ་ཛི་ཟེར་བ་དེ་ལར་ནས་འགོག་ཐབས་མེད་པ་ཞིག་རེད། དེ་བས་སྔོན་ལས་སུ་ཅི་འདྲ་བཀོད་ཡོད་ན་དེ་ལྟར་བྱ་རུ་ཆུག་ཅེས་ལས་དབང་ལ་ཁག་དཀྲི་བྱས་ནས་ཨེ་འགོག་འདུ་ཤེས་བཏང་སྙོམས་སུ་མི་གཏོང་བའི་ཆེད་ཀྱང་ཡིན་ནོ།