ཅི་ཞིག་ལ་མ་བུ་བདེ་ཕྲལ་གྱི་སྨན་བཅོས་ཟེར་རམ་
ཨེ་ཛིའི་ནད་དུག་ཅན་གྱི་བུད་མེད་ཀྱིས་ཕྲུ་གུ་མ་བཙས་སྔོན་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་སྨན་འཐུང་བ་དང་ཁབ་རྒྱག་པ།གཤག་བཅོས་བྱེད་པ། ནུ་མ་ནུ་རུ་མི་འཇུག་པ། ཟ་མ་ཁ་ཡིས་བལྡད་དེ་མི་སྟེར་བ་སོགས་རིམ་པ་སོ་སོའི་བདེ་ཕྲལ་གྱི་ལག་ལེན་བྱེད་པར་མ་བུ་བདེ་ཕྲལ་གྱི་སྨན་བཅོས་ཟེར་ཅིང་།མ་བུ་བདེ་ཕྲལ་གྱི་སྨན་བཅོས་མ་བྱས་ན་ཕྲུ་གུ༡༥%ནས༥༠%ལ་ཨེ་ཛིའི་ནད་དུག་འགོ་བཞིན་ཡོད། མིག་སྔར་ཞིབ་འཇུག་བྱས་པ་ལྟར་ན་ཀྲུང་གོ་རྒྱལ་ཁབ་ཀྱི་བདེ་ཕྲལ་མ་བྱས་སྔོན་གྱི་ཆ་སྙོམ་འགོ་ཚད༣༣%ཡིན་རུང་།བདེ་ཕྲལ་བྱས་རྗེས་འགོ་ཚད༡༠%ལས་མེད། གཞན་ཡུན་ནན་ཞིང་ཆེན་གྱི་བདེ་ཕྲལ་ལག་རྩལ་ནི་ཆེས་སྔོན་ཐོན་ཡིན་པས༡་༣༡%སྟེ་རྒྱལ་སྤྱིའི་སྔོན་ཐོན་ལག་རྩལ་གྱི་ཚད་དུ་སླེབས་ཡོད་དེ། དཔེར་ན།༢༠༠༥ལོར་ཡུན་ནན་གྱི་རྒྱལ་སྤྱིའི་མཉམ་འབྲེལ་ལས་གཞི་ཞིག་ཏུ་ཨེ་ཛིའི་ནད་དུག་ཅན་གྱི་སྦྲུམ་མ༥༣༡ལ་མ་བུ་བདེ་ཕྲལ་གྱི་སྨན་བཅོས་བྱས་པར།དེ་དག་གིས་བཙས་པའི་ཕྲུ་གུ་ལས༣ལ་ཨེ་ཛིའི་ནད་འགོས་ཡོད་པ་དང་། ༢༨ཤི་བོ་ཡིན་པ་ལས་གཞན་ཕྲུ་གུ༤༨༦བདེ་ཐང་ངང་བཙའ་ཐུབ་པ་བྱུང་བས།༩༨་༦༩%བདེ་ཕྲལ་ཐུབ་ཡོད་ཅེས་གསར་འགྱུར་དུ་བཀོད་འདུག བདེ་ཕྲལ་བྱ་འདོད་པའི་བུད་མེད་ལས་དུག་མགོ་གནོན་པའི་སྨན་འཐུང་བཞིན་པའི་བུད་མེད་ཡིན་ན།སྔར་ལྟར་འཐུང་དགོས་རུང་། དེའི་ནང་གི་སྨན་ལ་ལ་ཞིག་གིས་བུ་ཕྲུ་གུ་འཚར་ལོངས་ལ་གནོད་པ་ཡོད་ཅིང་།ཕྲུ་གུ་སྙད་པ་སྐྱེས་བའི་ཉེན་ཁ་ཡོད་པས། སྨན་དེའི་རིགས་མངལ་ཆགས་པའི་རྗེས་ཀྱི་ཟླ་གསུམ་ནས་གཟོད་བསྟེན་དགོས་པར་བཤད་ཀྱང་།སྨན་གཞན་པ་དག་ནི་ནམ་རྒྱུན་བཞིན་འཆད་མེད་སྣོན་མེད་ཀྱིས་འཐུང་དགོས། གཞན་མ་བུ་བདེ་ཕྲལ་གྱི་སྨན་བཅོས་དང་ཨེ་དུག་མགོ་གནོན་གྱི་སྨན་བཅོས་སོགས་གང་ཡིན་རུང་།ཚན་ཁག་སྣ་གཅིག་གི་ཆེད་མཁས་ཤིག་གིས་ཁེར་རྐྱང་དུ་འགྲུབ་ཐབས་གཏན་ནས་མེད་པའི་སྨན་བཅོས་ཤིག་ཡིན་པས།ངེས་པར་ཏུ་ཚན་ཁག་སོ་སོའི་ཆེད་ལས་མཁས་པ་དག་གིས་དཔུང་པ་མཉམ་གཤིབ་ཀྱིས་བསྒྲུབ་ན་ད་གཟོད་སྨན་བཅོས་ལེགས་འགྲུབ་བྱུང་སྲིད་ཅེས་བཤད་པས།ང་ཚོ་བོད་ཀྱི་སྨན་པ་ཚོས་ཀྱང་ཕན་ཚུན་མཐུན་སྒྲིལ་ངང་གཅིག་ལ་གཅིག་ཕན་གྱིས་རོགས་རེས་བྱས་ན་ད་གཟོད་བོད་རང་གི་མཐུན་མོང་མ་ཡིན་པའི་སྨན་རེ་གསར་བཟོ་ཐུབ་པའི་གོ་སྐབས་ཨེ་ཡོད་སྙམ།