ཅི་ཞིག་ལ་བླ་མའི་ཆོས་ལུགས་ཟེར་

ཡོང་ཁུངས་Wikipedia

དེ་ཡང་བོད་བརྒྱུད་བླ་མའི་ཆོས་ལུགས་ཀྱི་མགོ་ཁུངས་རྒྱ་གར་ལ་ཐུག་གཤིས་ཐོག་མར་ཆོས་དཔོན་དག་ལ་གུ་རུ་ཞེས་འབོད་ཅིང་གུ་རུ་ཞེས་པའི་སྒྲ་དེ་དོན་བསྒྱུར་གྱི་དབང་དུ་ན་ལྕི་བ་ལ་འཇུག་སྐད་དོ།།

ལྕི་བ་ཞེས་པ་ནི་ཡོན་ཏན་ཐམས་ཅད་ཀྱི་ཁུར་དུ་ལྕི་བ་ཞེས་པའི་འགྲེལ་མང་དུ་མཆིས་པ་མ་ཟད་དེ་ནི་གོང་མའམ་བླ་མ་རེད་ཅེས་བརྗོད་དེ་རིམ་བཞིན་ཆོས་དཔོན་ནི། འཇིག་རྟེན་ཐོག་ཆེས་བླ་ན་མེད་པ་ཡིན་པའི་འདུ་ཤེས་འཛིན་སྟངས་བྱུང་ནས་བླ་མ་ཞེས་པའི་ཐ་སྙད་ཐོགས་པར་མངོན། དེ་ཡང་བླ་མ་དག་གིས་བརྩམས་པའི་རྒྱུད་དཔེ་ལས། བླ་མ་མེད་པའི་གོང་རོལ་དུ། སངས་རྒྱས་བྱ་བའི་མིང་ཡང་མེད།། ཅེས་བླ་མ་ནི་ཡོད་ཚད་ཀྱི་གཙོ་བོ་ཡིན་པར་བསྟན་པ་དང་། བླ་མ་སངས་རྒྱས་བླ་མ་ཆོས།།དེ་བཞིན་བླ་མ་དགེ་འདུན་ཏེ།། ཀུན་གྱི་བྱེད་པོ་བླ་མ་ཡིན།། ཞེས་འཇིག་རྟེན་གྱི་བྱེད་པོ་ཡིན་པ་དང་འཁོར་བའི་ཕུན་ཚོགས་ཡོད་ཚད་བླ་མའི་མཐུ་སྟོབས་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པར་བཤད་པ་ལ་བརྟེན་ནས་དད་འབངས་དག་གིས་ཁ་ཆོ་ལེས་ཚིག་ན་བླ་མ་འབོད་པའི་ལམ་སྲོལ་འདི་དག་བྱུང་བ་རེད།འོ་ན་བླ་མ་ཞེས་ལ་པ་ལ་མཚན་ཉིད་དང་ངོ་བོ་མི་འཁྲུལ་བ་ཞིག་འཇོག་ཏུ་ཡོད་དམ་ཞེ་ན། དེ་ཡང་བླ་མས་བརྩམས་པའི་རྒྱུད་དཔེ་ལས་མང་དུ་གསུང་མོད་ཀྱང་།བཤད་བཤད་པའི་མཐར་བླ་མའི་མཚན་ཉིད་འདི་ཡིན་ཞེས་མཚན་གཞི་ལ་ཁྱབ་པའི་བདེན་པ་ར་སྤྲོད་བྱ་རྒྱུ་ཞིག་གཞལ་ཡང་མེད་པ་ཟད།བླ་མ་མཚན་ཉིད་པ་ཡིན་མིན་ནི།ནང་གི་ཉམས་རྟོགས་ཉག་ཅིག་ལ་རག་ལས་ཚུལ་དང་།ནང་གི་ཉམས་རྟོགས་ཡོད་ཕྱིན་མཛད་སྤྱོད་ཀྱི་ཐད་ནས།ལུང་པ་དམར་པོར་བསྒྱུར་བའི་བཤན་པ་དང་ཡོད་ཚད་འཕྲོག་བཅོམ་བྱེད་པའི་ཇག་རྐུན་ཡིན་ཡང་བླ་མ་ཡང་དག་ཡིན་ཚུལ་དང་། ནང་གི་ཉམས་རྟོགས་ནི་བླ་མ་རང་གིས་མཁྱེན་པ་ལས་གཞན་སུས་ཀྱང་གཏིང་མི་དཔོག་ཚུལ་དང་། བླ་མར་སྐྱོན་དུ་མཐོང་བ་ནི་རང་གི་མིག་སོགས་དབང་ལྔའི་སྐྱོན་ཡིན་པ་ལས་བླ་མ་ལ་སྐྱོན་གཏན་ནས་མི་སྲིད་ཚུལ།རྒྱ་གར་གྲུབ་ཆེན་དག་ཀྱང་ཉ་པ་གདོལ་བ་རྐུན་མ་སོགས་ཀུན་སྤྱོད་ཤིན་ཏུ་འཆལ་བ་ཡིན་ཚུལ་དང་རང་ལ་དད་ལ་ཡོད་ན་དད་ཡུལ་ཁྱིའི་སོ་ཡིན་ཡང་སྐྱོན་མེད་ཚུལ་སོགས་དཔེ་སྣ་ཚོགས་དྲངས་ནས་བཤད་ཡོད་པས།མི་དཀྱུས་པ་ཞིག་གིས་ཆོས་གཞུང་དཔང་པོར་བཞག་སྟེ་བླ་མ་གདམ་གསེས་བྱེད་པའི་ལམ་ཞིག་གཏན་ནས་མེད།འདི་ནི་བླ་མའི་ཆོས་ལུགས་ཀྱི་ཐེག་ཆེན་དང་གསང་སྔགས་ཀྱི་གཞུང་ལས་བསྟན་པའི་དོན་དངོས་འཁྲུལ་མེད་ཡིན། དེ་ཡང་བོད་བརྒྱུད་ཀྱི་ཆོས་ལུགས་འདི་ཉིད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལུགས་མ་ཡིན་པར་བླ་མའི་ཆོས་ལུགས་ཡིན་པའི་ཁྱད་རྟགས་མི་འཁྲུལ་བ་གསུམ་ཡོད་དེ།

དང་པོ་ནི།[རྩོམ་སྒྲིག]

སྐྱབས་གནས་ཀུན་གྱི་སྙིང་པོ་སངས་རྒྱས་སུ་མི་འཛིན་པར་རང་རང་གི་བླ་མ་ཡིན་པར་ལྟ་བ་མ་ཟད་དགོན་སྡེ་དང་དད་ལྡན་མང་ཚོགས་ཀྱི་ཁྱིམ་ཕུག་ན་བཤམས་བཀོད་བྱས་པའི་སྐུ་གཙོ་བོ་དག་བླ་མའི་སྐུ་འདྲ་ཁོ་ན་ཡིན་པ་དང་།ལུས་དང་ལོངས་སྤྱོད་ཆུང་མ་དང་བཅས་པ་བླ་མ་ལ་ཕུལ་ན་ཉུང་སྐྱོན་དམན་སྐྱོན་ལས་མེད་ཚུལ་ལྟ་བར་མ་ཟད།གློ་བུར་དུ་འཇིགས་སྐྲག་གི་བསམ་བློ་སྐྱེས་པ་ཡིན་ན་བླ་མ་གང་དེའི་མིང་ནས་ཤེད་ཀྱིས་འབོད་ཅིང་བླ་མས་གསུངས་ཕྱིན། རྒྱོབ་ཟེར་ན་ཕ་མགོ་ཡིན་ཡང་མི་འཛེམ་པ་དང་མཆོངས་ཟེར་ན་རྒྱ་མཚོ་ཡིན་ཡང་མཆོང་རྐྱང་བྱེད་པ་ནི་བླ་མའི་ཆོས་ལུགས་ཀྱི་ཁྱད་རྟགས་དང་པོའོ།།

གཉིས་པ་ནི།[རྩོམ་སྒྲིག]

བླ་མ་དག་གིས་དྲན་འཕྲུལ་ཡང་ཡང་ལམ་ལྷོང་བྱུང་སྟེ།མཐར་སློབ་མ་ཉམ་ཆུང་དག་དྲག་ཤུལ་གྱིས་ཞེད་སྣང་སློང་བྱེད་དུ་བཟོས་པ་ནི། ལྷ་སྲུང་གི་གསོལ་ཁ་དང་འབག་སྐུ་སྐྱི་གཡའ་བ་དག་ཡིན་ཅིང་སློབ་འབངས་དག་གིས་གནས་ཚུལ་མི་ལེགས་པ་དང་ཁ་ན་སོ་ཚ་ཞིག་བྱུང་བ་ཚུན་ཆད་དུ་ལྷ་སྲུང་གི་འབག་མགོའི་མདུན་དུ་ལྕེ་བསྣར་ཏེ་གསོལ་མཆོད་ཁོ་ན་བྱེད་པ་ལས་རྒྱུ་འབྲས་ཟེར་བ་ལ་ཡིད་ཆེས་ཆེར་མེད་པར་བྱས་པ་མ་ཟད།རི་བོང་རྭའི་མཆེད་དུ་གྱུར་པའི་ལྷ་སྲུང་དག་ལ་དབྱེ་འབྱེད་བྱེད་ཅིང་ཡེ་ཤེས་དང་འཇིག་རྟེན་པའི་མིང་གིས་བསྙད་དེ་རང་སྲོག་དང་སྤུན་ཟླའི་ཁ་ངོ་ལ་མི་ལྟ་བར་འཐབ་འཁྲུག་རྒྱག་པ་དང་གཞུང་གི་དོན་ཆེན་དག་ལྷ་འདྲེར་བརྫུས་པའི་མི་ངན་གཡོ་ཅན་དག་གི་ཁར་མཉན་པ་དང་།གལ་ཏེ་ཆོས་རྩོད་དེའི་ཁྲོད་ནས་སྲོག་ཤོར་ཡང་འགྲོ་ས་ཞིང་ཁམས་ལས་མེད་པར་འདོད་པས་ཁ་ཆེ་ཆོས་ལུགས་ཀྱི་ལྟ་བ་དང་ཤིན་ཏུ་ཉེ་ལ་འདི་ནི་བླ་མའི་ཆོས་ལུགས་ཀྱི་ཁྱད་རྟགས་གཉིས་པའོ།

གསུམ་པ་ནི།[རྩོམ་སྒྲིག]

སྐྱག་གཅིན་སྒོར་མི་ཐིངས་པའི་བྱིས་པ་སྣབས་ལུག་ཅིག་ཟ་འོག་སེར་པོས་བཏུམས་ཤིང་ཀུན་གྱིས་མགོན་དུ་བཀུར་ཞིང་དེའི་གཅིན་སྐྱག་བཟའ་བ་མ་ཟད་དེའི་ཁྲི་མཐོ་དམའ་དང་དག་རྫུན། ཞྭ་ཡག་བཙོག་སོགས་བརྩད་དེ་ཐ་ན་སྐྱ་སེར་ཁྲི་སྟོང་གིས་དམག་འདྲེན་རེས་དང་མི་གསོད་ཁྲག་སྦྱོར་གྱིས་ལས་ལ་ཞུགས་ཏེ་བསད་བསད་བདེ་བ་ཅན་ལ་བུད་སོང་ཚུལ་སྨྲ་བ་དང་།བླ་མས་ཆོས་གོས་འོག་ནས་བུད་མེད་མང་པོར་གང་བྱུང་དུ་སྤྱད་དེ་བྱི་ཕྲུག་བཟོ་ཆོག་པ་མ་ཟད་ལུས་འབྲེལ་ཐོགས་ཚད་ཞིང་ཁམས་ལ་འགྲོ་ཆོག་པའི་ལྟ་ཚུལ་འཛིན་པ་དང་། ཤཱཀྱ་ཐུབ་པའི་འདོད་ཆུང་ཆོག་ཤེས་དང་དགེ་སྦྱོང་གི་ཆོས་བཞི་“གཤེ་ཡང་སླར་མི་གཤེ་བ་དང་།ཁྲོས་ཀྱང་སླར་མི་ཁྲོ་བ་དང་། བརྡེགས་ཀྱང་སླར་མི་བརྡེག་པ་དང་། མཚང་དྲུས་ཀྱང་སླར་མཚང་མི་འདྲུ་བ།”ལ་མཐོང་ཆུང་གིས་ཐེག་པ་དམན་པའི་དམན་སྤྱོད་དུ་བལྟས་ཏེ་ཐེག་ཆེན་པ་དག་གིས་ཀ་ཤ་པ་ཎི་འབུམ་རེ་བའི་གོས་གྱོན་ཆོག་ཚུལ་དང་ཁང་བརྩེགས་ལྔ་བརྒྱ་ལ་ལའང་ལོངས་སུ་སྤྱོད་ཆོག་པའི་ལུང་མཚར་ལ་རིང་བ་མང་དུ་འདྲེན་པ་ནི་བླ་མའི་ཆོས་ལུགས་ཀྱི་ཁྱད་རྟགས་གསུམ་པའོ།།

ཞོར་དུ་བོན་པོ་རྣམ་པར་གསལ་བརྡ་ཞུ་རྒྱུ་ཞིག་ལ།བླ་མའི་ཆོས་ལུགས་ཀྱི་ནང་དུ་དེང་སང་གི་བོན་པོའང་ཆུ་ལ་ཆུ་འདྲིས་པ་ཇི་བཞིན་ངོ་བོ་དབྱེར་མེད་དུ་སོང་བས། བོན་པོ་དག་གིས་ངེད་ཅག་བླ་མའི་ཆོས་ལུགས་མིན་པ་དང་ཚ་བ་མདའ་སྨྱུག་གི་ལོག་རྟོག་སྙིང་སྟོབས་ཀྱི་སྔར་རྒོལ་ཡང་ངེད་ཚོ་མིན་ནོ་སྙམ་པའི་ལོག་རྟོག་མི་བཟད་པའང་གཏན་ནས་སྐྱེ་མི་རིགས་སོ།།ཡོངས་གྲགས་ཀྱི་ཁྱད་རྟགས་འདི་ལས་གཞན་ད་རུང་བླ་མའི་ཆོས་ལུགས་ཀྱི་ཁྱད་རྟགས་བསམ་ཡུལ་ལས་འདས་པ་མང་དུ་བདོག་ཀྱང་རེ་ཞིག་རྩོམགྱི་མཇུག་འདི་ནས་བསྡུ་བར་བྱའོ།། །།

བླ་མ་འཇིག་རྟེན་བྱེད་པོར་བཀུར།།

ལྷ་སྲུང་གྲོགས་ཀྱི་དྭངས་མར་བརྩི།།

བྱིས་པ་ཟ་འོག་སེར་པོས་བཀླུབས།།

ཁྱད་རྟགས་གསུམ་གྱིས་བླ་ཆོས་གྲུབ།།