Jump to content

ཅི་བདེར་

ཡོང་ཁུངས་Wikipedia

ཅི་བདེར་ཞེས་པ་ནི་སྒྲ་ཐ་དད་པ་གཉིས་ཡོད་དེ། ཅི་ཞེས་པ་ནི་གང་འདོད་དམ་གང་ལ་འདོད་པའི་དོན་དང་། བདེར་ཞེས་པ་ནི་སྐྱིད་པར་རམ་འཇམ་པོར་སྤྱོད་པའི་དོན་ཡིན་པས། ཅི་བདེར་ཞེས་པ་ནི་གང་འདོད་འདོད་དུ་བྱེད་པའམ་འདོད་པ་བཞིན་དུ་སྤྱོད་པའི་ཚིག་ཡིན།

ནང་དོན།

[རྩོམ་སྒྲིག]

ཅི་བདེར་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་ལུས་སེམས་གང་འདོད་འདོད་དུ་སེམས་ཅན་རྣམས་ལ་གཏོང་བའི་ཚེ། གང་གི་འདོད་པ་དང་མཐུན་པའམ། གང་གི་དགོས་པར་གྱུར་པ་ན། ལུས་ཀྱིས་གསོད་པ། ངག་གིས་སྨོད་པ། རྡོ་དབྱུག་གིས་བརྡེག་པ། རྡུལ་གྱིས་འཐོར་བ་སོགས་དེ་དག་ཇི་ལྟར་བྱེད་འདོད་པ་དེ་ལྟར་བྱེད་ཅིག་པའི་དོན་ནོ། །"བདག་གིས་ལུས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཅན་ཐམས་ཅད་དེ། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཇི་ལྟར་འདོད་པ་དང་མཐུན་པར་བྱ་བ་ལ་བདག་གིས་རང་གི་ལུས་སྦྱར་བར་བྱའོ། །"[]ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཞེད་དུ་ཇི་ལྟར་འདོད་པ་དང་མཐུན་པར་རང་གི་ལུས་ཅི་དགར་སྤྱད་ཅིག་པའི་དོན་ཡིན་ནོ། །

"ཁྱད་པར་དུ་བདག་གིས་ནམ་མཁའ་དང་མཉམ་པའི་ལུས་ཅན་སེམས་ཅན་ཐམས་ཅད་ལ་ལུས་འདི་ཉིད་ཅི་བདེར་ཏེ་གང་འདོད་འདོད་དུ་བྱིན་ཟིན་པ་ཡིན་གྱིས་ད་ནི་དུས་རྟག་ཏུ་ལུས་ཀྱིས་གསོད་པ་དང་ངག་གིས་སྨོད་པའམ། རྡོ་དབྱུག་གིས་བརྡེག་པ་ལ་སོགས་ཅི་དགར་བྱེད་ལ་རག་སྟེ་ཅི་འདོད་འདོད་གྱིས་ཤིག་"[]ཅེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ལ་རང་གི་ལུས་བྱིན་ཟིན་པས། ད་ནི་དེ་དག་གིས་ལུས་ལ་གང་བྱས་ཀྱང་རང་དབང་བའི་འདུ་ཤེས་མེད་པར་ཅི་བདེར་སྤྱོད་པར་བྱ་བའོ། །

ཏིང་ངེ་འཛིན་སྤངས་པའི་སྐབས་སུ་གནང་བ། "སྟག་གཟིག་སོགས་ཀྱིས་སྲོག་གི་འཇིགས་པ་དང་དཀོན་མཆོག་གི་མཆོད་པའི་དགའ་སྟོན་དུས་མཆོད་ལྟ་བུ་ལ་སོགས་པ་དང་གཞན་དོན་ཆེན་པོ་སྒྲུབ་པ་དང་འབྲེལ་བར་ཤིན་ཏུ་བསྡམས་པའི་སྤྱོད་ལམ་དེ་ལྟ་བུའི་རྩེ་གཅིག་ཏུ་མཉམ་པར་བཞག་པར་གལ་ཏེ་མི་ནུས་པར་གྱུར་པའི་ཚེ་ན་རེ་ཞིག་དྲན་ཤེས་བརྟེན་ཏེ་སེམས་མ་ཡེངས་པར་ཅི་བདེར་བྱ་བ་གནང་སྟེ་"[]ཞེས་འབྱུང་། "མི་སོགས་ཀྱི་དགྲ་དང་དུག་སྦྲུལ་དང་མེ་ཆུ་སོགས་རང་གི་སྲོག་ལ་གནོད་པའི་འཇིགས་པ་དང་དུས་བཟང་སོགས་ལ་དཀོན་མཆོག་གི་མཆོད་པ་ལྷག་པར་བཟང་ཞིང་རྒྱ་ཆེ་བ་འབུལ་བ་ལ་སོགས་པའི་དགའ་སྟོན་དང། དེ་དག་ལས་ཆེས་ལྷག་པའི་གཞན་དོན་རྒྱ་ཆེན་པོ་བྱེད་པ་སོགས་དང་འབྲེལ་བར་གྱུར་པ་ན་ལུས་སེམས་ཤིན་ཏུ་བསྡོམས་པའི་སྤྱོད་ལམ་ཆེས་ཕྲ་བ་བྱ་དཀའ་བའི་རིགས་གལ་ཏེ་རང་གིས་བྱ་མི་ནུས་པ་བྱུང་ན་རེ་ཞིག་དེ་དག་དང་རྗེས་སུ་མཐུན་པའི་སྤྱོད་ལམ་བག་ཡངས་སུ་ཅི་བདེར་བྱ་བའི་སྒོ་ནས་འཇུག་པར་བྱ་བ་གནང་"[]ཞེས་གསུངས་པ་ལྟར། སྲོག་ལ་གནོད་པའི་འཇིགས་པ་དང་དཀོན་མཆོག་གི་མཆོད་པའི་དགའ་སྟོན། གཞན་དོན་ཆེན་པོ་སོགས་དང་འབྲེལ་བའི་ཚེ། ལུས་སེམས་ཤིན་ཏུ་བསྡམས་པའི་སྤྱོད་ལམ་ཕྲ་མོ་དེ་དག་བྱ་མི་ནུས་ན། རེ་ཞིག་སྤྱོད་ལམ་བག་ཡངས་སུ་ཅི་བདེར་བྱ་བར་གནང་བའོ། །

དབྱེ་བ།

[རྩོམ་སྒྲིག]

ཅི་བདེར་ཞེས་པའི་དོན་གྱི་ཁྱད་པར་གཉིས། ཅི་བདེར་ཞེས་པའི་དོན་ལ་ཁྱད་པར་གཉིས་ཡོད་དེ། གཙོ་བོའི་དོན། "རང་གི་སྲོག་ལ་གནོད་པའི་འཇིགས་པ་དང་དཀོན་མཆོག་མཆོད་པ་ལ་སོགས་པའི་དགའ་སྟོན་དང༌། དེ་བས་ཆེས་ལྷག་པའི་སེམས་ཅན་གྱི་དོན་སོགས་དང་འབྲེལ་བས་ལུས་སེམས་ཀྱི་སྤྱོད་པ་ཤིན་ཏུ་ཕྲ་བ་རང་གིས་གལ་ཏེ་མི་ནུས་པ་བྱུང་ན་ཅི་བདེར་བྱ་བར་གནང་སྟེ།"[] ཞེས་གསུངས་པ་ལྟར་སྲོག་ལ་གནོད་པའི་འཇིགས་པ་སོགས་དང་འབྲེལ་ནས་ཤིན་ཏུ་ཕྲ་བའི་སྤྱོད་ལམ་མི་ནུས་པའི་ཚེ་ཅི་བདེར་བྱ་བར་གནང་བའི་དོན་ཡིན་ནོ། །བཀག་པ་ལ་གནང་བའི་དོན། "བཀག་པ་ལ་གནང་བའི་དུས་བསྟན་པ་ནི། སྤྱིར་ཏིང་འཛིན་སྒོམ་པ་སོགས་དགེ་བའི་ཀུན་སྤྱོད་ལས་ཅུང་ཟད་ཀྱང་མི་འདའ་བར་བརྩོན་དགོས་མོད་ཀྱང་ལས་དང་པོ་བ་ལྟ་བུ་དེ་ལྟར་རྒྱུན་པར་བརྩོན་མི་ནུས་པ་ལ་རེ་ཞིག་ཅི་བདེར་བྱ་བར་གནང་བའི་དམིགས་བསལ་ནི་འདི་ལྟར།"[] ཞེས་གསུངས་པ་ལྟར་ལས་དང་པོ་བ་རྣམས་ལ་ཁྲིམས་ཀྱི་སྤྱོད་ལམ་དེ་ལྟར་རྒྱུན་པར་བརྩོན་མི་ནུས་པའི་ཚེ་རེ་ཞིག་ཅི་བདེར་བྱ་བར་གནང་བའི་དོན་ཡིན་ནོ། །

དམིགས་བསལ་གྱི་སྐབས།

[རྩོམ་སྒྲིག]

སེམས་རྩེ་གཅིག་ཏུ་གནས་པའི་སྒོམ་སྐབས། "དེ་ལྟར་སེམས་དགེ་བའི་དམིགས་པ་ལ་འདོགས་པ་དང་བཏགས་པ་ལྟར་གནས་མི་གནས་བརྟགས་ནས་སེམས་དབང་དུ་བྱས་ནས་འདུལ་བ་ནི་གླང་པོ་ཆེ་འདུལ་བའི་དཔེས་བསྟན་"[]ཞེས་འབྱུང་སྟེ། རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་དེ་སླར་མི་ནུས་པའི་སྐབས་སུ་ཅི་བདེར་བྱ་བར་གནང་བའོ། །འབྲས་བུ། འདི་ལྟར་བྱས་པ་ལས་ལྟུང་བ་དང་བཅས་པར་མི་འགྱུར་ཞིང་། "དེ་ལྟ་བས་ན་ལྷོད་པར་མི་བྱའོ། །"[]ཞེས་གསུངས་པ་ལྟར། ལམ་གྱི་གོ་རིམ་ལ་མཁས་པར་བྱས་ནས་རིམ་པ་བཞིན་དུ་བསླབ་པར་བྱ་དགོས་པའི་དོན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  8. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།