ངན་སེམས་
ངན་སེམས་ཞེས་པ་ནི་རང་གི་རྒྱུད་ལ་སྐྱེས་པའི་སྡིག་པའི་བསམ་པ་ཞིག་སྟེ་ཀུན་ལ་མནར་སེམས་པའི་མ་རུང་བའི་རྣམ་པ་ཅན་ཞིག་ཡིན། སྐབས་འདིར་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་དང་འཕགས་པ་རྣམས་ལ་ཁོང་ཁྲོ་དང་ཞེ་སྡང་སོགས་སྡིག་པའི་སེམས་སྐྱེད་པ་རྣམས་ལ་ངན་སེམས་ཞེས་ཟེར།
སྒྲ་བཤད།
[རྩོམ་སྒྲིག]ཀུན་སློང་དང་སྦྱོར་བ་སོགས་ཀྱིས་གཞན་ལ་ངན་པའམ་ཀུན་ནས་མནར་བསམ་པའི་བྱེད་ལས་ཅན་གྱི་སེམས་ཤིག་ཡིན་པས་ན་ངན་སེམས་ཞེས་བརྗོད་དོ། །
མཚན་ཉིད།
[རྩོམ་སྒྲིག]"ངན་སེམས་ནི་སྡིག་པའི་སེམས་སོ། །"[༡]ཞེས་པ་ནི་ངན་སེམས་ཀྱི་མཚན་ཉིད་ཧ་ཅང་བསྡུས་པ་ཞིག་སྟེ། ངན་སེམས་ཞེས་པ་ནི་རང་གི་ངོ་བོ་ཉིད་སྡིག་པའི་རང་བཞིན་དུ་གྱུར་པའི་སེམས་ཤིག་ཡིན་པ་གསལ་པོར་བསྟན།
ནང་དོན།
[རྩོམ་སྒྲིག]ངན་སེམས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་སོགས་འཕགས་པའི་སྐྱེས་བུ་རྣམས་ལ་སྐུར་བ་འདེབས་ཤིང་གནོད་པ་བྱ་བར་འདོད་པའི་སེམས་ཞིག་ཡིན་ཏེ། "ཁོང་ཁྲོ་སོགས་ཀྱིས་བསླངས་ཏེ་སྐུར་བ་འདེབས་འདོད་དང་གནོད་པ་བྱེད་འདོད་ཀྱི་ངན་སེམས་ཙམ་སྐྱེད་པར་བྱེད་པ་དེ་ནི་སྡིག་པ་ཚབས་པོ་ཆེ་ཡིན་ཏེ།"[༢] ཞེས་གསུངས་པ་ལྟར་རྒྱལ་སྲས་རྣམས་ལ་དགོངས་པ་མ་བདེ་བ་སྐྱེད་པ་ཙམ་གྱིས་ཀྱང་སྡིག་པ་ཆེན་པོ་ཡིན་པ་བསྟན། ཞེ་སྡང་ལ་སོགས་པའི་རྣམ་པ། "གལ་ཏེ་ཞེ་སྡང་ལ་སོགས་པས་འདི་ལ་མ་རུང་བ་ཞིག་བྱུང་ན་སྙམ་པའི་ངན་སེམས་ཙམ་ཞིག་བསྐྱེད་པར་བྱེད་པ་དེ།"[༣] ཞེས་པ་ནི་ཞེ་སྡང་དང་ཁོང་ཁྲོས་བསླངས་ནས་འདི་ལ་གནོད་པ་གཏོང་ན་ལེགས་ཞེས་སེམས་པ་ཙམ་ཡང་ངན་སེམས་ཡིན་པ་བསྟན། བྱང་ཆུབ་སེམས་དཔའ་ལ་བསམ་པ་ངན་པའི་རྣམ་པ། "བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་ཅིང་བརྙས་པའི་སེམས་བསྐྱེད་པ་"[༤]ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདུག་པ་ཅན་གྱི་སེམས་སྐྱེད་པ་དང་ཁོང་ཁྲོ་བ། བརྙས་པ་སོགས་གང་སྐྱེད་ཀྱང་ངན་སེམས་ཡིན་པ་གསལ་པོར་བསྟན། "གནོད་སེམས་དང་ཐ་བ་དང་ཁོང་ཁྲོ་བའི་སེམས་བསྐྱེད་དེ་"[༥]ཞེས་པས་ཀྱང་གནོད་པར་བྱ་བའི་བསམ་པ་དང་། ཐ་བ་དམའ་བར་འདོད་པའི་སེམས། ཁོང་ཁྲོ་བའི་སེམས་སོགས་རྣམ་པ་མང་པོ་ཡོད་པ་བསྟན།
འབྲས་བུ།
[རྩོམ་སྒྲིག]ངན་སེམས་ཀྱི་འབྲས་བུ། "ངན་སེམས་བསྐྱེད་པའི་སྐད་ཅིག་གི་གྲངས་ཇི་སྙེད་ཡོད་པ་དེའི་གྲངས་ཇི་ལྟ་བ་བཞིན་གྱི་བསྐལ་བར་ནི་གང་བདག་ཉིད་ངན་པ་དེ་མནར་མེད་པ་སོགས་ཀྱི་དམྱལ་བ་སྡུག་བསྔལ་ཆེན་པོ་མི་བཟད་པ་མྱོང་ཞིང་གནས་པར་འགྱུར་རོ་"[༦]ཞེས་པ་ནི་ངན་སེམས་སྐྱེད་པའི་སྐད་ཅིག་ཇི་ཙམ་ཡོད་ན་དེ་སྙེད་ཀྱི་བསྐལ་བར་དམྱལ་བར་སྡུག་བསྔལ་མྱོང་དགོས་པ་གསལ་པོར་བསྟན། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། "འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའམ་བརྙས་པའི་སེམས་བསྐྱེད་ན་དེ་སྙེད་ཀྱི་སེམས་ཅན་དམྱལ་བར་གནས་པར་གོ་ཆ་བགོ་བར་བྱའོ། །"[༧]ཞེས་པས་སངས་རྒྱས་ཀྱིས་མདོ་སྡེའི་ནང་དུ་འཇམ་དཔལ་ལ་གསུང་པ་ནི་བྱང་ཆུབ་སེམས་དཔའ་ལ་ངན་སེམས་སྐྱེད་ན་དམྱལ་བར་འགྲོ་དགོས་པ་ངེས་ཤེས་སུ་ཟུངས་ཤིག་ཅེས་པའི་དོན། དད་པའི་སེམས་ཀྱི་འབྲས་བུ། "གང་ཞིག་བྱང་ཆུབ་སེམས་དཔའ་ལ་ཡིད་རབ་ཏུ་དང་བའི་སྒོ་ནས་དད་པ་སྐྱེད་པར་བྱེད་ན། དད་པ་དེ་ཡི་འབྲས་བུ་ནི་གོང་དུ་བཤད་པའི་ངན་སེམས་ཀྱི་འབྲས་བུ་དེ་བས་ཀྱང་ཆེས་ལྷག་པར་འཕེལ་བ་སྐྱེ་སྟེ་དད་པའི་སེམས་ཀྱི་སྐད་ཅིག་ཇི་སྙེད་ཡོད་པ་དེ་བས་ཆེས་གྲངས་མེད་པའི་བསྐལ་བར་འབྲས་བུ་ཁྱད་པར་ཅན་མྱོང་བར་འགྱུར་ཏེ།"[༨] ཞེས་པ་ནི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་སྐྱེད་ན་ངན་སེམས་ཀྱི་ཉེས་དམིགས་བས་ཀྱང་ལྷག་པའི་བསོད་ནམས་དང་བདེ་བའི་འབྲས་བུ་རྒྱ་ཆེ་བ་ཐོབ་པ་བསྟན།
ཁྱད་པར་གྱི་བསྟན་པ།
[རྩོམ་སྒྲིག]སངས་རྒྱས་ལ་ངན་སེམས་སྐྱེ་མི་ནུས་པ། "དེ་བཞིན་གཤེགས་པ་ལ་སུས་ཀྱང་ངན་སེམས་སྐྱེད་པར་མི་ནུས་ཏེ་བསྐལ་པ་གྲངས་མེད་པར་སེམས་ཅན་ཐམས་ཅད་ལ་བྱམས་པའི་ཐུགས་བསྒོམས་པའི་ཕྱིར་འདིའི་སྐུ་ལ་མཚོན་གྱིས་མི་ཚུགས་སོ། །"[༩]ཞེས་པ་ནི་སངས་རྒྱས་རྣམས་བྱམས་པའི་སྒོམ་ཚུལ་ཕུན་སུམ་ཚོགས་པས་སེམས་ཅན་གང་གིས་ཀྱང་དེ་ལ་ངན་སེམས་སྐྱེད་ནུས་པའམ་མཚོན་ཆས་ཀྱིས་གནོད་པ་བཏང་ཐུབ་པའི་གོ་སྐབས་ཡོད་མི་སྲིད་པ་བསྟན། བྱང་ཆུབ་སེམས་དཔའ་ལ་གནོད་པའི་ཉེས་དམིགས། "བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་བས་ནི་སངས་རྒྱས་ཉིད་རྩ་བ་དང་བཅས་པ་བཅོམ་ཞིང་ཉེ་བར་བཅོམ་པ་ཡིན་ཏེ། ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་ཉེ་བར་བཅོམ་པར་འགྱུར་བའི་ཕྱིར་རོ། །"[༡༠]ཞེས་པ་ནི་བྱང་ཆུབ་སེམས་དཔའ་ནི་མ་འོངས་པའི་སངས་རྒྱས་སུ་འགྱུར་བ་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་རྒྱུ་ཡིན་པས། དེ་ལ་གནོད་པ་བྱེད་པ་ནི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་དོན་འཇོམས་པ་ཡིན་པས་ཉེས་པ་ཤིན་ཏུ་ཆེ་བ་བསྟན། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། "གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཆོད་རྟེན་བཤིག་པའམ་བསྲེགས་ལ། ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གནོད་སེམས་དང་ཐ་བ་དང་ཁོང་ཁྲོ་བའི་སེམས་བསྐྱེད་དེ་སྨྱོས་ཏེ་བརྒྱད་ན་ནི་དེ་བས་ཆེས་གྲངས་མེད་པའི་སྡིག་པ་སྐྱེ་བར་འགྱུར་རོ། །"[༡༡]ཞེས་པ་ནི་གངྒཱ་ཆུ་བོའི་ས་རྡུལ་དག་པ་ལྟར་མང་བའི་མཆོད་རྟེན་སྤོང་བཤིག་བྱས་པ་བས་ཀྱང་། བྱང་ཆུབ་སེམས་དཔའ་གཅིག་ལ་དགོངས་པ་མ་བདེ་བ་སྐྱེད་པ་ཉེས་པ་ཆེ་ཞིང་སྡིག་པ་དཔག་ཏུ་མེད་པ་སྐྱེ་བར་བསྟན།
དོན་གནད།
[རྩོམ་སྒྲིག]"དེ་ལྟར་ཡུལ་ཁྱད་པར་ཅན་བྱང་སེམས་ལ་གནོད་པའི་སེམས་དང་དེས་བསླངས་པའི་གནོད་པ་ཅུང་ཟད་ཙམ་བྱས་པའང་སངས་རྒྱས་ཀྱི་རྒྱུ་ལ་གནོད་པ་བྱས་པ་ཡིན་པས་སྡིག་པའི་ནང་ནས་ཆེས་ལྕི་བ་ཕུལ་དུ་བྱུང་བ་ཡིན་པར་གསུང་རབ་དགོངས་འགྲེལ་དང་བཅས་པ་དུ་མ་ལས་གསུངས་པར་བཤད་དོ། །"[༡༢]ཞེས་པ་ནི་བྱང་ཆུབ་སེམས་དཔའ་ནི་ཁྱད་པར་དུ་འཕགས་པའི་ཡུལ་ཡིན་པས། དེ་ལ་ངན་སེམས་སྐྱེད་པ་དང་དེའི་དབང་གིས་གནོད་པ་ཕྲ་མོ་ཙམ་བྱས་པའང་སངས་རྒྱས་སུ་འགྱུར་བའི་རྒྱུ་ལ་གནོད་པ་བྱས་པ་ཡིན་པས། སྡིག་པ་ཐམས་ཅད་ཀྱི་ནང་ནས་ཆེས་ལྕི་བ་ཡིན་པར་མདོ་རྒྱུད་དང་འགྲེལ་ཆེན་མང་པོ་ལས་གསུངས་པ་བསྟན། མདོར་ན་ངན་སེམས་ནི་སྡིག་པའི་ཞིང་ངམ་གནོད་པའི་ཞིང་གི་མཆོག་ཏུ་བསྟན་པ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།