ང་ཚོའི་སྐོར།

ཡོང་ཁུངས་Wikipedia

རྒྱུན་སྲོལ་བོད་མིའི་བདེ་དོན་ལས་ཁུངས་ཞེས་འབོད་པའི་བོད་མིའི་གཞིས་ཆགས་ལས་ཁུངས་འདིས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་ཐད་དགོས་མཁོ་སྐོང་ཐབས་གནང་གི་ཡོད། ལས་ཁུངས་འདིས་བོད་མིའི་གྲོས་ཚོགས་དང་། བཀའ་ཤག དེ་མིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་ལྷན་ཁང་ཁག་གི་ལས་དོན་སྒྲུབ་བཞིན་པའི་ཞོར་ལ། སྤྱི་ཚོགས་དང་། རིག་གཞུང་། དཔལ་འབྱོར། ཁོར་ཡུག་བཅས་ཀྱི་ཐད་ལ་ལས་གཞི་ཧུར་སྐྱེད་ཆེན་པོས་ལག་བསྟར་བྱེད་བཞིན་མཆིས། དེ་དག་ནི་རྒྱུན་གནས་ཐུབ་པའི་ཡར་རྒྱས་དང་ལྷག་པའི་བསམ་པ་སྤེལ་བའི་ལས་དོན་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཐོག་མར་ལས་ཁུངས་ཆུང་ཆུང་ཞིག་ནས་འགོ་བཙུགས་ཏེ། ད་ཆ་ང་ཚོས་ལས་གཞི་བཀོལ་སྤྱོད་བྱེད་མཁན་གྱི་ལས་ཁུངས་སྣ་ཚོགས་སུ་རྒྱ་སྐྱེད་བཏང་བ་དང་དུས་ཡུན་ཧྲིལ་པོ་སྲི་ཞུ་སྒྲུབ་མཁན་གྱི་ལས་བྱེད་བཞི་བཅུ་ཐམ་པ་ཡོད། འབྲེལ་ཡོད་མི་སྣ་དང་རོགས་སྐྱོར་ཚོགས་པ་ཁག་གིས་མཁྱེན་རྟོགས་སླད་དྲ་རྒྱ་འདིས་ང་ཚོའི་ལས་གཞི་ཆེ་ཁག་རྣམས་འགྲེལ་བརྗོད་བྱེད་ཅིང་། ལས་གཞི་འདི་དག་ལ་བརྟེན་ནས་འཛམ་གླིང་ཡུལ་གྲུ་ཁག་ཏུ་བློ་སྟོབས་འཕེལ་བར་ང་ཚོས་རེ་བ་བཅངས་ཡོད། དམིགས་ཡུལ་དང་དགོས་པ། བོད་མིའི་གཞིས་ཆགས་ལས་ཁུངས་འདི་བཞིན་རྡ་རམ་ས་ལའི་བོད་མི་མང་ལ་སྲི་ཞུ་སྒྲུབ་རྒྱུའི་ལས་ཁུངས་ཀྱི་རྩ་འཛིན་སྒྲིག་ཁྲིམས་ཀྱི་ལམ་སྟོན་གཞིར་བཟུང་མཐའ་ཅིག་ཏུ་བདེན་པ་དང་། འཚེ་མེད་ཞི་བདེ། བཅོས་མིན་གྱི་མང་གཙོའི་འཛིན་སྐྱོང་ལ་རྨང་གཞི་བྱས་བཞིན་མཆིས། ང་ཚོའི་དམིགས་ཡུལ་དང་དེའི་རྗེས་ཀྱི་བྱེད་སྒོ་ཁག་ཡར་རྒྱས་གཏོང་ཕྱོགས་ཐད་དགོས་མཁོ་ཆེ་རིམ་ལ་གཞི་བཞག་ནས་སྤེལ་རྒྱུ་དང་། ལས་ཁུངས་འདིའི་ལས་གཞི་རྣམས་འཚེ་མེད་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབ། ཉམ་ཐག་གི་དཀའ་ངལ་སེལ་རྒྱུ། ཡུན་གནས་ཐུབ་པ་དང་ལམ་སྟོན་རྩ་འཛིན་གཞིར་བཟུང་ལག་བསྟར་བྱ་རྒྱུ་ཡིན། ལས་འགུལ་གྱི་དམིགས་ཡུལ། ཕྲུ་གུ་རྣམས་ལ་ལྟ་སྐྱོང་།

  • ཕྲུ་གུ་སྦྱིན་བདག་འཚོལ་བའི་ལས་གཞི།
  • གཞོན་སྐྱེས་བློ་སྟོབས་སྤེལ་བའི་ལས་གཞི།
  • གཞོན་སྐྱེས་ཀྱི་རྩེད་རིགས་དང་བྱེད་སྒོ།
  • སྨན་རྫས་ལང་ཤོར་གྱི་དཀའ་ངལ་སེལ་བའི་ལས་གཞི།

ང་ཚོའི་སྤྱི་ཚོགས་ལ་ལྟ་སྐྱོང་།

  • མི་མང་ཉམ་ཐག་དང་རྒན་གོག་གི་བདེ་དོན།
  • བོད་ནས་གསར་དུ་འབྱོར་བ་རྣམས་ལ་རོགས་སྐྱོར།
  • སྤྱི་ཚོགས་ཀྱི་ལས་དོན།
  • བོད་མི་རྣམས་ལ་ཁྲིམས་མཐུན་གྱི་རོགས་སྐྱོར།
  • རྩོད་རྙོག་འདུམ་སྒྲིག
  • རིག་གཞུང་ནང་ཁུལ་གྱི་མཉམ་ལས།

འཕྲོད་བསྟེན་དང་ཁོར་ཡུག་ལྟ་རྟོག

  • སྙིགས་རོ་དོ་དམ་གྱི་ལས་རིམ།
  • ཁོར་ཡུག་གོ་རྟོགས་སྤེལ་བའི་ལས་རིམ།
  • ལས་བཟོས་ཤོག་བུ་བསྐྱར་བཟོའི་ལས་རིམ།
  • ཁོར་ཡུག་གི་ཤེས་ཡོན་སྤེལ་བའི་བསྟི་གནས།
  • གཙང་སྦྲ་དང་དུས་ཆེན།
  • རིན་མེད་སྨན་བཅོས།
  • ཁྱི་འཁྱམ་ལས་གཞི།
  • སྔོ་ལྗང་ཚོང་ཁང་།


བདེ་དོན་གྱི་ལས་འཆར།[རྩོམ་སྒྲིག]

ཕྲུ་གུར་ལྟ་རྟོག རང་གི་བུ་ཕྲུག་རྣམས་ལ་ལྟ་སྐྱོང་ལེགས་པོ་བྱེད་མི་ཐུབ་ཅིང་གཞི་རིམ་གྱི་འཕྲོད་བསྟེན་དང་། བཟས་བཅུད། ཤེས་ཡོན་སོགས་ཀྱི་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཉམ་ཐག་གི་ཁྱིམ་ཚང་ཧ་ཅང་མང་པོ་ཡོད། ཕ་མ་མང་ཆེ་བ་ནི་ལས་མེད་ངང་གནས་ཤིང་། ལམ་ཟུར་དུ་ཡུལ་སྐོར་བ་དང་ཡར་འགྲོ་མར་འགྲོ་རྣམས་ལ་བཟས་རིགས་ཕྲན་བུ་ཚོང་གཉེར་བྱས་ཏེ་འཚོ་ཐབས་བྱེད་མཁན་ཤ་སྟག་ཡིན། ཉམ་ཐག་དང་རྒན་གོག་གི་བདེ་དོན། བོད་མིའི་གཞིས་ཆགས་ལས་ཁུངས་ནས་སྤྱི་ཚོགས་ནང་ཉམ་ཐག་གི་སྡུག་བསྔལ་དང་དཀའ་ངལ་སེལ་ཕྱིར་བོད་མི་དབུལ་ཕོངས་དང་སྐྱབས་མེད་མགོན་མེད་རྣམས་ལ་དཔལ་འབྱོར་དགོས་མཁོའི་ཐད་ལ་རོགས་སྐྱོར་བྱེད་ཀྱི་ཡོད། ད་ལྟའི་ཆར་ལས་ཁུངས་འདི་ནས་མི་མང་གྲངས་ ༡༧༠ ཐམ་པར་འཚོ་དོད་མཁོ་སྤྲོད་བྱེད་ཅིང་། ཁོང་ཚོ་མང་ཆེ་བ་ནི་སྤུན་མཆེད་དམ་ལྟ་སྐྱོང་བྱེད་མཁན་གྱི་བུ་ཕྲུག་མེད་པའི་ནད་གཅོང་དང་རྒན་གོག་ཁག་ཡིན། སྤྱི་ཚོགས་ཀྱི་ལས་དོན། བོད་མིའི་གཞིས་ཆགས་ལས་ཁུངས་འདིས་ཐག་རིང་གི་སྨན་ཁང་དུ་འགྲོ་བར་ལུས་ཀྱི་ནུས་ཤུགས་མེད་པའམ་དཀའ་ངལ་ཡོད་པའི་དབུལ་ཞིང་ཕོངས་པའི་ནད་པ་རྣམས་ལ་ཛ་དྲག་གི་རོགས་སྐྱོར་བྱེད་ཀྱི་ཡོད། སྐབས་རེ་མ་དངུལ་གནས་སྟངས་ལ་གཞི་བཞག་སྟེ། ལས་ཁུངས་འདི་ནས་དངུལ་དང་དོས་ཆས་བོར་བརླག་ཏུ་སོང་བའི་འགྲུལ་མི་རྣམས་ལ་དཔལ་འབྱོར་གྱི་རོགས་རམ་བྱ་ཐབས་བྱེད་ཀྱི་ཡོད། གཞོན་སྐྱེས་བློ་སྟོབས་སྤེལ་བའི་ལས་གཞི། བཙན་བྱོལ་དུ་ཡོད་པའི་བོད་པའི་གཞོན་སྐྱེས་ཚོ་ལ་དེང་དུས་ཀྱི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡག་པོ་ཐོབ་པའི་རྐྱེན་གྱིས། ང་ཚོའི་སྤྱི་ཚོགས་ཁྲོད་ལོ་ལྟར་སློབ་གྲྭ་ཐོན་མཁན་དང་སློབ་གྲྭ་མཐའ་འཁྱོལ་མི་ཐུབ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཁོང་ཚོའི་འདོད་པ་ལྟར་ལས་གནས་འཐོབ་མི་ཐུབ་དཀའ་ངལ་ཚབས་ཆེན་འཕྲད་བཞིན་མཆིས། དེས་ན། དཀའ་ངལ་དེ་དག་ལ་བརྟེན་ནས། ང་ཚོའི་སྤྱི་ཚོགས་ནང་ལས་མེད་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་འདུག དམིགས་བསལ་དེ་དག་ལས་གཞོན་སྐྱེས་ཁག་ཅིག་ཁྱིམ་ཚང་སྐྱོ་པོ་འཚར་ལོངས་བྱུང་སྟབས། ཁོང་ཚོའི་སེམས་ངལ་གྱིས་སྐབས་རེ་སྤྱི་ཚོགས་ཉེན་ཁ་ཆེ་བའི་ལས་རིགས། དཔེར་ན། བཟི་སྨན་སོགས་བེད་སྤྱོད་བྱས་ཏེ། སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་ཧྲིལ་པོར་ཚབས་ཆེའི་དཀའ་ངལ་བཟོ་བཞིན་མཆིས། རིག་གཞུང་ནང་ཁུལ་གྱི་མཉམ་ལས། བོད་རིགས་དང་རྒྱ་གར་ཡུལ་མི་དེ་བཞིན་སྤྱི་ཚོགས་གཞན་བཅས་ཀྱི་དབར་མཛའ་མཐུན་ཡོང་སླད་བོད་མིའི་གཞིས་ཆགས་ལས་ཁུངས་འདིའི་ངོས་ནས་མཉམ་རུབ་ཀྱི་ཚོགས་འདུ་སྐོང་འཚོགས་བྱས་ཏེ་སྤྱི་ཚོགས་འདྲ་མིན་དབར་གྱི་འབྲེལ་ལམ་གོང་འཕེལ་ཡོང་བར་བགྲོ་གླེང་གནང་གི་ཡོད། ལས་ཁུངས་འདིའི་ད་ཡོད་ཀྱི་ལས་འཆར་ཁག་དྭང་བླངས་ཇི་ལྟར་བྱུང་མིན་ལ་རག་ལུས་ཀྱང་། གཞི་རྒྱ་ཆེ་བའི་ཁོར་ཡུག་གཙང་བཟོ་དང་། དམིགས་བསལ་ཆར་དུས་སྐབས་དང་རྒྱལ་སྤྱིའི་ཁོར་ཡུག་ཉིན་མོ་སོགས་ཀྱི་སྐབས་ལས་གཞི་ལག་བསྟར་ཆེད་ང་ཚོས་དུས་རྟག་ཏུ་དྭང་བླངས་ཞབས་ཞུ་བའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དྭང་བླངས་ཞབས་ཞུའི་གོ་སྐབས། འདི་ག་ལས་ཁུངས་ནས་ཆ་རྐྱེན་གཏན་འབེབས་བྱས་པ་གཞིར་བཟུང་སྤྱི་སྒེར་གཉིས་ཀ་ནས་ང་ཚོའི་ཁོར་ཡུག་ཞབས་ཞུ་བ་ལྷན་དུ་དྭང་བླངས་ཀྱི་སྒོ་ནས་ཉུང་མཐར་ཟླ་གཉིས་རིང་ཞབས་ཞུ་རོགས་རམ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། དེར་མ་ཟད་ད་ལྟའི་ཆར་ང་ཚོས་ལུད་སྦྱོར་གྱི་ལས་གཞི་ཞིག་གཉེར་བཞིན་ཡོད་པར་བརྟེན། ང་ཚོ་དང་མཉམ་དུ་ལས་གཞི་ལག་བསྟར་ཆེད་ལུད་སྦྱོར་ལ་སྦྱངས་པ་ཡོད་པའི་དྭང་བླངས་ཞབས་ཞུ་བ་ཞིག་རེ་སྒུག་བྱེད་བཞིན་ཡོད། ཡུལ་སྐོར་སྣེ་ཤན་གྱི་ལས་འགན། ཡུལ་སྐོར་སྤྲོ་འཆམ་གྱི་གནད་དོན་འདི་ནི་རྡ་སྟེང་གི་ཁོར་ཡུག་ཐད་གདོང་ལེན་བྱ་དགོས་པའི་དཀའ་ངལ་གཙོ་བོ་ཞིག་ཆགས་ཡོད། ཡུལ་སྐོར་སྤྲོ་འཆམ་པ་ཞིག་ཡིན་པའི་ཆ་ནས། ཁོར་ཡུག་ཡར་རྒྱས་ཆེད་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུ་ཡོད་པའམ། ཡང་ན་ས་གནས་ཁོར་ཡུག་གི་གནས་སྟངས་ཇེ་སྡུག་ཏུ་མི་གཏོང་བ་སོགས་ཇི་སྙེད་ཅིག་ཡོད། འདིར་བསམ་ཚུལ་འགའ་ཞིག་ཞུས་ན།

  • དཔེར་ན་རུལ་མི་ཐུབ་པའི་དངོས་པོ་འགྱིག་ཤོག་སོགས་བེད་སྤྱོད་བྱ་རྒྱུ་ཉུང་དུ་གཏོང་བ།
  • ཆུ་བླུགས་སྣོད་ཤེལ་དམ་སོགས་ཀྱི་ནང་འདི་ག་སྔོ་ལྗང་ཚོང་ཁང་ངམ་ཡང་ན་ཟ་ཁང་གཞན་ནས་ཆུ་ཁོལ་བསྐྱར་དུ་འགེང་བ།
  • ས་གནས་གཞན་ནས་ཁྱེར་བའི་ཅ་དངོས་རྣམས་ལ་ས་གནས་རང་ནས་བཟོས་པའི་དངོས་པོ་བེད་སྤྱོད་བྱ་རྒྱུར་གདམ་ཀ་བྱེད་པ།
  • བསྐྱར་བཟོ་བྱེད་རུང་བ་དང་མི་རུང་བའི་གད་སྙིགས་སོགས་སོ་སོར་དབྱེ་བ་འབྱེད་པ།
  • མི་གཞན་ལ་ཁོར་ཡུག་གི་ཤེས་བྱ་གོ་རྟོགས་ཡོང་བར་རོགས་རམ་བྱེད་པའི་ཁྲོད། མགྲོན་ཁང་དང་ཟ་ཁང་། ཚོང་ཁང་སོགས་ཀྱི་དོ་དམ་ལས་བྱེད་པ་རྣམས་ཁོར་ཡུག་ཐད་བགྲོ་གླེང་འཚོགས་པ། ཁོང་ཚོས་སོ་སོའི་གད་སྙིགས་ཇི་ལྟར་གཙང་བཟོ་བྱེད་པའི་སྐོར་ལ་སྐད་ཆ་འདྲི་སོགས་བྱ་རྒྱུ་ཡོད།
  • གློག་རྫས་སོགས་ཉེན་ཚབས་ཆེ་བའི་དངོས་པོ་བེད་སྤྱོད་མི་བྱས་པར། གཡུག་པའམ་སྟེར་བ་གང་བྱེད་འདོད་ཀྱང་སྔོ་ལྗང་ཚོང་ཁང་དུ་སྤྲོད་དགོས།
  • སོ་སོའི་སྡོད་གནས་སུ་གློག་དང་ཆུ་བེད་སྤྱོད་བྱེད་ཕྱོགས་ཐད་ཡིད་ཟབ་གནང་བ། ཆར་དུས་མ་ཡིན་པའི་སྐབས། དམིགས་བསལ་ཆུའི་དཀའ་ངལ་ཆེ་ཤོས་ཡིན།