གླིང་བུ་དགོན།
གླིང་བུ་དགོན།
མཚན་རྒྱས་པར། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་ཞུ། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ནས་སྤྱི་ལེ་༢༥ཙམ་ཤར་ངོས་སུ་འཁོར་ལམ་དེད་སོང་ན་ལམ་ཟུར་ཤིང་བྱང་ཡོད་སར་སེམས་སྐབས་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་པཎྜི་ཏ་སྨྲྀ་ཏི་ཛྙ་ནའམ་དྲན་པའི་ཡེ་ཤེས་ནི་ཐོག་མར་བོད་དུ་ཕེབས་སྐབས་ཕེབས་ལམ་ནས་ལོ་ཙཱ་བ་སྐུ་གཤེགས། བོད་སྐད་མི་གསན་པས་གཙང་རྟ་ནག་ཁུལ་དུ་བོད་སྐད་སློབ་ཕྱིར་ཕྱུགས་རྫི་གནང་ནས་བཞུགས། དེ་ནས་གནས་དེ་དང་ཉེ་བ་འཁྲུངས་ཡུལ་ཞེས་པར་ཕེབས་སྐབས་ཡི་དམ་དཔལ་ཆེན་གྱི་སྐུ་བརྙན་ཞིག་བཞེངས་དགོས་དགོངས་ཏེ། ཉིན་ལྟར་ཕྱུགས་འཚོ་ཞོར་དུ་སྐུ་སྨད་བཞེངས་པར་མཛད་པས་ཉིན་ཞིག་སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཅན་ཞིག་རང་བྱོན་དུ་འཁྲུངས། གནས་དེར་འཁྲུངས་ཡུལ་ཞེས་ཐོགས་དོན་ཡང་དེ་ལྟར་ཡིན། དེ་ནས་སྐུ་འདི་བཞུགས་གནས་གང་དུ་བྱེད་དགོས་སམ་དགོངས་པར་ཡི་དམ་གྱིས་ངའི་སྡོད་ས་ང་རང་གིས་འཚོལ་གྱི་ཡིན་ཞེས་གསུང་བྱོན་པ་དང་ཆབས་ཅིག་ཡབ་མིར་སྤྲུལ་པ་དང་ཡུམ་ར་མོ་ཞིག་ཏུ་སྤྲུལ་པའི་ཞབས་རྗེས་ད་ལྟའང་མཇལ་རྒྱུ་ཡོད། དེ་ནས་དཔལ་ཆེན་གྱིས་ཕྱག་མདའ་ཞིག་གནང་ནས་མདའ་འདི་གང་དུ་བབས་ཀྱང་གནས་དེར་ངའི་སྟོད་གནས་ཡིན་གསུངས་ནས་ཡར་ཕེབས་པས་ཕྱག་མདའ་གནང་ཡུལ་དེར་བྲག་ལ་ཁུང་ཕུག་པ་ད་ལྟའང་མཇལ་རྒྱུ་ཡོད། དེ་ནས་ཡར་ཕེབས་ཏེ་ད་ལྟའི་དགོན་ཞབས་རྒྱལ་པོའི་ལྷ་རྟེན་དཀར་པོ་ཡོད་སར་ཕེབས་སྐབས་དེར་ལུག་རྫི་ཞིག་ཡོད་པ་དེར་ངས་མདའ་ཞིག་བརྒྱབ་ཡོད་པས་ཁྱོད་ཀྱིས་མཐོང་བྱུང་ངམ་ཞེས་གསུངས་པར། ལུག་རྫིས་མདའ་མཐོང་མ་བྱུང་གླིང་བུའི་སྒྲ་ཞིག་ཐོས་བྱུང་ཞེས་ཞུས་པས། ད་འོ་ན་གནས་འདིར་གླིང་བུ་ཞེས་ཐོགས་ཤིག་གསུངས་པས་གླིང་བུ་ཞེས་པ་དེ་ལྟར་བྱུང་། དེ་ནས་གནས་དེར་དགོན་དེ་བཏབ་གནང་ནས་བཤད་སྒྲུབ་ཀྱི་ཆོས་གྲྭ་འཕེལ། ཕོ་དགོན་མོ་དགོན་སོ་སོར་འདུས་ཚོགས་ཤིན་ཏུ་རྒྱས་པ་བྱུང་། འོན་ཀྱང་ཇུན་གར་དམག་དུས་སུ་སྨེག་མེད་དུ་སོང་ཡང་དགོན་དེའི་སྐུའི་རྟེན་གོང་གསལ་ཡི་དམ་གྱི་སྐུ་བརྙན་དེ་དང་། གསུང་གི་རྟེན་རྡོ་ནག་སྟེང་དཔལ་ཆེན་གྱི་གཟུངས་སྔགས་“རུ་ལུ་”ཞེས་པ་འབྲུ་བརྒྱད་འབུར་དོད་དུ་ཡོད་པ་༼དེ་ནི་རྒྱ་གར་ནས་འཕུར་ཕེབས་ཏེ་དགོན་ཞབས་སུ་བབས་པ་དང་། ས་དེར་ད་ལྟ་ཡང་རུ་ལུ་སྒང་ཞེས་ཟེར་༽དེ་གཉིས་བཞུགས་ཡོད། དེ་རྗེས་༡༩༢༨ལོར་དགོན་དེའི་བླ་མ་ལྷ་བཙུན་ནམ་མཁའ་འཇིགས་མེད་སྐུ་ཕྲེང་བཅུ་གསུམ་པ་ལྷ་བཙུན་འགྱུར་མེད་འཇིགས་བྲལ་བསྟན་འཛིན་དཔའ་བོ་དཔལ་བཟང་པོ་མཆོག་ནི་འབྲས་ལྗོངས་རྒྱལ་སྲས་ཡིན་སྟབས་དགོན་དེ་ཉམས་གསོ་གཞི་རྒྱ་ཆེ་བ་གནང་། སྔོན་དུས་འགྱུར་གོང་དགེ་འདུན་ཞལ་གྲངས་༨༠སྐོར་གྱིས་ལྷོ་གཏེར་སྨིན་སྒྲོལ་གླིང་གི་ཕྱག་བཞེས་ཇི་བཞིན་ཕྱག་ལེན་གནང་བ་ཡིན།
ད་ལྟ་སྔོན་གྱི་རྩིག་སྟེང་དུ་ཐོག་བཀབ་གནང་བའི་འདུ་ཁང་ཀ་བ་བཅུ་དང་། གཡས་སུ་མགོན་ཁང་། གཡོན་དུ་མཚན་རྒྱས་ལྷ་ཁང་། ཡང་སྟེང་གཟིམ་ཆུང་ལྷུན་གྲུབ་དགའ་ཚལ་དང་འཆི་མེད་བདེ་ལྡན་བཅས་པར་སྔོན་གྱི་རྟེན་གསུམ་གྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།