གླང་དར་མས་ཆོས་བསྣུབས་ཡོད་དམ་མེད་
མཐོང་རིས་
རྒྱལ་ལྷ་ཁང་བཞེངས་པའི་དུས་ཚོད་ཐད་འདིར། “དར་མས་ཆོས་བསྣུབས་ནས་ལོ་བརྒྱ་དང་བཅུ་གསུམ་ཙམ་ན་ཡིན་པས། བསྟན་པ་ཕྱི་དར་གྱི་དང་པོའི་གནས་གཞིའི་གྲས་ཡིན།”ཞེས་གསུངས་འདུག་ནའང་། “དར་མས་ཆོས་བསྣུབས”ཞེས་པའི་ཚིག་འདི་ནི། ལོ་རྒྱུས་ཀྱི་རྩོད་གཞི་ཧ་ཅང་ཆེན་པོ་ཞིག་ཡིན་པས་དེའི་སྐོར་ལ་རྙོག་དྲ་མང་དུ་མཆིས།དར་མ་ནི་བཙན་པོ་དར་མ་འུ་དུམ་བཙན་ཏེ་ཡོངས་གྲགས་སུ་གླང་དར་མ་ཟེར་བ་དེ་རེད། དོན་དངོས་ཐོག་དར་མས་ཆོས་བསྣུབས་དང་མ་བསྣུབས་ནི་ལོ་རྒྱུས་ཀྱི་རྩོད་གཞི་ཆེན་པོ་ཞིག་ཡིན་པས། ད་ལྟ་ད་རུང་རྩོད་གཞིའི་ཚུལ་དུ་ལུས་ཡོད་པ་རེད།
དར་མས་ཆོས་བསྣུབས་ཞེས་པ་དང་བསྟན་པ་བསྣུབས་ཟེར་བའི་ཚིག་དེ་འདྲ་དངོས་སུ་མཐོང་རྒྱུ་ཡོད་པའི་ལོ་རྒྱུས་ཀྱི་བརྩམས་ཆོས་ཐོག་མ་ནི«སྦ་བཞེད་ཞབས་བཏགས་མ»ཡིན་ཏེ། «སྦ་བཞེད»ཡར་སྔོན་གྱི་རྡོ་རིང་དང་། «ཏུན་ཧོང་ཡིག་རྙིང»སོགས་ན་དར་མས་བསྟན་པ་བསྣུབས་ཟེར་བའི་ཚིག་དེ་འདྲ་མཐོང་རྒྱུ་མ་བྱུང་པས། རྒྱལ་པོ་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་བཤད་སྒྲོས་དེ་ལོ་ངོ་སྟོང་ཙམ་གྱི་རིང་ཡོངས་སུ་གྲགས་ནའང་། དངོས་གནས་དྲང་གནས་ལོ་རྒྱུས་ལ་ག་ལེར་ཞིབ་འཇུག་བྱས་དུས། དེ་འདྲ་ཞིག་ཡིན་མིན་ནི་རྩོད་གཞི་ཅན་ཞིག་ཏུ་ཆགས་འགྲོ་བ་རེད། གོང་དུ་བཤད་པ་ལྟར། «སྦ་བཞེད་ཞབས་བཏགས་མ»ཡི་ནང་དུ་རྒྱལ་པོ་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཞེས་པའི་ཚིག་དེ་ཐེངས་དང་པོར་སླེབས་པ་མ་གཏོགས་དེའི་ཡར་སྔོན་དུ་ཚིག་དེ་འདྲ་མཐོང་རྒྱུ་མེད་ནའང་། དེ་ནས་བཟུང་། སྔར་གྱི་ཆོས་འབྱུང་གྲགས་ཅན་རྣམས་ཏེ། «ལྡེའུ་ཆོས་འབྱུང»དང་། «ཉང་ཆོས་འབྱུང» «ཆོས་འབྱུང་མཁས་པའི་དགའ་སྟོན» འགོས་ལོའི«དེབ་སྔོན»སོགས་ཀུན་གྱི་ནང་དུ། དར་མས་བསྟན་པ་བསྣུབས་ཡོད་ཅེས་གཅིག་མཚུངས་སུ་བཤད་ཡོད་པས་ཕྱིས་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་ནི་དེ་ལྟར་བྲིས་ཡོད་པ་ལྷག་ཏུ་བཤད་མི་དགོས་ཀྱང་། «ཏུན་ཧོང་ཡིག་རྙིང»རྣམས་ཀུན་གྱི་མཐོང་ལམ་དུ་གྱུར་པ་ནས་བཟུང་། ལོ་རྒྱུས་ཀྱི་བཤད་སྒྲོས་དེ་རིགས་ལ་དོགས་པ་མི་ཟ་ཐུ་མེད་དུ་གྱུར།“ཏུན་ཧོང་ཡིག་རྙིང»རྣམས་སུ། རྒྱལ་པོ་དར་མ་སངས་རྒྱས་ཀྱི་ཆོས་ལ་དད་པར་མ་ཟད།ཁོང་གིས་གཙུག་ལག་ཁང་དང་ལྷ་ཁང་སོགས་བཞེངས་པའི་གནས་ཚུལ་དང་།རྒྱལ་པོ་དར་མས་བསྟན་པ་ཚུལ་བཞིན་བསྐྱངས་རབས་ཀྱང་གསལ་བས།ཡིག་ཆ་དེ་མངོན་དུ་གྱུར་རྗེས། ཡང་སྙིང་རྒྱལ་པོ་དར་མས་བསྟན་པ་བསྣུབས་དང་མ་བསྣུབས་ཀྱི་གནད་དེར་ལོ་རྒྱུས་སྨྲ་པ་ཚོས་རྩོད་པ་རྒྱག་དགོས་ཐུག་པ་རེད། དེང་གི་ལོ་རྒྱུས་མཁས་པ་གྲགས་ཅན་མཁར་རྨེའུ་བསམ་གཏན་རྒྱ་མཚོས།དར་མའི་ལོ་རྒྱུས་ལ་འདི་ལྟར་བསྡོམས་ཚིག་བཀོད་ཡོད་དེ། རྒྱལ་པོ་དར་མས་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བསྣུབས་མེད་ཀྱང་། འདུལ་བའི་བསྟན་པ་བསྣུབས་པས། འདུལ་བའི་བསྟན་པ་བསྣུབས་པ་ཙམ་ལ་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཞེས་བཏགས་པ་ཡིན་ཞེས་པ་དེའོ། །རྒྱུ་མཚན་ཅི་ཞེ་ན། རྒྱལ་པོ་དར་མའི་སྐབས་སུའང་གསང་སྔགས་ཀྱི་བསྟན་པ་སོགས་དར་ཡོད་པས། དུས་དེར་ཁྱིམ་པ་ཚོས་དད་པའི་སྒོ་ནས་ཆོས་ལ་སྒོམ་སྒྲུབ་ཉམས་ལེན་ཅི་ཞིག་བྱས་ཀྱང་ཇུས་གཏོགས་བྱེད་ཀྱི་མེད་པར་སྣང་ལ།རབ་བྱུང་པའི་སྡེ་ནི་བསྣུབས་ཡོད་པར་བཤད། འདིའི་སྐོར་ལ་མཁར་རྨེའུ་ཚང་གིས་དཔྱད་པ་གནང་བའི་གྲུབ་དོན་རྣམས་ནི་ཅུང་ཁུངས་བཙུན་ཞིང་ལོ་རྒྱུས་ཀྱི་དོན་དངོས་དང་ཐག་ཉེ་བོ་མིན་ནམ་སྙམ་གྱི་འདུགརྒྱལ་པོ་དར་མ་ནི་དངོས་གནས་ལོ་རྒྱུས་སྟེང་རྩོད་གཞི་ཧ་ཅང་ཆེ་བའི་མི་སྣ་ཆེན་པོ་ཞིག་རེད། དེ་རིང་སྐད་ཆ་འདི་རིགས་བཤད་བསྡད་ན། སྐབས་དོན་བསྒྲིབས་པའི་སྐྱོན་ཅུང་ཟད་འབྱུང་ན་ཐང་མོད། འདི་དང་འདི་ལྟ་བུའི་སྐོར་མ་ཤེས་ན། འོག་ནས«གཏམ་རྒྱུད་གསེར་ཐང»གི་ཟུར་མང་པོ་ཞིག་ལ་གོ་བ་ལོན་མི་ཐུབ་པར་མཐོང་།དགེ་འདུན་ཆོས་འཕེལ་གྱི་ངོས་ནས«རྒྱལ་རབས་དེབ་ཐེར་དཀར་པོ»ནི་རྩོམ་འཕྲོར་ལུས་པས། རྒྱལ་པོ་དར་མ་དང་འབྲེལ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་སྐོར་ལ་ཁོང་གི་ལྟ་ཚུལ་གསལ་པོར་བྲིས་པ་ཞིག་ཕལ་ཆེར་མཐོང་རྒྱུ་མེད།«གསེར་ཐང»འདིར། “དར་མས་བསྟན་པ་བསྣུབས་ནས་ལོ་བརྒྱ་དང་བཅུ་གསུམ་འགོར”ཞེས་གསུངས་པར་བལྟས་ན། དར་མས་བསྟན་པ་བསྣུབས་པའི་བཤད་སྟངས་དེ་ཕལ་ཆེར་འཐད་ལྡན་དུ་ཁས་བླངས་པ་འདྲ་མོད། གཅིག་བྱས་ན། འདིར་ལོ་ཚིགས་ཀྱི་ས་རྟགས་སྟོན་བྱེད་ཙམ་དུ་བྱུང་བའི་ཚིག་དེ་ནི།ཐུགས་བསམ་ནན་བཞེས་མ་མཛད་པར་ཡོངས་གྲགས་ཀྱི་བཤད་སྟངས་ལྟར་བྲིས་པ་ཞིག་ལས། གལ་ཏེ་ཁོང་གིས«རྒྱལ་རབས་དེབ་ཐེར་དཀར་པོའི»མཇུག་སྐྱོང་ཐུབ་པའི་དབང་དུ་བཏང་ན། རྒྱལ་པོ་དར་མས་བསྟན་པ་བསྣུབས་མ་བསྣུབས་ཀྱི་སྐོར་ལའང་དཔྱད་པ་གསར་པ་ཞིག་གནང་ཡོད་སྲིད།[6]གང་ལྟར་དེའི་སྐོར་ལ་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག འདི་ལོ་རྒྱུས་ཀྱི་རྩོད་གཞི་གལ་ཆེན་ཞིག་རེད། ཁྱེད་རྣམ་པས་རྒྱལ་པོ་དར་མ་ནི་དོན་དངོས་ཐོག་མི་ཅི་འདྲ་ཞིག་ཡིན་ནམ་སྙམ་དུ་འདང་བརྒྱབ་བམ། སྔར་གྱི་ལོ་རྒྱུས་བརྩམས་ཆོས་ཕལ་མོ་ཆེར། རྒྱལ་པོ་དར་མ་ནི་གཏུམ་པོ་བ་གླང་གི་ཤ་ཚུགས་ཅན། དབང་པོ་རྟུལ་བོ། གནས་ལུགས་མི་རྩི་མཁན། ཆང་ལ་དགའ་ཞིང་།འདོད་པ་ལ་འདུན་པ་ཞིག་ཏུ་བཞེངས་ཡོད། ཡང་ཉེ་དུས་ཀྱི་རྩོམ་ཡིག་ཁ་ཤས་སུ། རྒྱལ་པོ་དར་མ་ནི་ཆབ་སྲིད་ཀྱི་གཟིགས་རྒྱང་ཆེ་བ་ཞིག་གམ། ད་ལྟའི་བཤད་སྟངས་བྱས་ན། ལམ་ལུགས་བསྒྱུར་བཅོས་ཀྱི་ཕུགས་བསམ་ཡོད་མཁན་ཞིག་ཡིན་པས། ཁོང་གིས་འདུལ་བའི་བསྟན་པ་བསྣུབས་པ་དེ་ཡང་། སྐབས་དེའི་ཆབ་སྲིད་ཀྱི་དགོས་དབང་གི་ངོས་ནས་བལྟས་ན་ཁག་མེད་ས་མང་པོ་འདུག་སོགས་ཟེར་གྱི་ཡོད་པས། བཙན་པོ་དར་མ་ནི་མི་བརྒྱ་ཐམ་པའི་སྣང་ངོར། སྣང་བརྙན་མི་འདྲ་བ་བརྒྱ་ཡོད་པའི་མི་སྣ་ཁྱད་མཚར་ཞིག་རེད་ཅེས་ཀྱང་དཔྱོད་ལྡན་གྱི་ངག་ལས་ཐོས་མྱོང་བས། དེ་དག་གི་སྐོར་ལ་རྣམ་པ་ཚོས་ག་ལེར་བསམ་བློ་གཏོང་རོགས། ཡང་བཤད་ན། རྒྱལ་པོ་དར་མས་བསྟན་པ་བསྣུབས་མེད་པའི་དཔང་རྟགས་གཅིག་ངས་ཀྱང་མཐོང་བྱུང་སྟེ། ཇོ་བོ་རྗེ་བསམ་ཡས་དགོན་པའི་ནང་དུ་བྱོན་སྐབས། གནའ་བོའི་རྒྱ་དཔེ་རྩ་ཆེན་མང་དུ་གཟིགས་པས་ཇོ་བོ་རྗེ་ཧ་ལས་ཏེ།བོད་ལ་ལེགས་སྦྱར་གྱི་རྒྱ་དཔེ་འདི་འདྲ་མང་བར་བལྟས་ན། བསྟན་པ་སྔ་དར་ལ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ལྟ་བུ་རྒྱ་གར་དུ་ཡང་མ་དར་བ་འདྲ་ཞིང་། འདིའི་ནང་གི་ལེགས་སྦྱར་གྱི་དཔེ་དཀོན་པོ་འགའ་ཞིག་ནི་སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་ཁྱེར་ཡོང་བ་མིན་ནམ་གསུངས་མྱོང་བར་གྲགས།གཏམ་དེ་བདེན་ན། གལ་ཏེ་བཙན་པོ་དར་མས་སངས་རྒྱས་ཀྱི་བསྟན་པ་རྩ་མེད་དུ་བཏང་ཡོད་ཚེ། བཙན་པོའི་དུས་སུ་ནང་བསྟན་གྱི་ལྟེ་གནས་ལྟ་བུའི་བསམ་ཡས་གཙུག་ལག་ཁང་དུ་ལེགས་སྦྱར་གྱི་དཔེ་ཆ་དེ་འདྲ་མང་པོ་ཞིག་ལྷག་མི་ཐུབ་པས། དེའི་ཆ་ནས་བལྟས་ཀྱང་། བཙན་པོ་དར་མས་སངས་རྒྱས་ཀྱི་བསྟན་པ་རྩ་བ་ནས་བསྣུབས་ཡོད་མེད་ལ་དོགས་པ་མི་སྐྱེ་ཐུ་མེད་ཡིན་པ་རེད། འོན་ཀྱང་། རབ་བྱུང་པའི་སྡེ་དང་འདུལ་བའི་བསྟན་པ་བཙན་པོ་དར་མས་བསྣུབས་པ་ལ་ནི་ཕལ་ཆེར་རྩོད་པ་མི་འདུག་པས། མཁར་རྨེའུ་བསམ་གཏན་གྱིས་ཀྱང་། སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་བསྣུབས་མེད་ཀྱང་།འདུལ་བའི་བསྟན་པ་བསྣུབས་ཡོད་ཅེས་པའི་ཞིབ་ཆ་བྱས་ཡོད་ལ། ངས་མཐའ་གཅིག་ཏུ་ཁོང་གི་དེ་འགྲིག་འདུག་ཅེས་ཁ་ཚོན་བཅད་པ་མིན། རྣམ་པ་ཚོས་ག་ལེར་དཔྱད་པ་གནང་རོགས།