གྲུབ་མཐའི་རྣམ་གཞག་འཇམ་མགོན་ཞལ་ལུང་གི་འགྲེལ་བ་

ཡོང་ཁུངས་Wikipedia
Jump to navigation Jump to search

ཕྱི་ནང་གི་གྲུབ་མཐའི་རྣམ་གཞག་འཇམ་མགོན་ཞལ་ལུང་གི་འགྲེལ་བ་ངེས་དོན་སྙིང་པོའི་ལམ་བཟང་མཐོང་བའི་སྒྲོན་མེ་ཞེས་བྱ་བ།

ན་མོ་མཉྫུ་ཤྲཱི་ཡེ། རབ་འབྱམས་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ།། མཁྱེན་གཉིས་དབང་ཕྱུག་འཇམ་དཔལ་དཔའ་བོ་དང༌།། དབྱེར་མེད་འཇམ་མགོན་སྨྲ་བའི་ཉི་མ་ཟུང༌།། འབྲལ་མེད་སྙིང་གི་ཐིག་ལེར་རྟག་བཞུགས་ཏེ།།ངེས་དོན་སྙིང་པོའི་ལམ་བཟང་མཐོང་བའི་ཕྱིར།། ཐོག་མར་ཕྱི་ནང་གྲུབ་མཐའི་རྣམ་བཞག་ཉིད།། ཕྱེད་པར་གཅེས་ཕྱིར་དེ་ཚུལ་ཅུང་ཟད་ཅིག། འཆད་པར་སྤྲོ་ལ་ཤིས་པའི་དཔལ་ཀུན་སྩོལ།། དེ་ལ་འདིར་གང་འཆད་པར་བྱ་བ་ནི། འཇམ་དཔལ་སྨྲ་བའི་སེངྒེ་ཉིད་བླ་མའི་ཟོལ་དུ་སྣང་བ་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་བོ་ཉིད་བསམ་བཞིན་དུ་ཐུགས་རྗེས་སྲིད་པ་ཉེ་བར་བཟུང་བའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་གཉིས་པ། འཇམ་དབྱངས་བློ་གྲོས་གཞན་ཕན་མཐའ་ཡས་ཀྱི་ཞལ་སྔ་ནས་བསྩལ་བའི་ཕྱི་ནང་གི་གྲུབ་མཐའི་རྣམ་བཞག་འཇམ་མགོན་ཞལ་ལུང་གི་དགོངས་དོན་ཅུང་ཟད་རྒྱས་པར་འཆད་པ་ལ་གསུམ་སྟེ།ཐོག་མར་དགེ་བ་གང་བཤད་བྱའི་ཡན་ལག བར་དུ་དགེ་བ་འཆད་བྱའི་གཞུང་དངོས། ཐ་མར་དགེ་བ་བསྟན་བཅོས་གྲུབ་པའི་བྱ་བ་སྦྱར་བྱང་སྨོས་པ་དང་གསུམ་མོ།།བཤད་བྱའི་ཡན་ལག དང་པོ་དེ་ལའང་གསུམ་སྟེ། མཚན་སྨོས་པ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་དང་གསུམ་མོ།། མཚན་སྨོས་པ། དང་པོ་ནི། ཕྱི་ནང་གི་གྲུབ་མཐའ་མདོར་བསྡུས་སུ་བཀོད་པ་འཇམ་མགོན་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། ཞེས་པ་སྟེ། དེའང་འཇིག་རྟེན་པའི་ཤེས་རབ་ཀྱིས་ཤེས་བྱའི་གནས་ལ་དཔྱོད་ཀྱང་ཡིན་ལུགས་ཀྱི་མྱང་འདས་དང་རྗེས་སུ་མཐུན་པའི་ལམ་ལས་ཕྱི་རོལ་ཏུ་གྱུར་པས་ཕྱི་བའམ། ཐར་པ་ལ་ཅུང་ཟད་ཉེ་བས་ཐར་བའི་ལམ་གྱི་མུ་དང༌། ལམ་གོལ་གྱི་སྟེགས་ལ་གནས་པས་མུ་སྟེགས་པ་ཞེས་ཀྱང་བྱ་ལ། དེ་ལས་སྟོན་པ་དང་བསྟན་པ་ལྟ་སྤྱོད་བཀའ་རྟགས་ཀྱི་ཕྱག་རྒྱ་བརྒྱད་སོགས་ཀྱིས་ཆེས་ཁྱད་པར་དུ་ཕྱེ་བས་ན་ནང་པ་སངས་རྒྱས་པ་ཞེས་བྱ་ལ། རང་རང་གི་ལམ་དེ་ཉིད་སོ་སོའི་ལུང་དང་རིགས་པས་གྲུབ་ཅིང༌། དེ་ལས་ནམ་ཡང་འདའ་བྱ་མ་ཡིན་པས་ན་མཐའ་སྟེ། དེ་དག་གི་དབྱེ་བ་མཐའ་ཡས་ཀྱང་འདིར་དེ་དག་གི་སྙིང་པོའི་བསྡུས་དོན་མདོར་བསྡུས་སུ་བཀོད་པ་སྟེ། དེའང་འཇམ་མགོན་སྨྲ་བའི་ཉི་མ། ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་ཆེན་པོ་རྗེ་བཙུན་བློ་གྲོས་མཐའ་ཡས་ཀྱི་ཞལ་ལུང་དྲི་མ་མེད་པའི་རྗེས་སུ་འབྲངས་པས་ན་དེ་སྐད་ཅེས་མིང་དུ་བྱ་བའོ།། དེ་ལྟར་བསྟན་བཅོས་ལ་མིང་གདགས་དགོས་པའི་དོན་ཡང༌། དབང་པོ་རབ་ཀྱིས་མཚན་དོན་མཐོང་བས་དགོངས་དོན་མཐའ་དག་ཐུགས་སུ་ཆུབ་པ་དང༌། འབྲིང་གིས་ཐེག་པའི་བྱེ་བྲག་གང་དུ་གཏོགས་ཤེས་པ་དང༌། དབང་པོ་ཐ་མས་ཀྱང་མིང་དང་འབྲེལ་བའི་སྒོ་ནས་གླེགས་བམ་ཚོལ་སླ་བའི་དགོས་པ་དང་ལྡན་པ་སྟེ། ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད།། ཅེས་གསུངས་པ་ལྟར་རོ།། མཆོད་པར་བརྗོད་པ། གཉིས་པ་མཆོད་པར་བརྗོད་པ་ནི། ངག་གི་དབང་ཕྱུག་འཇམ་དབྱངས་མཁྱེན་པའི་གཏེར། ། དབྱངས་སྙན་རྒྱུད་མངས་འཁྲོལ་བའི་མཚོ་བྱུང་མ།། སྙིང་ལ་རྟག་ཏུ་མཛའ་བའི་བློ་གྲོས་མིག། ཐུབ་བསྟན་རྒྱ་མཚོའི་མགོན་རྣམས་ཕྱག་གི་ཡུལ།། ཅེས་པ་སྟེ། དེའང་འཇིག་རྟེན་ན་སྒྲ་དབྱངས་མིང་ཚིག་བརྗོད་པར་བྱེད་པའི་ངག་གི་སྨྲ་བ་མཐའ་དག་གི་ཚུལ་ལ་དབང་འབྱོར་བས་དབང་ཕྱུག་གམ་མཆོག་ཏུ་གྱུར་ཅིང༌། སྐུ་ཡི་ཡོན་ཏན་ཡེ་ཤེས་ཀྱི་སྐུ་ཉིད་སྐྱེ་འགག་སྤྲོས་པ་དང་བྲལ་ཡང་གདུལ་བྱའི་སྣང་ངོར་རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་ཅིང༌། ཆགས་སོགས་ཉོན་མོངས་པའི་རྩུབས་རེག་དང་བྲལ་བས་འཇམ་པ། གསུང་གི་ཡོན་ཏན་འགག་མེད་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་དབྱངས་ཀྱི་ཡན་ལག་མ་ལུས་པ་ཡོངས་སུ་རྫོགས་པ། ཐུགས་ཀྱི་ཡོན་ཏན་གནས་ལུགས་ཇི་ལྟ་བ་དང༌། ཤེས་བྱ་ཇི་སྙེད་པ་ཐམས་ཅད་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་ནི་འཕོ་འགྱུར་བྲི་གང་དང་བྲལ་བ་མི་ཟད་པའི་གཏེར་ལྟར་མངའ་བ་ལྷག་པའི་ལྷ་མཆོག་འཇམ་དཔལ་དབྱངས་དང༌། གདུལ་བྱའི་བློ་དང་འཚམས་པའི་དབྱངས་སྙན་གྱི་སྒྲ་ལས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་སྟོན་པའི་རྒྱུད་མང་སྟེ་པི་ཝང་སྙན་པར་འཁྲོལ་བའི་རིག་པའི་ལྷ་མོ་དབྱངས་ཅན་མ་ལ་མཚོ་བྱུང་མ་ཞེས་བྱ་བའི་དོན་ནི། སྔོན་རིག་བྱེད་སྨྲ་བའི་གཏམ་རྒྱུད་ལས། རི་རབ་གྱི་ལྷོ་ཕྱོགས་ན་རྒྱ་མཚོ་ཆེན་པོ་བདུད་རྩིའི་རང་བཞིན་དུ་གནས་པ་ལ། ཕྱོགས་ཀུན་ནས་རླུང་བཀོད་པ་མཐའ་ཡས་ཞེས་པ་ལངས་ཏེ། དེས་རྒྱ་མཚོ་གཡོས་པའི་རྦ་རླབས་ལས་བརྟན་དང་གཡོ་བའི་དབྱངས་ཀྱི་ཡན་ལག་མ་ལུས་པ་ཡོངས་སུ་རྫོགས་པའི་སྒྲས་འཇིག་རྟེན་ཁྱབ་པར་བྱུང་བའི་ཚེ། སྒྲ་དེ་ཚངས་པས་མཉན་པས་རིམ་པར་ལྷ་མོ་ཉིད་ཀྱང་བྱུང་བས་ན་ཚངས་པའི་སྲས་མོའམ་མཚོ་བྱུང་མར་གྲགས་པའི་ལྷ་མོ་དབྱངས་ཅན་མ་ཉིད་སྙིང་ལ་རྟག་ཏུ་མཛའ་བའི་ཚུལ་གྱིས་ལྷན་ཅིག་ཏུ་འགྲོགས་ཤིང༌། ཚུལ་དང་ཚུལ་མ་ཡིན་པའི་ལམ་རྣམ་པར་འབྱེད་པའི་དྲི་མ་མེད་པའི་བློ་གྲོས་ཀྱི་མིག་དང་ལྡན་པ། རྣམ་དག་ཐུབ་པའི་བསྟན་པ་རྒྱ་མཚོ་ལྟ་བུའི་དབུས་ན་བཤད་སྒྲུབ་ཀྱི་རླབས་ཕྲེང་ཆལ་ཆིལ་དུ་གཡོ་བར་མཛད་པའི་ཚད་མའི་སྐྱེས་བུ་དམ་པ། རིས་སུ་མ་ཆད་པའི་བསྟན་པ་མཐའ་དག་གི་མགོན་དུ་གྱུར་པའི་སྐྱེས་མཆོག་དམ་པ་རྣམས་ནི་ཕྱག་གི་ཡུལ་ལམ་ཞིང་དམ་པར་གྱུར་པ་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ།། ཅེས་གསུངས་པ་ལྟར་རོ།། དེ་ལྟར་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཐོག་མར་ཕྱག་བྱ་བ་ནི། དམ་པ་རྣམས་ཀྱི་བྱས་པ་གཟོ་བའི་སླད་དང༌། བསྟན་བཅོས་རྩོམ་པ་ལ་བར་ཆད་མི་འབྱུང་ཞིང་མཐར་ཕྱིན་པའི་ཆེད་དུའོ།། རྩོམ་པར་དམ་བཅའ་བ། གསུམ་པ་རྩོམ་པར་དམ་བཅའ་བ་ནི། བསྟན་ལ་མཁས་པར་འདོད་རྣམས་སྨྲ་བའི་རྒྱན།། རང་གཞན་གྲུབ་མཐའི་གནས་ལ་བསླབ་པ་གཅེས།། དེ་ཕྱིར་ཐོ་ཅོལ་སྨྲ་ལ་བྲེལ་བ་ཡི།། བྱིས་པའི་བློ་ཡང་གྲུབ་མཐའ་འཆད་ལ་སྤྲོ།། ཞེས་པ་སྟེ། གང་དག་རྒྱལ་བའི་བསྟན་པ་རིན་པོ་ཆེར་ཞུགས་ནས་དེ་ལ་མཁས་པར་འདོད་པ་རྣམས་ལ་འཆད་བྱའི་ཆོས་ཚུལ་དང༌། འཆད་བྱེད་སྨྲ་བའི་སྤྲོས་པ་མཐའ་ཡས་པ་ཞིག་འབྱུང་བའི་ནང་ནས་རྒྱལ་བསྟན་མཛེས་པར་བྱེད་པའི་རྒྱན་ལྟ་བུ་ཆེས་མཆོག་ཏུ་གྱུར་པ་ནི། རང་གཞན་ཏེ་ཕྱི་ནང་གི་གྲུབ་མཐའི་གནས་ལ་བསླབ་པ་ཉིད་ཤིན་ཏུ་གཅེས་ཏེ། དེ་ལ་བརྟེན་ཏེ་ཐོག་མར་ལྟ་བ་དང༌། ལྟ་བ་མ་ཡིན་པའི་ལམ་རྣམ་པར་འབྱེད་པའི་ཕྱིར་རོ།། རྒྱུ་མཚན་དེ་ལྟ་བུ་ཡི་ཕྱིར་ན། གང་ཉིད་སྐྱེས་ཐོབ་དང་སྦྱོར་བྱུང་གང་ནས་བྱས་ཀྱང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ཅིང་དམ་པའི་སྐྱེས་བུའི་རིགས་སད་པ་ཁོ་ནར་ངེས་ཀྱང༌། གཞན་དག་མཁས་སྙེམས་ཀྱི་ང་རྒྱལ་བཅག་པའི་ཕྱིར། མ་བརྟགས་པའི་ཐོ་ཅོལ་ཁོ་ན་སྨྲ་བ་ལ་རྟག་པར་བྲེལ་བ་ཡི་ངང་ཚུལ་དང་ལྡན་པ་མ་སྦྱངས་པའི་བློ་ཆུང་བྱིས་པའི་བློ་ཅན་བདག་ལྟ་བུ་ཡང་གྲུབ་མཐའ་འཆད་པ་ལ་སྤྲོ་ཞེས་ཡ་རབས་ཀྱི་ཚུལ་དང་མཐུན་པར་གསུངས་པ་སྟེ། རྒྱལ་སྲས་ཞི་བ་ལྷས་ཀྱང༌། སྔོན་ཆད་མ་བྱུང་པ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམ།། ཞེས་གསུངས་པ་དང་ཚུལ་མཐུན་པའོ།། དེ་ལྟར་བསྟན་བཅོས་རྩོམ་པའི་ཐོག་མར་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་པ་ནི། གང་ལ་ཐོག་མར་འཇུག་པའི་ཡན་ལག་སྒོ་ལྟ་བུ་ཡིན་ཏེ། སློབ་དཔོན་དཎྜིའི་ཞལ་ནས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པ་དེ་ཡི་སྒོ།། ཞེས་པ་ལྟར་རོ།། ཞར་ལ་བསྟན་བཅོས་འདི་ཉིད་བརྩམས་པའི་དགོས་དོན་ཆོས་བཞི་ཡང༌། ཕྱི་རོལ་པ་དང་ནང་བ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིའི་སོ་སོའི་ལྟ་བའི་རྣམ་གཞག་ནི་བརྗོད་བྱ། དེ་ལ་བརྟེན་ཏེ་ཡང་དག་གི་ལྟ་བ་དང་ལྟ་བ་མ་ཡིན་པའི་ཚུལ་ཇི་བཞིན་ཤེས་པ་ནི་དགོས་པ། ཚུལ་དེ་ཉིད་ཀྱང་ཐོག་མར་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་སྟེ་གཟོད་དེ་ཡི་ཚུལ་ཡིད་ལ་བསྒོམས་པས་མཐར་ཐུག་གི་འབྲས་བུ་གྲུབ་པ་ཉིང་དགོས། དེ་དག་ཀྱང་རིམ་པར་གཅིག་ལ་གཅིག་བསྟེན་གྱིས་འབྲེལ་བའི་ཕྱིར་ན་འབྲེལ་སླ་བའོ།། །། འཆད་བྱའི་གཞུང་དངོས། གཉིས་པ་བར་དུ་དགེ་བ་གཞུང་དངོས་ལའང་གཉིས་ཏེ། ཕྱི་རོལ་པའི་གྲུབ་མཐའི་རྣམ་གཞག་མདོར་བསྡུས་ཙམ་དང༌། ནང་པའི་གྲུབ་མཐའ་རྒྱས་པར་བཤད་པའོ།། ཕྱི་རོལ་པའི་གྲུབ་མཐའ་མདོར་བསྡུས་པ། དང་པོ་ལའང་བཞི་སྟེ། རྒྱང་འཕེན་པ་དང༌། གཅེར་བུ་པ། གྲངས་ཅན་པ། རིག་བྱེད་པ་དང་བཞིའོ།། རྒྱང་འཕེན་པ། དང་པོ་ནི། ཚེ་རབས་སྔ་ཕྱི་དགེ་སྡིག་རྒྱུ་འབྲས་སོགས།། མེད་པར་འདོད་པ་རྒྱང་འཕེན་པ་ཡི་ལུགས།། སྐྱེ་ཀུན་ངོ་བོ་ཉིད་ལས་འབྱུང་ངོ་ཞེས།། ཚུལ་འདི་འཆད་རྣམས་ཆད་ལྟའི་རྗེས་འབྲང་ཡིན།། ཅེས་པ་སྟེ། སྤྱིར་སེམས་ཅན་གྱི་རིས་ན་ཤེས་བྱའི་གནས་ཚུལ་དང་འཇིག་རྟེན་ཕྱི་མ་ཕན་ཆད་ལ་རྟོག་དཔྱོད་གང་ཡང་མི་འཇུག་པར། འཇིག་རྟེན་ཚེ་འདི་ཁོ་ནའི་བདེ་སྡུག་བླང་དོར་ཙམ་འབའ་ཞིག་རྟོག་པ་ནི་གང་ཟག་ཐ་མལ་པ་ཞེས་བྱ་ལ། དེ་གྲུབ་མཐས་བློ་བརྒྱུར་ཅིང་ཤེས་བྱ་ལ་རྟོག་དཔྱོད་ཞུགས་ཚུལ་དབང་གིས་ཕྱི་ནང་གི་གྲུབ་མཐའི་དབྱེ་བ་དང་ཐ་སྙད་རྣམས་བྱུང་བ་ཡིན་ལ། དེའང་ཕྱི་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་རྩ་བ་ནི་རྟག་སྨྲ་དང་ཆད་སྨྲ་གཉིས་སུ་འདུའོ།། དེ་ལས་རྒྱང་འཕེན་པ་ནི་སྔོན་ལྷ་དང་ལྷ་མིན་འཐབ་པའི་ཚེ་ལྷ་རྣམས་རིང་བཞིན་གྱིས་དགེ་བས་འཐབ་རྩོད་ལ་སྤྲོ་བར་མ་གྱུར་པས་གཡུལ་ཕམ་པར་གྱུར་པ་དང༌། དྲང་སྲོང་ཕུར་བུས་ལྷ་རྣམས་འཐབ་མོ་ལ་གཞུག་པའི་ཆེད་དུ་ཆད་པར་ལྟ་བའི་གཞུང་མང་པོ་བརྩམས་ཏེ་བསྟན་པས་ལྷ་རྣམས་གཡུལ་ལས་རྒྱལ། ཕྱིས་ཕུར་བུའི་ལྟ་ངན་ལྷ་ཡི་ཡུལ་དུ་དར་བར་དོགས་པས་གླེགས་བམ་རྣམས་གངྒཱའི་ཆུ་བོ་ལ་བསྐྱུར་པ་དྲང་སྲོང་ཞིག་གིས་རྙེད་པ་འཕགས་ཡུལ་དུ་དར། དེ་ལས་བསྡུས་ཏེ་དྲང་སྲོང་འཇིག་རྟེན་མིག་གིས་བརྩམས་པའི་རྩ་བ་ལ་འཇུག་སྟོབས་ཀྱིས་འགྲེལ་པ་བྱས་པའི་རྗེས་འབྲངས་ཆད་ལྟའི་སྟོན་པ་སྙོམས་འཇུག་པ་དྲུག རྗེས་སྒྲོག་པ་བཅུ། རྟོག་གེའི་རྟོན་པ་དྲུག་ཏུ་གྲགས་པ་རྣམས་རིམ་པར་བྱུང་སྟེ། དེ་དག་གི་ལྟ་བ་མདོར་བསྡུས་ན་དགག་པ་ལྔ་ཞེས། ཚེ་རབས་སྔ་ཕྱི་འགོག་པ། དགེ་སྡིག་གི་རྒྱུ་འབྲས་འགོག་པ། སོགས་ཁོངས་ནས་དཀོན་མཆོག་གསུམ་འགོག་པ། མ་མཐོང་པའི་དངོས་པོ་འགོག་པ། རྗེས་དཔག་གི་ཚད་མ་འགོག་པ་དང་ལྔ་སྟེ། མདོར་ན་དགེ་སྡིག་རྒྱུ་འབྲས་གང་ཡང་མེད་པར་འདོད་པའི་རྟག་ཆད་ཀྱི་རིགས་ལམ་ནས་འཇིག་རྟེན་པའི་ཡང་དག་ལྟ་བ་རྒྱང་རིང་པོར་འཕེན་པའམ་དོར་བར་བྱེད་པ་ཡི་ལུགས་ཏེ། དངོས་པོ་གང་དང་གང་གི་སྐྱེ་བ་ཀུན་རྒྱུ་ལ་མ་ལྟོས་པར་རང་གི་ངོ་བོ་ཉིད་ལས་འབྱུང་ངོ་ཞེས་འདི་སྐད་སྨྲ་སྟེ། སྲན་མའི་རིལ་བུ་སུ་ཡིས་བསྒྲིལ། །ཚེར་མ་རྣོན་པོ་སུ་ཡིས་བརྡར། །རྨ་བྱའི་མདོངས་ལེགས་གང་གིས་བྲིས། །ཐམས་ཅད་རྒྱུ་མེད་ངོ་བོས་སྐྱེ།། ཞེས་པ་ལྟར། ཚུལ་འདི་ལྟ་བུའི་གཞུང་ལུགས་འཆད་པ་རྣམས་ནི་ཆད་ལྟའི་རྗེས་སུ་འབྲངས་པ་ཡིན་ཏེ། འདི་དག་ནི་ལྟ་བ་རྣམས་ཀྱི་མ་རུང་བ། གྲུབ་མཐའ་སྨྲ་བ་ཐམས་ཅད་ལས་ཐ་ཆད་པ་སྟེ། ཐར་པ་ལྟ་ཅི་སྨྲོས། མཐོ་རིས་ཀྱི་ལུས་རྟེན་ཐོབ་པའི་རྒྱུ་ཙམ་ཡང་མེད་དེ། འབྲས་བུ་ངན་འགྲོ་འབའ་ཞིག་པའོ།། གཅེར་བུ་པ། གཉིས་པ་གཅེར་བུ་པ་ནི། གཅེར་བུ་པ་རྣམས་དགེ་སྡིག་བསླུ་མེད་ཀྱི།། འབྲས་བུ་འདོད་ཕྱིར་ལས་རྣམས་མ་ཟད་པར།། ཐར་བ་མིན་པས་ལས་འབྲས་ཟད་ཕྱིར་བརྩོན།། དེ་ཡང་སྔར་བྱས་དཀའ་ཐུབ་མཐུ་ཡིས་ཟད།། ཕྱིན་ཆད་མི་བྱའི་སྡོམ་པ་ལྡན་གྱུར་ན།། འཇིག་རྟེན་སྟེང་དུ་གདུགས་བཀན་ལྟ་བུ་ཡི།། གནས་སུ་ཐར་པ་འདོད་པ་འདི་ཡི་ལུགས།། ཞེས་པ་ལྟར། གཅེར་བུ་པ་ནི་དྲང་སྲོང་རྒྱལ་བ་ལྷར་འཛིན་ཅིང༌། ཟད་བྱེད་པའི་སྟོན་པ་ཉི་ཤུ་རྩ་ལྔའི་རྗེས་སུ་འབྲངས་པ་སྟེ། ལུས་དཀའ་ཐུབ་ཀྱིས་གདུངས་པས་སེམས་ཀྱི་མདུད་པ་འཇིག་པར་འདོད་པས། གོས་མེད་གཅེར་བུ་ཉིད་དུ་སྡོད་པས་གཅེར་བུ་པ་ཞེས་གྲགས་པ་རྣམས་ཀྱིས་ནི། དགེ་སྡིག་གང་ལ་ཡང་བསླུ་མེད་ཀྱི་འབྲས་བུ་ཡོད་པར་འདོད་ཕྱིར། གང་བསགས་པའི་ལས་ཀྱི་འབྲས་བུ་རྣམས་མ་ཟད་ཀྱི་བར་དུ་ནམ་ཡང་ཐར་པ་མིན་པས། གང་བསགས་པའི་ལས་དེའི་འབྲས་བུ་ཟད་པའི་ཕྱིར་དུ་རང་ལམ་གྱི་སྡོམ་པ་དང་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་ལ་ཆེས་བརྩོན་པར་ལམ་དུ་འདོད་ཅིང༌།དེ་ཡང་སྔར་བྱས་ཀྱི་ལས་དེ་ནི་ད་ལྟའི་དཀའ་ཐུབ་ཀྱི་མཐུ་ཡིས་ཟད་དེ། ཕྱིན་ཆད་མི་བྱའི་དམ་བཅའི་སྡོམ་པ་དང་ལྡན་པར་གྱུར་ན། མཐར་ཐུག་འབྲས་བུ་ནི་འཇིག་རྟེན་འདི་ཡི་རྟེང་དུ་གནས་པའི་འཇིག་རྟེན་འདུས་པ་ཞེས་བྱ་བ། སྲོག་ཡོད་པས་དངོས་པོ་དང༌། འཁོར་བ་ལས་ཐར་པའི་དངོས་མེད་ཀྱང་ཡིན་པའི་ཞིང་གདུགས་བཀན་པ་ལྟ་བུ། དཀར་ཞིང་དྲི་མ་མེད་ལ་ཡིད་དུ་འོང་པ་དཔག་ཚད་འབུམ་ཕྲག་ཞེ་སྔའི་ཚད་ཅན་དེ་ཡི་གནས་སུ་ཐར་པར་འདོད་པ་ནི་འདི་ཡི་ལུགས་སོ།། འདིས་འཇིག་རྟེན་ཕྱི་མ་ཡོད་པར་ལྟ་ཞིང་དགེ་སྡིག་ལ་བླང་དོར་བྱེད་པས་མངོན་མཐོའི་ལམ་ཙམ་ཡོད་ཀྱང༌། དོན་དུ་བདག་ཏུ་ལྟ་བ་མཚུངས་པར་འཛིན་པ་དང༌། ཐམས་ཅད་མཁྱེན་པའི་ལམ་འགོག་པའི་ཕྱིར་ཐར་པའི་ལམ་སྒྲིབ་པ་ལ་ཁྱད་པར་མེད་ཕྱིར་རིང་དུ་སྤང་བར་བྱའོ།། གྲངས་ཅན་པ། གསུམ་པ་གྲངས་ཅན་པ་ནི། གྲངས་ཅན་པ་རྣམས་འཁོར་བ་སྣང་བའི་གཞི།། ཤེས་རིག་སྐྱེས་བུ་སྙིང་དཀྱིལ་ཡོད་པར་འདོད།། དེ་ཉིད་བསམ་གཏན་བསྒོམས་པས་རིག་བྱས་ཏེ།། སྣང་བ་བསྡུས་ནས་གྲོལ་བ་ཐོབ་ཅེས་སྨྲ།། ཞེས་པ་སྟེ། མུ་སྟེགས་རྟག་སྨྲ་ཐམས་ཅད་ཀྱི་ཕྱི་མོ་ནི་གྲངས་ཅན་པ་སྟེ། སྔོན་ཚེ་ལོ་དཔག་མེད་ཀྱི་དུས་སུ་དྲང་སྲོང་སེར་སྐྱ་ཞེས་བྱ་བས་རང་གི་བསྟི་གནས་སུ་ཡུན་རིང་བསྒོམས་པས་མུ་སྟེགས་ཀྱི་ཐར་པ་ཐོབ་པར་རློམས་ནས་རང་གིས་ཇི་ལྟར་མཐོང་བ་དེ་ཉིད་གཞན་ལའང་བསྟན་པའི་ཕྱིར་གྲངས་ཅན་གྱི་བསྟན་བཅོས་བྱས་ཤིང༌། ཕྱིས་རྣལ་འབྱོར་སྤྱོད་པ་དབང་ཕྱུག་ལྷར་འཛིན་པའི་དྲང་སྲོང་ཆུ་ཀླུང་བྱ་བས་དབང་ཕྱུག་ནག་པོའི་རྒྱུད་སུམ་ཅུ་པ་དང་དྲུག ལ་སོགས་བྱས་པ་ལ་བརྟེན་ཏེ་རིམ་པར་བྱུང་ངོ༌།། གྲངས་ཅན་པ་དེ་རྣམས་ཀྱི་འདོད་ཚུལ་ནི། དབུ་མ་འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་མུ་སྟེགས་རྣམས་ཀྱིས་བཏགས།། ཞེས་པ་ལྟར་ད་ལྟ་འཁོར་པའི་གནས་ཚུལ་འདི་སྣང་པའི་གཞི། བདག་ཤེས་རིག་གི་སྐྱེས་བུ་ཞེས་རྣམ་འགྱུར་ཉེར་ལྔ་པོ་ཀུན་ལོངས་སྤྱོད་པས་ཟ་བ་པོ་༡འཇིག་པར་མི་སྲིད་པས་རྟག་པ༢། གང་ཡང་མི་སྐྱེད་པས་བྱེད་པོ་མིན་པ༣། རྡུལ་མུན་སྙིང་སྟོབས་ཏེ་བདེ་སྡུག་བཏང་སྙོམས་གསུམ་གྱི་ཡོན་ཏན་མེད་པ༤། ཡུལ་དུས་ཐམས་ཅད་ལ་ཁྱབ་པའི་ཕྱིར་བྱ་བ་མེད་པ༥་སྟེ། ཁྱད་པར་རམ་མཚན་ཉིད་ལྔ་ལྡན་ཞིག་རང་གི་སྙིང་དཀྱིལ་ན་ཡོད་པར་འདོད་པ་ནི་རྣམ་འགྱུར་ཉེར་ལྔ་པོའི་རང་བཞིན་བདག་ཤེས་རིག་གི་སྐྱེས་བུའོ༡།། དེ་ཡི་སྤྱོད་ཡུལ་ཐམས་ཅད་གཙོ་བོ་ཞེས་པ་ལས་འབྱུང་སྟེ། དེ་ཡི་མཚན་ཉིད་ཀྱང་བདེ་སྡུག་བཏང་སྙོམས་ཀྱི་ཡོན་ཏན་རྣམ་པ་གསུམ་ཆ་མཉམ་པ་ལ་གཙོ་བོ༢་ཞེས་འདོགས་ཏེ། རྣམ་འགྱུར་ཕྱི་མ་རྣམས་ཀྱི་རྒྱུ་སྟེ་དཔེར་ན་བུམ་པ་བཟོ་བའི་རྒྱུ་འཇིམ་པ་ལྟ་བུའོ།། དེ་ལས་བློའམ་ཆེན་པོ༣་ཞེས་པ་མེ་ལོང་ངོས་གཉིས་པ་ལྟ་བུའི་ཕྱི་ནས་དེ་ཙམ་ལྔ་དང༌། ནང་ནས་སྐྱེས་བུ་གཉིས་སྣང་སྟེ་དེ་གཉིས་འདྲེས་པ་ལྟར་མཚམས་སྦྱོར་བར་བྱེད་དོ།། དེས་ཡུལ་ལ་ལོངས་སྤྱོད་པས། ང་རྒྱལ༤་གསུམ་བྱུང་སྟེ། དང་པོ་རྣམ་འགྱུར་ང་རྒྱལ་ལས་གཟུགས༥་སྒྲ༦་དྲི༧་རོ༨་རེག་བྱ༩་སྟེ་དེ་ཙམ་ལྔ་བྱུང་ཞིང༌། དེ་ཡི་དབང་གིས་ནམ་མཁའ༡༠་རླུང༡༡་མེ༡༢་ཆུ༡༣་ས༡༤་སྟེ་འབྱུང་བ་ལྔ་དང༌། ཡང་སྙིང་སྟོབས་ང་རྒྱལ་ལས། མིག༡༥་ལྕེ༡༦་སྣ༡༧། རྣ་བ༡༨། པགས༡༩་པ་སྟེ་བློ་ཡི་དབང་པོ་ལྔ་དང༌། ངག༢༠ ལག་པ༢༡། རྐང་པ༢༢། རྐུབ༢༣། འདོམས༢༤་ཏེ་ལུས་ཀྱི་དབང་པོ་ལྔ་དང༌། ཐུན་མོང་དུ་ཡིད་ཀྱི་དབང་པོ༢༥་དང་བཅས་གྲངས་ཅན་ཉེར་ལྔ་བྱུང་སྟེ། མུན་ཅན་ང་རྒྱལ་གྱིས་ནི་སྔ་མ་རྣམ་འགྱུར་ང་རྒྱལ་དང་སྙིང་སྟོབས་ང་རྒྱལ་གཉིས་ཀྱི་གྲོགས་བྱེད་པར་འདོད་དོ།། བདག་ཤེས་རིག་གི་སྐྱེས་བུ་དེས་རྣམ་འགྱུར་སྐྱེད་བྱེད་རང་བཞིན་དེ་ཡི་མཚང་མ་རིག་པར་ལུགས་འབྱུང་དུ་ཞེན་ནས་ཡུལ་སྒྲ་ལ་སོགས་པ་ལོངས་སྤྱོད་པ་དེ་སྲིད་དུ་སྐྱེས་བུ་དེ་འཁོར་བ་པ་ཡིན་ལ། དེས་དེ་ལ་ལོངས་སྤྱོད་པས་སུན་ཏེ་དེ་ཉིད་རང་ལམ་གྱི་བསམ་གཏན་བསྒོམས་པའི་མངོན་ཤེས་ཀྱིས་རང་བཞིན་གྱི་སྤྱོད་པའི་མཚང་དེ་རིག་པར་བྱས་པས། དེ་ངོ་ཚ་བས་རྐྱེངས་ཏེ་བྲོས་པར་འགྱུར་ལ་དེ་དང་བྲལ་བས་དེས་སྐྱེད་པའི་རྣམ་འགྱུར་ཐམས་ཅད་ཀྱང་སྐྱེ་བའི་རིམ་པ་ལས་བཟློག་སྟེ་སྣང་བ་ནང་དུ་བསྡུས་ནས། བདག་ཤེས་རིག་གི་སྐྱེས་བུ་འབའ་ཞིག་གསལ་བར་གནས་པའི་ཚེ་ན་གྲོལ་བ་ཐོབ་པ་ཡིན་ཅེས་སྨྲའོ།། རིག་བྱེད་པ། བཞི་པ་རིག་བྱེད་པའམ་ཚངས་པ་སྨྲ་བ་ནི། མུ་སྟེགས་འགའ་ཞིག་ཚངས་དང་དབང་ཕྱུག་དང༌།། ཁྱབ་འཇུག་རྣམས་ཀྱིས་འཇིག་རྟེན་བྱས་པར་འདོད།། དེ་ཡི་ལུགས་ལ་ལྷ་གཉིས་ཐལ་འགྱུར་ཞེས།། མཆོད་སྦྱིན་རྒྱ་ཆེར་བྱེད་པ་དེ་རྣམས་ལུགས།། ཞེས་པ་སྟེ། མུ་སྟེགས་ཚངས་པ་སྨྲ་བ་འགའ་ཞིག་གིས་ནི། རིག་བྱེད་བཞི་དང་པོ་ཚངས་པས་དྲན་པ་ཡིན་གྱི་གཞན་གྱིས་མ་བྱས་པའི་ཕྱིར་རྟག་པ་དང་ཚད་མར་ཁས་ལེན་པ་ཚངས་པ་བ་སྟེ། གཡུལ་ངོར་ཤི་བ་མཐོ་རིས་སུ་སྐྱེ་བར་འདོད་པ་དང༌། གངྒཱ་ལ་ཁྲུས་བྱས་པས་སྡིག་པ་འཛད་པ་དང༌། ཚངས་པས་སྣོད་བཅུད་ཐམས་ཅད་སྐྱེད་པར་འདོད་པ་དང༌། དྲང་སྲོང་དང་བྲམ་ཟེ་རྣམས་ཚངས་པའི་བུ་ཡིན་ཅེས་སྨྲ་བར་བྱེད་དོ། །དེའང་རིག་བྱེད་བཞི་ནི། སྲེག་བླུགས་གཙོ་བོར་བྱེད་པའི་མཆོད་སྦྱིན་ཆེན་པོ་(རིག་བྱེད་ཀྱི་ཆོ་ག་ཀློག་ཏུ་འཇུག་པ་ཚངས་པའི་མཆོད་སྦྱིན༡། སྲེག་བླུགས་བྱེད་པ་མེའི་མཆོད་སྦྱིན༢། གསར་འོང་ཉི་མགྲོན་མཆོད་པ་མེའི་མཆོད་སྦྱིན༣། མཚུན་གྱི་ལྷ་ལ་ཆུ་དང་ཟན་གྱི་མཆོད་པ་མཚུན་གྱི་མཆོད་སྦྱིན༤། ལྷ་དང་འབྱུང་པོ་ས་དང་བར་སྣང་ལ་གནས་པ་ལ་ཟན་སྦྱིན་པ་འབྱུང་པོའི་མཆོད་སྦྱིན༥་ནོ།།) ལྔ་སོགས་སེམས་ཅན་ལ་འཚེ་བ་ཤས་ཆེ་བའི་མཆོད་སྦྱིན༡་དང༌། ཐོག་མར་༼རབ་བསྔགས་དང་སྲུང་བྱེད་ལ་འཇུག་༽ཨོཾ་ཡིག བརྒྱད་གླུར་༼སྙན་ཚིག་གི་དུས་མཆོད་བྱེད་པའི་མི་ལ་མུ་ནཱ་ཏྲྀ་སྟེ་དབྱངས་ལེན་ཟེར་༽བླངས་ཏེ་འདྲེན་དགོས་པའི་སྙན་ཚིག༢་དང༌། ཚངས་པའི་ངེས་པའི་དེ་ཁོ་ན་ཉིད་སྟོན་པའི་ངེས་བརྗོད༣་དང༌། སྲིའུ་གསོ་བའི་གཞུང་ཡན་ལག་བཅས་པ་སྟོན་པའི་སྲིད་སྲུང༤་དང་བཞི་སྟེ། སྙན་ཚིག་ནི་བོད་རྣམས་སྙན་ངག་ལ་འདོད་ཀྱང་འདིར་རྗེ་དྷརྨཱ་ཀ་རཱའི་བཞེད་པ་ལྟར་རོ།། དེ་བཞིན་དབང་ཕྱུག་པ་རྣམས་ཀྱིས་ཀྱང༌། འཇིག་རྟེན་འདི་ཡི་བྱེད་པོ་དབང་ཕྱུག་ཡིན་པར་འདོད་དེ། འདི་སྐད་དུ། མུན་པ་སེལ་ཕྱིར་ཉི་ཟླ་གཉིས། །བརྟན་གཡོ་བསྐྱེད་ཕྱིར་འབྱུང་བ་ལྔ། །སྨིན་པར་བྱེད་ཕྱིར་མཆོད་སྦྱིན་ཏེ།། ཞེས་གསལ་བའི་གཟུགས་བརྒྱད་སྤྲུལ་པར་འདོད་པ་དང༌། ཕྲ་བ་ཡང་བ་མཆོད་པར་འོས། །བདག་པོར་གྱུར་དང་དབང་དུ་གྱུར། །གང་ཡང་ཕྱིན་པ་འདོད་རྒུར་རྒྱུར། །དགའ་མགུར་གནས་ཏེ་ཡོན་ཏན་བརྒྱད།། ཅེས་ཡོན་ཏན་བརྒྱད་དང་ལྡན་པར་འདོད་ཅིང༌། འཇིག་རྟེན་པ་རྣམས་ལ་ས་སོགས་འབྱུང་བ་རྣམས་དབང་མེད་ཅིང་དབང་ཕྱུག་ཡིན་པས་འགོམ་པ་དང་ལོངས་སྤྱོད་དུ་མི་རུང་ཞེས་སྨྲ་བ་དང༌། འཁྲིག་པའི་བདེ་བ་ལ་བརྟེན་ཏེ་མཚོན་བྱ་ལས་འདས་པའི་ཆོས་སྐྱེ་ནས་གྲོལ་བར་འདོད་པས་འདོད་ཆགས་ཆོས་སུ་སྨྲ་བ་ལྷ་དབང་ཕྱུག་གིས་མཆོག་བྱིན་པའི་དྲང་སྲོང་གཟེགས་ཟན་ནམ་རྐང་མིག་གི་རྗེས་སུ་འབྲངས་པ་རྣམས་དང༌། ཡང་དེ་བཞིན་ཁྱབ་འཇུག་པ་རྣམས་ཀྱིས་ཀྱང་འདི་སྐད་དུ། ང་ནི་མེ་དང་རླུང་ཡང་ཡིན། །བཟའ་བཏུང་སྐྱེ་དགུའི་བདག་པོའང་ང༌། །ང་ནི་བྲམ་ཟེའི་ལུས་སུ་གནས། །སྤྱོད་པ་པོ་ཡིན་སྦྱིན་པོའང་ཡིན།། ཞེས་པ་ལྟར་མངོན་པའི་ང་རྒྱལ་ཆེན་པོ་དང་ལྡན་པས་ན་ང་རྒྱལ་ཆོས་སུ་སྨྲ་བ་སྟེ། ཁྱབ་འཇུག་དེས་འཇུག་པ་བཅུ་ཡང་བརྩམས་པར་འདོད་དེ། ཉ་བོ་ཆེར་སྤྲུལ་ནས་དུས་སྔས་པའི་དབང་གིས་རིག་བྱེད་བཞི་རྒྱ་མཚོར་ནུབ་པ་བཏོན་པ༡་དང༌། རུས་སྦལ་དུ་སྤྲུལ་ནས་འཇིག་རྟེན་བཏེགས་ཏེ་གནས་པ༢་དང༌། ཕག་རྒོད་གྱི་གཟུགས་ཀྱིས་ཚངས་པའི་འཇིག་རྟེན་མནན་པ༤་དང༌། མིའི་སེངྒེའི་སྟོད་ཅན་དུ་སྤྲུལ་ནས་ལྷ་མིན་དབང་པོ་འགྲོ་བ་སྐྱོབ་སྡེར་མོས་བསད་པ༤་དང༌། ལྷ་མིན་སྟོབས་ལྡན་མཆོད་སྦྱིན་བྱེད་པ་ལ་མིའུ་ཐུང་དུ་སྤྲུལ་ནས་གོམ་པ་གསུམ་གྱིས་བསླངས་པས་བསླུས་ཏེ་ས་འོག་ཏུ་བཅུག་པ༥་དང༌། དྲང་སྲོང་ཛཱ་མ་ཨ་གྷིའི་བུ་རཱ་མར་སྤྲུལ་ཏེ་རྒྱལ་བུ་སྲིད་སྒྲུབ་སོགས་བསད་དེ་རྒྱལ་རིགས་མེད་པར་བྱས་པ༦་དང༌། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རཱ་མ་ཎར་སྤྲུལ་ཏེ་རང་གི་ཆུང་མ་སྲིན་པོ་ལངྐ་མགྲིན་བཅུས་ཟློགས་པ་སྤྲེའུ་ཧ་ནུ་མནྟྲ་ལ་གྲོགས་བཅོལ་ཏེ་སྲིན་པོའི་མགྲིན་པ་བཅད་པ༧་དང༌། ནག་པོར་སྤྲུལ་ཏེ་རྩོད་དུས་སུ་སེམས་ཅན་གྱི་དོན་བྱས་པ༨་དང༌། སངས་རྒྱས་ཤཱཀ་ཐུབ་ཏུ་སྤྲུལ་ཏེ་སྔོན་རྒྱལ་རིགས་བསད་པའི་སྡིག་པ་སྦྱང་པའི་ཕྱིར་སེམས་ཅན་བསྐྱབ་པ༩་དང༌། རིགས་ལྡན་བྲམ་ཟེའི་བུ་ཀ་ནི་ཙི་ཞེས་པས་མ་འོངས་པ་ན་སེམས་ཅན་མང་པོ་བཏུལ་ཏེ་དུས་འཁྲུག་བཟློག་པར་འགྱུར་པ༡༠་དང༌། བསྐལ་པ་འཇིག་པའི་ཚེ་དྲང་སྲོང་རྣམས་འདི་ཡི་ལྟོ་བ་ལ་གནས་པར་འདོད་དོ།། འདི་བའི་གྲུབ་མཐའ་ལ་སེམས་ཉིད་རྟག་པ་སྐྱེ་འཇིག་དང་བྲལ་བ་དངོས་དངོས་མེད་གཉིས་ཀ་མ་ཡིན་པའི་བདག་དཔལ་ནོར་ལྷའི་བུ་ཞེས་བྱ་བར་འདོད་པའི་རྟག་སྨྲ་བ་དང་ཡང༌། ཁྱབ་འཇུག་གིས་འཐབ་ཀ་རླག་པར་བྱེད་པའི་ཚེ་མེད་པར་ལྟ་བའི་ཚིགས་བཅད་མང་དུ་སྨྲས་པ་ལས་བྱུང་པའི་ཆད་སྨྲ་བ་ཡང་ཡོད་དོ།། མདོར་ན་དེ་དག་ཐམས་ཅད་ཀྱིས་ཚངས་དང་དབང་ཕྱུག་ཁྱབ་འཇུག་རྣམས་ཀྱིས་འཇིག་རྟེན་འདི་དག་བྱས་པར་འདོད་ལ། དེ་ཡི་ལུགས་འཛིན་པ་རྣམས་ལ་ནི་ལྷ་གཉིས་ཏེ་ཚངས་པ་དང་ཁྱབ་འཇུག་ལུགས་ཀྱི་ཐལ་འགྱུར་སྨྲ་བ་ཞེས་བྱ་སྟེ། མཆོད་སྦྱིན་གྱི་རིགས་སྲོག་བཅད་དང་འབྲེལ་བ་རྒྱ་ཆེར་བྱེད་པ་དེ་རྣམས་ཀྱི་ལུགས་སོ།། ཡང་མུ་སྟེགས་རྒྱལ་དཔོགས་པ་རྣམས་ནི། ཁ་ཅིག་དྲི་མ་སེམས་ཀྱི་ཆོས་ཉིད་ཀྱིས། །ཆགས་སོགས་སྤངས་པས་ཐར་པ་མིན་ཅེས་སྨྲ། །འདི་རྣམས་ལུགས་ཀྱིས་བསམ་གཟུགས་ཙམ་ཐོབ་ཀྱང༌། །བདག་མེད་གནས་ལུགས་རྟོགས་པའི་སྐབས་མེད་པས། །ཐར་པ་ཡང་དག་ཐོབ་པར་མི་འགྱུར་པས། །ཕྱི་རོལ་གྲུབ་མཐའི་ལུགས་ཞེས་སྨོད་པའི་གཞི།། ཞེས་པ་སྟེ། མུ་སྟེགས་རྒྱལ་དཔོགས་པ་ཁ་ཅིག་ནི་འདི་ལྟར་ཉོན་མོངས་པའི་དྲི་མ་རྣམས་ནི་སེམས་ཀྱི་ཆོས་ཉིད་ཀྱིས་བྱུང་བས། ཆོས་ཉིད་དེ་བདེ་བས་གྲོལ་བར་འགྱུར་གྱི་ཆགས་སོགས་གནས་སྐབས་སུ་སྤངས་པས་ཐར་པ་མིན་ཅེས་སྨྲ་བར་བྱེད་དོ།། འདི་དག་རྣམས་ཀྱི་ལུགས་ཀྱིས་འབྲས་བུ་བསམ་གཏན་བཞིས་བསྡུས་པའི་གཟུགས་ཁམས་ཀྱི་ལྷ་ཡི་བདེ་བ་ཙམ་ཐོབ་ཀྱང༌། ནང་བདག་མེད་གནས་ལུགས་སྟོང་པ་ཉིད་ཀྱི་དོན་རྟོགས་པའི་སྐབས་གཏན་ནས་མེད་པས། མཐར་ཐུག་ཐར་བ་དང་ཐམས་ཅད་་མཁྱེན་པའི་གོ་འཕང་ཡང་དག་ཐོབ་པར་མི་འགྱུར་བས། ཕྱི་རོལ་བའི་གྲུབ་མཐའི་ལུགས་ཞེས་ནང་པ་སངས་རྒྱས་པ་ཡོངས་ཀྱིས་སྨོད་པར་བྱེད་པའི་གཞི་ཡིན་ནོ།། མདོར་ན་དེ་དག་གི་རྩ་བ་ནི་རྟག་སྨྲ་དང་ཆད་སྨྲ་གཉིས་ཡིན་ལ། དེ་ཐམས་ཅད་ཀྱིས་ཐུན་མོང་དུ་ཚངས་པ་དང་དབང་ཕྱུག་ཁྱབ་འཇུག་རྣམས་ལྷར་འཛིན་པ་དང༌། རིག་བྱེད་བཞི་ཆོས་སུ་འཛིན་པ་དང༌། བདག་དང་རྟག་དངོས་སྨྲ་བ་དང༌། འཚེ་བ་ཆོས་སུ་སྨྲ་བ་དང༌། སངས་རྒྱས་པ་ལ་སྡང་སྨྲ་བྱེད་པ་ཕལ་ཆེར་མཐུན་ནོ།། ཞར་བྱུང་དུ་སྤང་བྱའི་ཁྱད་པར་བསྟན་པ། མཆོག་གསུམ་ལ་ལོག་པར་ལྟ་བ་སོགས་མུ་སྟེགས་པ་དང་ཆ་མཐུན་ཙམ་ལས། ཕྱི་ནང་གཉིས་ཀར་མི་གཏོགས་ཤིང་མུ་སྟེགས་པ་ལས་ཀྱང་ཐ་ཆད་པ། སྔོན་རྒྱ་གར་ནུབ་ཕྱོགས་མ་ཁའི་ཡུལ་དུ་ལྷ་མིན་ར་ཧྨ་ཎའི་རྗེའི་འབྲང་ཀླ་ཀློ་རྟག་གཟིག་པ་ཞེས་པ་ལས་འཕྲོས་པའི། བི་ཥི་མལླཱིའི་སྔགས་ཀྱིས་བཏབ་པའི་གྲི་གུག་གིས་ཕྱུགས་ཀྱི་མགྲིན་པ་བཅད་པའི་ཤ་ཁོ་ན་ལས། རང་གི་ལས་ཀྱིས་ཤི་བའི་ཤ་མི་ཟ་བ་དང༌། བྱ་གག་གི་སྒོང་ངའི་བཏུང་པ་འབའ་ཞིག་འཐུང་བ། འཁོར་བ་གྲོལ་བར་བྱེད་པའི་གྲུབ་མཐའ་ཞེས་པ་སྲོག་ཆགས་གསོད་པ་ཐར་པའི་ཐབས་སུ་འདོད་པ། ནམ་མཁའི་ལྷས་བརྟན་པ་ཞེས་པའི་གྲུབ་མཐའ་ལས་གསེར་གྱི་སྣོད་དུ་གསེར་གྱི་ཁབ་ཀྱིས་གྲོག་མ་རྣམས་ཕུག་ན་འཁོར་བ་ལས་གྲོལ་བར་འདོད་པ་སོགས། དེང་སང་འཕགས་ཡུལ་དུ་ཆེས་དར་བ་ཁ་ཆེ་དང་ཕི་ལིང་དང༌། རྒྱ་ནག་ག་ཅུའི་ཕྱོགས་སུ་ཆེས་དར་བ་དེང་སང་ཧུ་ཧུས་ཞེས་གྲགས་པ་རྣམས་དང༌། གྲངས་ཅན་པ་དང་ཆ་མཐུན་ཁོང་སྤུ་རྩེ་དང་ཉི་རྩེའི་ལྟ་གྲུབ་འཛིན་པ་རྣམས་རིང་དུ་སྤང་བར་བྱའོ།། སྤྱིར་ནང་པ་སངས་རྒྱས་པ་ཡིན་ཀྱང་རྟོག་གེའི་རིག་པ་ཁོ་ནར་ཐུགས་ཆེས་གོམས་པའི་དབང་གིས་རྟག་ཆད་ཀྱི་རིགས་པས། ཡང་དག་པའི་ལྟ་བ་རྒྱང་དུ་འཕེན་པར་མ་སོང་པ་གལ་ཆེ་སྟེ། ལང་ཀར་གཤེགས་པ་ལས། བརྟགས་པའི་དངོས་པོ་ཤིན་ཏུ་མེད། །རྟོག་གེ་པ་རྣམས་རྟོག་པར་བྱེད། །མ་འོངས་པ་ཡི་དུས་སུ་ནི། །བྱིས་པའི་རང་བཞིན་གཟེགས་ཟན་འབྱུང༌། །འབྲས་བུ་མེད་སྨྲའི་ལྟ་ངན་པས། །སྐྱེ་བོ་མང་པོ་རླག་པར་བྱེད།། ཅེས་དང༌། དུས་འཁོར་རྒྱུད་ལས་མ་འོངས་དུས་ན་རྟོག་གེ་ལ་ལྟོས་བསྟན་བཅོས་ལ་གཏད་སྣ་ཚོགས་བློས། །སངས་རྒྱས་པ་ཡང་གཞན་གྱི་རྟོག་གེ་ལ་འཕྲད་དབང་གིས་ལོག་པར་འབྱུང་འགྱུར་ཏེ།། ཅེས་གསུངས་པ་ལྟར་དུ་མ་གྱུར་པ་གལ་ཆེའོ།། མཇུག་བསྡུ་པ་ནི། གྲུབ་མཐའ་མདོར་བསྡུས་ལས་ཕྱི་རོལ་པའི་གྲུབ་མཐའ་མདོར་བསྡུས་པའོ།། ཞེས་པས་སྐབས་དོན་དང་པོའི་མཇུག་ཉེ་བར་བསྡུས་པའོ།། །། ནང་པའི་གྲུབ་མཐའ་རྒྱས་པར་བཤད་པ། གཉིས་པ་ནང་པ་སངས་རྒྱས་པའི་གྲུབ་མཐའ་ལ་བསྟན་བཤད་གཉིས་ལས། མདོར་བསྟན་པ། དང་པོར། སངས་རྒྱས་པ་ལ་གྲུབ་མཐའ་སྨྲ་བ་བཞི།། ཞེས་པ་སྟེ། སངས་རྒྱས་ལ་སྐྱབས་སུ་འཛིན་ཅིང་རང་སྡེ་ནང་པའི་ལུགས་ལ་ཡང་ཐེག་དམན་བྱེར་མདོ་གཉིས་དང༌། ཐེག་ཆེན་དབུ་སེམས་གཉིས་ཏེ་གྲུབ་མཐའ་སྨྲ་བ་བཞིར་ངེས་པ་སྟེ། ཇི་སྐད་དུ་སངས་རྒྱས་པ་ལ་བཞི་པ་དང༌། །ལྔ་པ་ཐུབ་པའི་དགོངས་པ་མིན།། ཅེས་གསུངས་པ་ལས། རྒྱས་པར་བཤད་པ། གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བྱེ་བྲག་སྨྲ་བ། མདོ་སྡེ་པ། རྣམ་རིག་པའམ་སེམས་ཙམ་པ། དབུ་མ་པ་དང་བཞིའོ།། བྱེ་བྲག་སྨྲ་བ། དང་པོ་ལའང་གཉིས་ཏེ། མདོར་བསྟན་པ་དང༌། དེ་རྒྱས་པར་བཤད་པའོ།། མདོར་བསྟན་པ། དང་པོ་ནི། བྱེ་སྨྲས་ཤེས་བྱ་ཐམས་ཅད་གཞི་ལྔར་བསྡུས།། ཞེས་པ་སྟེ། དེའང་ནང་པ་སངས་རྒྱས་པ་ཐམས་ཅད་ནི་སྤྱིར་བདག་ཏུ་འཛིན་པ་སྤངས་ཤིང་མྱང་འདས་དོན་དུ་གཉེར་པར་ཐམས་ཅད་མཚུངས་ཀྱང༌། རྒྱལ་བ་ཐམས་ཅད་མཁྱེན་པས་རྗེས་སུ་བསྟན་པའི་ལུང་གི་ཆོས་ཀྱི་དགོངས་པ་ལེན་ཚུལ་༼གྱི་༽དབང་གིས་ཁྱད་པར་མང་དུ་བྱུང་བ་ཡིན་ལ། དེ་ཡང་བཀའ་དང་པོ་ཉིད་སྡུག་བསྔལ་ཀུན་འབྱུང་འགོག་དང་ལམ་གྱི་བདེན་པ་བཞིས་བསྡུས་ཏེ། དང་པོ་འཁོར་བའི་སྡུག་བསྔལ༡་ནི་ནད་ལྟ་བུ། སྡུག་བསྔལ་དེ་ཡི་རྒྱུ་ཀུན་འབྱུང་༢ལས་དང་ཉོན་མོངས་པ་ནི་ནད་ཀྱི་རྒྱུ་རྐྱེན་ལྟ་བུ། རྒྱུ་ཀུན་འབྱུང་དེ་ཉིད་སྤངས་པའི་ཆ་ནི་འགོག་པ༣། དེ་ཉིད་མངོན་དུ་བྱ་བའི་ཕྱིར་ལམ༤་རྒྱུད་ལ་བརྟེན་པ་ནི་ནད་ལ་སྨན་བརྟེན་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས་ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། བདེར་གནས་ཐོབ་ཕྱིར་སྨན་ནི་བརྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བརྟེན་པར་བྱ།། ཞེས་གསུངས་པ་ལྟར་དོན་ཡིད་ལ་ཆུབ་པར་བྱས་ཏེ། འཁོར་ལོ་དང་པོའི་མདོ་སྡེ་རྣམས་གཙོ་བོར་བཏོན་པའི་ལུང་གི་ཆོས་ཁོ་ན་རྟག་ཏུ་ཉན་ཅིང་ཐོས་པ་གཞན་ལ་སྟོན་པར་བྱེད་པས་ཉན་ཐོས་ཞེས་སུ་གྲགས་པ་ལས། ཐེག་ཆུང་གི་བྱེ་བྲག་སྨྲ་བ་པ་ཡིན་པས་བྱེ་སྨྲ་ཞེས་སུ་གྲགས་པ་རྣམས་ཀྱིས། མདོ་སྤེལ་མ་གསུམ་པའི་ཕྲེང་བ་དང༌། མདོ་སྡེ་ཚངས་པའི་དྲྭ་བ་སོགས་ལ་བརྟེན་པའི། ཁ་ཆེའི་བཙུན་པ་ཆེན་པོ་ཆོས་སྐྱོབ། ནུབ་ཕྱོགས་མ་རུའི་བཙུན་པ་ཆེན་པོ་དབྱིག་བཤེས། ཐོ་གར་གྱི་བཙུན་པ་ཆེན་པོ་དབྱངས་སྒྲོག ཝཱ་ར་ཎཱ་སིའི་བཙུན་པ་ཆེན་པོ་སངས་རྒྱས་ལྷ་སྟེ་བྱེ་སྨྲའི་སློབ་དཔོན་བཞི་ཞེས་གྲགས་པ་རྣམས་ཀྱི་རྗེས་སུ་རིམ་པར་འབྲངས་པ་སྟེ། དེ་ཡི་ལུགས་ལ་ཕུང་ཁམས་སྐྱེ་མཆེད་ཀྱི་ཆར་ཕྱེ་བའི་ཆོས་ཐམས་ཅད་གཙོ་བོར་རིགས་བསྡུས་ཀྱི་དབང་དུ་བྱས་ཏེ་ཤེས་བྱ་ཐམས་ཅད་སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། གནས་སྐབས་ལྡན་པ་མ་ཡིན་པ་འདུ་བྱེད་ཀྱི་གཞི། དགག་པ་འདུས་མ་བྱས་པའི་གཞི་དང་ལྔར་བསྡུས་པར་བྱེད་དོ།། རྒྱས་པར་བཤད་པ། གཉིས་པ་དེ་ལྔ་པོའི་དོན་སོ་སོར་རྒྱས་པར་བཤད་པ་ལ་ལྔ་སྟེ། སྣང་བ་གཟུགས་ཀྱི་གཞི། དང་པོ་སྣང་བ་གཟུགས་ཀྱི་གཞི་ནི། སྣང་བ་གཟུགས་ཀྱི་གཞི་ལ་ཕྱི་ནང་གཉིས།། གཟུགས་སོགས་དོན་ལྔ་ཕྱི་ཡི་གཟུགས་དང་ནི།། དྭངས་པའི་དབང་པོ་ནང་གི་གཟུགས་སུ་བཤད།། ཅེས་པ་སྟེ། སྣང་བ་གཟུགས་ཀྱི་གཞི་དེ་ལའང་ཕྱི་དང་ནང་གི་དབྱེ་བས་གཉིས་ཏེ། དེའང་རྒྱུ་གཟུགས་ས་ཆུ་མེ་རླུང་བཞིས་སྐྱེད་པའི་འབྲས་བུའི་གཟུགས་བཅུ་སྟེ། གཟུགས་ཀྱི་སོགས་ཁོང་ནས། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་བཅས་ཡུལ་ལམ་དོན་རྣམ་པ་ལྔ་ལ་ཕྱི་ཡི་གཟུགས་དང་ནི། མིག རྣ་བ། སྣ་ལྕེ། ལུས་ཏེ་དྭངས་པའི་དབང་པོ་ལྔ་ལ་ནང་གི་གཟུགས་སུ་བཤད་དོ།། དྭངས་པ་ཞེས་པའི་དོན་ནི་མེ་ལོང་དྭངས་པ་ལ་གཟུགས་བརྙན་ འཆར་བ་ལྟར་དབང་པོ་དྭངས་པ་ལ་ཡུལ་གཟུགས་སྒྲ་ལ་སོགས་པ་སྣང་པའི་རྣམ་རིག་འཆར་བས་སོ།། དེ་ལྟའི་དབང་པོ་ལྔ་ཀའང་ཀུན་གཞིའི་སྟེང་གི་རང་གི་ས་བོན་གྱི་ཆ་ལས་སྐྱེས་པར་འདོད་དོ།། དོན་ལྔ་པོ་དེ་ལ་དབྱེ་ན། དང་པོ་གཟུགས་ལ་དཀར་དམར་སྔོ་སེར་ཏེ་རྩ་བའི་ཁ་དོག་བཞི་དང༌། སྤྲིན་དང་དུ་བ། རྡུལ་དང་ཁུག་རྣ། ཉི་འོད་དང་གྲིབ་མ། སྣང་བ་དང་མུན་པ་སྟེ་ཡན་ལག་གི་ཁ་དོག་བརྒྱད་དང༌། ལྷམ་པ། ཟླུམ་པོ། རིང་ཐུང༌། མཐོ་དམའ། ཕྲ་རགས་སོགས་དབྱིབས་ཀྱིས་ཕྱེ་བ་དང༌། ནམ་མཁའ་ལམ་མེར་སྣང་བ་ལྟ་བུ་དངོས་སུ་མེད་ཀྱང་སྐབས་ཡོད་པའི་གཟུགས་དང༌། ལུས་ཀྱི་གཡོ་འགུལ་འདེགས་འཇོག་ཕྱག་སོགས་ཕྱེད་པའི་སྔ་ལོག་གི་ཀུན་སློང་གཞན་གྱིས་ཀྱང་རིག་པར་བྱར་ཡོད་པས་རྣམ་པར་རིག་བྱེད་ཀྱི་གཟུགས་དང༌། གང་ཟག་གི་རྒྱུད་ཀྱི་སྡོམ་པ་ལྟ་བུ་ལུས་ངག་ལ་སྐྱེ་ཕྱིར་གཟུགས་ཅན་ཡིན་ཡང༌། སྡོམ་པའི་ངོ་བོ་གཞན་པས་མཐོང་དུ་མེད་པས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་གཟུགས་གསུམ་དུ་དབྱེའོ།། སྒྲ་ལ་དབྱེ་ན་ཚོར་པ་འདྲེན་ཚུལ་གྱི་དབང་གིས་སྙན་པ་དང་མི་སྙན་པ་དང་བར་མ་དང་གསུམ། དེ་ལའང་སེམས་ཀྱིས་ཟིན་པའི་སྒྲ་སྐྱེས་བུའི་ངག་གི་བྱེད་རྩོལ་ལས་འབྱུང་བ་ལྟ་བུ། མ་ཟིན་པའི་སྒྲ་ཆུ་བོ་དང་རླུང་སྒྲ་ལྟ་བུ༌། དེ་གཉིས་ཀ་ཅན་སྐྱེས་བུས་རྔ་བརྡུང་བ་དང་གླིང་བུ་འབུད་པ་ལྟ་བུ། གཞན་ཡང་རྗོད་བྱེད་ཀྱི་སྒྲ་ལ་བརྡ་དང་ཐ་སྙད་ཀྱིས་བཏགས་པ་མཐའ་ཡས་པར་འབྱུང་པ་རྣམས་སོ།། དྲི་ལ་དབྱེ་ན་ཞིམ་པ་དང་ང་བ་བར་མ་གསུམ། དེ་ལ་གནས་སྐབས་ཀྱིས་ཕྱེ་བ་ལྷན་སྐྱེས་ཀྱི་དྲི་གླ་རྩི་དང་དྲི་བཟང་ལྟ་བུ། སྦྱར་བ་ལས་བྱུང་བའི་དྲི་སྤོས་སྦྱོར་གྱི་དྲི་ལྟ་བུ་ཡོངས་སུ་གྱུར་པའི་དྲི་རུལ་སུམ་ལས་བྱུང་བའི་དྲི་ལྟ་བུ་དང་གསུམ་མོ།། རོ་ལ་དབྱེ་ན་ངོ་བོས་ཕྱེ་བ། མངར་བ། སྐྱུར་བ། ལན་ཚྭ་བ། ཁ་བ། ཁ་ཚ་བ། བསྐ་བ་དང་དྲུག ཕན་གནོད་ཀྱིས་ཕྱེ་ན་ཡིད་དུ་འོང་མི་འོང་བར་མ་གསུམ། གནས་སྐབས་ཀྱིས་ཕྱེ་ན་ལྷན་སྐྱེས་སྦྱར་དང་གྱུར་པ་ལས་བྱུང་བ་བཅས་བཅུ་གཉིས་སོ།། རེག་བྱ་ལའང་རྒྱས་པར་ཕྱེ་ན་རྣམ་གྲངས་ཉེར་གཉིས་སུ་བཤད་པའི་མདོ་དོན་དྲིལ་ན། ཕན་ཚུན་འཕྲད་པ་ལ་ལྟོས་ཏེ་ཕྱེ་བ་རེག་བྱ་འཇམ་རྩུབས་ལྕྀ་ཡང་སོགས་དང༌། ཕྱི་ནང་གི་འབྱུང་བ་ཆ་སྙོམས་མི་སྙོམས་ལ་ལྟོས་ཏེ་ཚ་གྲང་བཀྲེས་སྐོམ་སོགས་དང༌། གནས་སྐབས་ཀྱིས་ཕྱེ་ན་བརྒྱལ་བ་དང་གཡའ་བ་སོགས་སུ་འདུས་སོ།། གཙོ་བོ་སེམས་ཀྱི་གཞི། གཉིས་པ་གཙོ་བོ་སེམས་ཀྱི་གཞི་ནི། སེམས་ཀྱི་གཞི་ནི་རྣམ་ཤེས་ཚོགས་དྲུག་དང༌།། ཞེས་པ་སྟེ། གཙོ་བོ་སེམས་ཀྱི་གཞི་ནི། གཟུགས་འཛིན་མིག་གི་རྣམ་ཤེས། སྒྲ་འཛིན་རྣ་བའི་རྣམ་ཤེས། དྲི་འཛིན་སྣའི་རྣམ་ཤེས། རོ་འཛིན་ལྕེ་ཡི་རྣམ་ཤེས། རེག་འཛིན་ལུས་ཀྱི་རྣམ་ཤེས། ཆོས་འཛིན་ཡིད་ཀྱི་རྣམ་ཤེས་དང་དྲུག་སྟེ། དེ་དག་གི་བདག་རྐྱེན་ནི་དབང་པོ་ལྔ་སྟེ། མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ།རྣ་བའི་དབང་པོ་གྲོ་གའི་འཛེར་བུ་གཅུས་པ་ལྟ་བུ། སྣའི་དབང་པོ་ཟངས་ཀྱི་མོ་ཁབ་གཤིབ་པ་ལྟ་བུ། ལྕེའི་དབང་པོ་ཟླ་བ་བཀས་པ་ལྟ་བུ། ལུས་ཀྱི་དབང་པོ་བྱ་རེག་ན་འཇམ་གྱི་པགས་པ་ལྟ་བུ། ཡིད་ཀྱི་དབང་པོ་བེ་ཏའི་འབྲས་བུ་ལྟ་བུ་ལ་བརྟེན་པའོ།། དེའང་ཡུལ་མི་འདྲ་བའི་རྣམ་པ་མང་པོ་ཤེས་པས་རྣམ་ཤེས་དང༌། གང་ཟག་གི་ཕུང་པོའི་རྒྱུད་གཅིག་ལ་ཚོགས་པར་དྲུག་ཀ་གནས་པས་ཚོགས་དྲུག་ཅེས་ཀྱང་བྱའོ།། འཁོར་སེམས་བྱུང་གི་གཞི། གསུམ་པ་འཁོར་སེམས་བྱུང་གི་གཞི་ནི། སེམས་བྱུང་ཀུན་འགྲོ་ལ་སོགས་ལྔ་བཅུ་གཅིག། ཅེས་པ་སྟེ། འཁོར་སེམས་བྱུང་གི་གཞི་ལ་རྒྱས་པར་དབྱེ་ན་ཀུན་འགྲོ་ལ་སོགས་ལྔ་བཅུ་རྩ་གཅིག་ཡོད་དེ། དེ་དག་གི་སྡོམ་དང་རྣམ་གྲངས་ཙམ་སྨོས་ན། སུམ་ཅུ་པ་ལས། ཚོར༡་འདུ༢་སེམས༣་པ་རེག༤་ཡིད་བྱེད༥། །ཀུན་ཏུ་འགྲོ་བ་རྣམ་པ་ལྔ། །འདུན༡་མོས༢་དྲན༣་ཏིང༤་ཤེས་རབ༥་སྟེ། །ཡུལ་ངེས་སྐྱེ་བ་རྣམ་པ་ལྔ། །དད་པ༡་ངོ་ཚྭ༢་ཤེས་ཁྲེལ་ཡོད༣། །མ་ཆགས༤་ཞེ་སྡང༥་གཏི་མུག༦་མེད། བརྩོན་འགྲུས༧་ཤིན་སྦྱངས༨་༼ལུས་སེམས་ལས་སུ་རུང་བས་སེམས་དམིགས་པ་ལ་བཀོལ་གཏུབ་པའོ་༽བག་ཡོད༩་དང༌། །བཏང་སྙོམས༡༠་རྣམ་པར་མི་འཚེ་བ༡༡། །བཅུ་གཅིག་པོ་ནི་དགེ་བ་ཡིན། །འདོད་ཆགས༡་ཁོང་ཁྲོ་༢ང་རྒྱལ༣་དང༌། །མ་རིག༤་ཐེ་ཚོམ༥་ལྟ་༼བདག་དང་ཕུང་པོ་༼གཅིག་༽པར་འཛིན་པའི་འཇིག་ལྟ་དང་རྟག་ཆད་ཀྱི་མཐར་ལྷུང་བའི་མཐར་ལྟ་དང་ལུང་མ་བསྟན་གྱི་ལྟ་བ་སོགས་སོ)བ༦་སྟེ། །རྩ་བའི་ཉོན་མོངས་རྣམ་པ་དྲུག །ཁྲོ༡་དང་འཁོན་ཏུ་འཛིན༢་༼ཞེ་ལ་བཞག་པ་༽པ་དང༌། །འཆབ་༣༼གསང་བ་སྟེ་སྦ་བ་༽དང་འཚིག༤༼མི་བཟོད་པར་ཚིག་རྩུབས་སྨྲ་བ་༽དང་ཕྲག་དོག༥་དང༌། །སེར་སྣ༦་དང་ནི་རྒྱུ་༼གཞན་བསླུ་བའི་སེམས་༽བཅས༧་དང༌། །གཡོ་༨༼རང་གི་ཉེས་པ་གཞན་ལ་རྒྱུར་པ་༽རྒྱགས༩༼རིགས་དང་དཔལ་འབྱོར་གྱིས་སེམས་དྲེགས་པ་༽རྣམ་འཚེ༡༠་ངོ་ཚ་མེད༡༡། །ཁྲེལ་མེད༡༢་རྨུགས༡༣དང་རྒོད་པ༡༤དང༌། །མ་དད་པ༡༥་དང་ལེ་ལོ་༡༦དང༌། །བག་མེད་༡༧པ་དང་བརྗེད་ངེས་༡༨དང༌། །རྣམ་གཡེང༡༩་ཤེས་བཞིན་མ་ཡིན་༢༠ཏེ། །ཉེ་བའི་ཉོན་མོངས་ཉི་ཤུའོ། །འགྱོད༡་དང་གཉིད༢་ཀྱང་དེ་བཞིན་ཏེ། །རྟོག་པ༣་དང་ནི་དཔྱོད་པ༤་ལ། །གཞན་འགྱུར་བཞི་ཞེས་བྱ་བའོ།། ཞེས་སོ།། དེ་ལྟར་གཙོ་བོ་སེམས་དང་འཁོར་སེམས་བྱུང་གཉིས་མི་འབྲལ་བར་རྟེན་དང་དམིགས་པ་རྣམ་པ་དུས་རྫས་དང་ལྔས་མཚུངས་ལྡན་དུ་འཇུག་པ་ཡིན་ཏེ། དང་པོ་རྟེན་མཚུངས་ནི། གཙོ་འཁོར་གཉིས་ཀ་དབང་པོ་གཅིག་ལ་བརྟེན་པ་སྟེ། མིག་ཤེས་མིག་དབང་ལ་བརྟེན་པ་ན་དེའི་འཁོར་ཚོར་བ་ཡང་དེ་ལ་བརྟེན་པ་ལྟ་བུའོ།། གཉིས་པ་དམིགས་མཚུངས་ནི། ཡུལ་གཅིག་ལ་དམིགས་པ་སྟེ་མིག་ཤེས་གཟུགས་ལ་དམིགས་པ་ན་ཚོར་བའང་དེ་ལ་དམིགས་པ་ལྟ་བུའོ།། གསུམ་པ་རྣམ་མཚུངས་ནི། འཛིན་སྟོབས་ཀྱི་གཟུང་ཆ་གཅིག་པ་སྟེ་མིག་ཤེས་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་ན་ཚོར་བའང་དེར་སྐྱེས་པ་ལྟ་བུའོ།། བཞི་པ་དུས་མཚུངས་ནི། དུས་གཅིག་ཅར་དུ་བྱུང་བ་སྟེ་མིག་ཤེས་ནམ་བྱུང་པ་དང་ཚོར་བའང་འབྱུང་བ་ལྟ་བུའོ།། ལྔ་པ་རྫས་མཚུངས་ནི། རིགས་འདྲ་གྲངས་མཉམ་པ་སྟེ་མིག་ཤེས་རྫས་གཅིག་ཡིན་པ་ན་དེའི་འཁོར་ཚོར་པའང་རྫས་གཅིག་ཁོ་ན་ཡིན་པ་ལྟར་རོ།། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། བཞི་པ་ལྡན་པ་མ་ཡིན་པ་འདུ་བྱེད་ཀྱི་གཞི་ནི། མིང་ཚིག་ཕྱོགས་དུས་ལྡན་མིན་འདུ་བྱེད་དེ།། ནང་གསེས་དབྱེ་བ་བཅུ་བཞིར་མངོན་པར་གསུངས།། ཞེས་པ་སྟེ། མིང་ཚིག་ཕྱོགས་དུས་བཞི་སེམས་དང་སེམས་བྱུང་གཉིས་ལྟར་མཚུངས་པ་ལྔ་དང་ལྡན་པ་མ་ཡིན་པས་ན་ལྡན་མིན་དང༌། སེམས་བྱུང་ལྟ་བུའི་འདུ་བྱེད་མིན་ཡང་འདུ་བྱེད་ཀྱི་ཆོས་ཙམ་ཡིན་པས་ན་འདུ་བྱེད་དེ། དེ་ལའང་ནང་གསེས་ཀྱི་དབྱེ་བ་མངོན་པ་གོང་མ་ལྟར་ན་ལྡན་མིན་འདུ་བྱེད་ཉེར་གསུམ་འབྱུང་ཡང་འདིར་བཅུ་བཞིར་བསྟན་པ་ནི་མངོན་པ་འོག་མར་གསུངས་པ་ལྟར་ཏེ། ཇི་སྐད་དུ། ཐོབ་དང་མ་ཐོབ་སྐལ་མཉམ་དང༌། །འདུ་ཤེས་མེད་དང་སྙོམས་འཇུག་གཉིས། །སྲོག་དང་སྐྱེ་གནས་རྒ་མི་རྟག །མིང་ཚིག་ཡི་གེའི་ཚོགས་རྣམས་སོ།། ཞེས་པ་ལྟར་དང་པོ་ཐོབ་པ་ནི། རང་གི་རྒྱུད་ལ་དགེ་མི་དགེ་སྔར་མེད་པ་གསར་དུ་ཐོབ་པ་རྣམས་སོ།། མ་ཐོབ་པ་ནི། དེ་བཞིན་དུ་དགེ་སོགས་རང་རྒྱུད་ལ་ཐོབ་པ་ལས་ཉམས་ཏེ་འགྲིབ་པར་འགྱུར་༼བ་༽དེའོ།། སྐལ་མཉམ་ནི། སེམས་ཅན་སོ་སོའི་རིས་སུ་སྐྱེས་ཏེ་སྐལ་པ་མཉམ་པའི་ཆོས་དེ་ལ་སྐལ་མཉམ་མམ་རིས་མཐུན་ཞེས་བྱ་བ་ཉིད་དོ།། འདུ་ཤེས་མེད་པ་བ་ནི། བསམ་གཏན་བཞི་པའི་གནས་གཞན་འབྲས་བུུ་ཆེ་བའི་བྱེ་བྲག་བསམ་གཏན་བཞི་པའི་སེམས་ལས་ཚོར་འདུ་མངོན་གྱུར་པ་རང་གི་སྐྱེས་ཐོབ་ཀྱི་ནུས་པས་འགོག་པའི་འདུ་ཤེས་མེད་པའི་ལྷའོ།། འདུ་ཤེས་མེད་པའི་སྙོམས་འཇུག་ནི། བསམ་གཏན་བཞི་པའི་དངོས་གཞིའི་སེམས་སྙོམས་འཇུག་གི་ནུས་པས་རྒྱུན་གཏན་དུ་པ་མ་ཡིན་པའི་ཚོགས་དྲུག་གི་ཤེས་པ་འགོག་པར་བྱེད་པའོ།། འགོག་པའི་སྙོམས་འཇུག་ནི། ཞི་གནས་སྲིད་རྩིའི་སེམས་དང་ལྷག་མཐོང་ཐེག་དམན་འཕགས་པའི་རྒྱུད་ཀྱི་ཟག་མེད་ཀྱི་ཤེས་རབ་གང་ཡང་རུང་བའི་ནུས་པ་ལ་བརྟེན་ཏེ། སེམས་དང་སེམས་བྱུང་རྒྱུན་གཏན་དུ་བ་མ་ཡིན་པའི་ཚོགས་དྲུག་དང༌། རྒྱུན་གཏན་པར་ཉོན་ཡིད་ཀྱིས་བསྡུས་པ་རྣམས་འགོག་པའོ།། འདུ་ཤེས་མེད་དང་རྙོམས་འཇུག་གཉིས་འདི་གསུམ་ལྡན་མིན་འདུ་བྱེད་དུ་འཇོག་པའི་སྐབས་ཇི་སྲིད་སེམས་དང་སེམས་བྱུང་འགོག་པའི་སྙོམས་འཇུག་གི་ནུས་པ་དེ་ལ་གོ་དགོས་སོ།། གཏན་དུ་བ་ཀུན་གཞི་ནི་འདུ་ཤེས་མེད་པ་དང་སྙོམས་འཇུག་གཉིས་ཀྱིས་མ་ཁེགས་ཏེ་སྔ་མ་ལས་ལྡངས་ཏེ་སླར་སེམས་སྐྱེ་སྟེ། འདུ་ཤེས་མེད་པའི་ལྷ་རྣམས་འདུ་ཤེས་སྐྱེས་པ་ན་འཆི་འཕོ་འོང་པས། འཆི་ཁར་ཐར་པ་ལ་སྐུར་འདེབས་ཀྱི་ལོག་ལྟ་སྐྱེས་པ་འབྱུང་པས་སོ།། སྲོག་གི་དབང་པོ་ནི། སེམས་ཅན་རིས་མཐུན་པར་སྔོན་གྱི་ལས་དབང་གིས་ཅི་ཙམ་འཚོ་བའི་དུས་ངེས་པ་ཅན་གྱི་ཚེའམ་ཡུན་ནོ།། སྐྱེ་བ་ནི། འདུ་བྱེད་ཀྱི་རྒྱུན་ཡོད་པ་རྣམས་སྐྱེས་ཏེ་སྔར་མ་བྱུང་པ་ལས་ད་ལྟར་བྱུང་བའོ།། གནས་པ་ནི། འདུ་བྱེད་ཀྱི་རྒྱུན་དེ་ཉིད་སྐྱེས་ནས་མ་འགག་གི་བར་མི་འཇིག་པར་གནས་པའོ།། རྒ་བ་ནི། རྒྱུན་དེ་ཉིད་གཞན་དུ་འགྱུར་ཏེ་སྔ་མའི་སྐབས་དེ་ལས་རིམ་པར་རྒུད་པའོ།། མི་རྟག་པ་ནི། རྒྱུན་དེ་ཉིད་འཇིག་སྟེ་མཐར་འགགས་པའོ།། འདི་བཞི་ལ་འདུས་བྱས་མཚོན་པའི་མཚན་ཉིད་བཞི་ཞེས་བྱའོ།། མིང་གི་ཚོགས་ནི། ཀ་བ་དང་བུམ་པ་སོགས་དོན་གྱི་ངོ་བོ་ལ་སྒྲོ་བཏགས་ཐ་སྙད་འདོགས་པའི་གནས་སྐབས་ལ་བློ་འཇུག་པར་བྱེད་པའི་མིང་ཐམས་ཅད་དོ།། ཚིག་ནི། ཆོས་ཐམས་ཅད་ཀྱི་རྣམ་པའི་ཁྱད་པར་བརྗོད་པས་དེའི་དོན་སྟོན་པའི་ཚིག་མཐའ་དག་གོ། ཡི་གེ་ནི། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་ཡི་གེ་ཨ་ལ་སོགས་པ་སྟེ། ཡི་གེ་སིལ་བུ་འདུས་པ་ལས་མིང༌། དེ་མང་དུ་འདུས་པ་ལས་ཚིག དེ་མང་དུ་འདུས་པ་ལས་འཇིག་རྟེན་གྱི་དོན་མཚོན་བརྗོད་པ་མཐའ་དག་འབྱུང་བས་སོ།། དེ་ལྟར་མཛོད་ལས་བཅུ་བཞི་ལས་མི་འབྱུང་ཡང༌། མངོན་པ་ཀུན་བཏུས་ལས་དེ་ཡི་སྟེང་དུ། སོ་སོའི་སྐྱེ་བོ་ནི། འཕགས་པའི་ཆོས་མ་ཐོབ་༼འདི་ངེས་ཤེས་ལྡན་པ་ལ་བཏགས་པའི་གང་ཟག་གི་བྱེ་བྲག་གོ།༽པའོ།། འཇུག་པ་ནི། རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པར་འཇུག་པའོ།། སོ་སོར་ངེས་པ་ནི། རྒྱུ་དང་འབྲས་བུ་ཐ་དད་པའོ།། འབྱོར་འབྲེལ་བ་ནི། རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པའོ།། མགྱོགས་པ་ནི། རྒྱུ་དང་འབྲས་བུ་མྱུར་བར་འབྱུང་པའོ།། གོ་རིམ་ནི། རྒྱུ་དང་འབྲས་བུ་རེ་རེ་ནས་རིམ་བཞིན་འབྱུང་བའོ།། དུས་ནི། རྒྱུ་དང་འབྲས་བུ་རྒྱུན་དུ་འབྱུང་བའི་ཡུན་གྱི་གནས་སྐབས་སོ།། ཡུལ་ནི། ཕྱོགས་བཅུ་པོ་ཐམས་ཅད་ན་རྒྱུ་དང་འབྲས་བུ་ཡོད་པ་ལས་བཏགས་པའོ།། གྲངས་ནི་འདུ་བྱེད་རྣམས་སོ་སོ་ཐ་དད་པ་ལ་ བགྲངས་ཏེ་བཞག་པའོ།། ཚོགས་པ་ནི། རྒྱུ་དང་འབྲས་བུའི་སྐྱེན་འདུས་པའི་གནས་སྐབས་སོ།། དེ་དག་མདོར་ན་བེམ་ཤེས་ལྡན་མིན་གསུམ་གྱིས་འདུས་བྱས་ཐམས་ཅད་བསྡུས་པར་འདོད་དེ། སོ་སོའི་མཚན་ཉིད་ཀྱང༌། རྡུལ་དུ་གྲུབ་པ་བེམ་པོ། གསལ་ཞིང་རིག་པ་ཤེས་པ་སྟེ། དེ་གཉིས་མ་ཡིན་པའི་ཆ་ལ་ལྡན་མིན་འདུ་བྱེད་ཅེས་་བྱའོ།། འདུས་མ་བྱས་ཀྱི་གཞི། ལྔ་པ་དགག་པ་འདུས་མ་བྱས་པའི་གཞི་ནི། ནམ་མཁའ་འགོག་པ་རྣམ་གཉིས་འདུས་མ་བྱས།། གཞན་དུ་བདག་མེད་དེ་བཞིན་ཉིད་གཞིར་གསུངས།། རྡུལ་ཕྲན་སྐད་ཅིག་ཆ་བཅས་ཀུན་རྗོབ་དང༌།། ཆ་མེད་དོན་དམ་བདེན་པ་རྟག་པར་འདོད།། ཅེས་པ་སྟེ། བཤད་མ་ཐག་པའི་སེམས་དང་སེམས་བྱུང་ལྡན་མིན་འདུ་བྱེད་རྣམས་ནི་འདུས་བྱས་ཀྱི་རང་བཞིན་ཁོ་ན་ལས་མ་འདས་པར་འདོད་ཅིང༌། ནམ་མཁའ་དང་སོ་སོར་བརྟགས་འགོག་དང་བརྟགས་མིན་གྱི་འགོག་པ་རྣམ་པ་གཉིས་དང་བཅས་པ་ནི་འདུས་མ་བྱས་པས་ན་འདུས་བྱས་ལས་གཞན་དུ་གྱུར་པའི་ཕྱིར། ཆོས་ཐམས་ཅད་ཀྱི་བདག་མེད་དེ་བཞིན་ཉིད་སྟོན་པའི་གཞིར་གསུངས་སོ།། དེའང་ནམ་མཁའ་ནི། ཡིད་ཤེས་ཀྱི་ཡུལ་ཙམ་དུ་གྱུར་པ་ལས་གཟུགས་ཀྱི་དངོས་བོའི་མཚན་ཉིད་ལས་འདས་ཕྱིར། ཐོགས་བཅས་ཀྱི་གཟུགས་སྐྱེ་འཇིག་སོགས་ཀྱི་གོ་འབྱེད་པ་སྟེ། ཐོགས་བཅས་ཀྱི་འབྱུང་བ་གཞན་གྱི་གོ་མི་འགོག་པ་སྟེ་མི་སྒྲིབ་པའོ།། སོ་སོར་བརྟགས་འགོག་ནི། སོ་སོར་བརྟགས་པའི་ཤེས་རབ་སོགས་ལམ་གྱི་སྟོབས་ལས་སྤང་བྱ་ཉོན་མོངས་ལ་སོགས་གཏན་དུ་བྲལ་པའི་འདུས་མ་བྱས་པའི་ཆའོ།། བརྟགས་མིན་འགོག་པ་ནི། སོ་སོར་བརྟགས་པས་ཁེགས་པ་ལྟ་བུ་མ་ཡིན་པར་རྒྱུ་རྐྱེན་མ་ཚང་པའི་དབང་གིས་དགག་བྱ་ཉིད་མ་གྲུབ་པ་རི་བོང་གི་རྭ་ལྟ་བུའོ།། དེ་ལྟར་ཤེས་བྱ་གཞི་ལྔ་ལས་འདུས་མ་བྱས་པ་གསུམ་རྟག་པར་འདོད་པ་མ་གཏོགས་གཞན་ཐམས་ཅད་རྫས་ཡོད་དུ་འདོད་དེ། འབྱུང་བའི་རྡུལ་ལ་སོགས་པ་ལ་བེམ་པོའི་རྫས་དང༌། ཡུལ་གྱི་རྣམ་པར་ཤེས་པ་ལ་འཆར་ཞིང་རྣམ་པར་རིག་པ་ལ་ཤེས་པའི་རྫས་ཞེས་འཇོག་ཅིང༌། བདེན་གཉིས་ཀྱི་འཇོག་ཚུལ་ཡང༌། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ།། ཞེས་པ་ལྟར། བུམ་པའི་དངོས་པོ་འཇོམས་བྱེད་ཐོ་བ་ལ་སོགས་པས་བཅོམ་པ་དང༌། རྫས་ཀྱི་ཆོས་བློས་སོ་སོར་བསལ་བ་ན་བུམ་འཛིན་གྱི་བློའམ་རྟོག་པ་མི་འཇུག་པས་ན། བུམ་པ་དང་ནང་གི་ཆུ་གཉིས་ཀུན་རྫོབ་སྟཻ། ཆ་བསལ་ཡང་དེར་འཛིན་གྱི་བློ་མི་འདོར་བ་རྡུལ་ཕྲ་རབ་དེ་ལ་ནི་ཕྱོགས་ཀྱི་ཆ་བྲལ་བས་དངོས་པོ་རྣམས་རྩོམ་བྱེད་དོན་དམ་བདེན་པ་སྟེ་ཀུན་རྫོབ་ལས་གཞན་དུ་འཇོག་གོ། མདོར་ན་ཕྱི་དོན་རགས་པ་རྡུལ་ཕྲན་ཆ་བཅས་དང༌། ཤེས་པའི་རྒྱུན་སྐད་ཅིག་ཆ་ཤས་དང་བཅས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང༌། ཤེས་པ་སྐད་ཅིག་ཆ་མེད་དང་གཟུང་པ་རྡུལ་ཕྲན་ཆ་མེད་གཉིས་དོན་དམ་པའི་བདེན་པ་ཡིན་པས་རྟག་པར་འདོད་དོ།། རགས་པའི་གཟུགས་རྡུལ་ཕྲན་ཆ་མེད་ཀྱིས་བརྩམ་ཚུལ་ཡང༌། དབུས་རྡུལ་གཅིག་ལ་ཕྱོགས་རྡུལ་བཞི་དང་སྟེང་འོག་གཉིས་བཅས་རྡུལ་དྲུག་གིས་བསྐོར་པ་བར་དང་བཅས་གནས་པ་ལ། འབྱུང་ཁམས་བཞིས་བསྡུས་ཏེ་རིམ་པར་རྡུལ་ཕྲན་ཚོགས་པ་ལས་ཡུངས་འབྲུ་ནས་རི་རབ་ཀྱི་བར་ཇེ་ཆེར་བརྩམ་པ་སྟེ། དཔེར་ན་རྩམ་པ་ཆུས་སྦྲུས་ཏེ་དྲིལ་ནས་གཏོར་ཆེན་བཟོ་པ་ལྟ་བུའོ།། །། མདོ་སྡེ་བ། གཉིས་པ་མདོ་སྡེ་པ་ནི། མདོ་སྡེའི་དོན་ཁོ་ན་འཆད་པས་མདོ་སྡེ་པའམ་ཐམས་ཅད་ན་དཔེ་ཡི་སྒོ་ནས་སྟོན་པས་དཔེ་སྟོན་སྡེ་པ་ཞེས་ཀྱང་གྲགས་ཏེ། མདོ་སྡེ་ཚིག་བཅད་གཅིག་པ་དང་བཞི་པ། སྒོ་དྲུག་པ། རྒྱ་ཆེ་རོལ་པ། བཟང་པོ་སྤྱོད་པ་སོགས་ལ་བརྟེན་པའི། བཙུན་པ་དཔལ་ལེན་དང༌། དགེ་འདུན་སྲུང༌། དཔེ་ཅན་སོགས་ཀྱི་རྗེས་སུ་རིམ་པར་འབྲང་པ་སྟེ། དེ་དག་གི་ལྟ་བའི་རྣམ་གཞག་འཆད་པ་ལའང་གསུམ་སྟེ། ལྟ་པའི་མཚན་ཉིད་བཤད་པ། ནང་གསེས་གྲུབ་མཐའི་དབྱེ་བ་བཤད་པ། དེ་ཐམས་ཅད་བདག་མེད་གཏན་ལ་ཕབ་པ་ལ་མཚུངས་པར་བསྟན་པའོ།། ལྟ་པའི་མཚན་ཉིད་བཤད་པ། དང་པོ་ནི། མདོ་སྡེ་པ་རྣམས་སྣང་བ་སེམས་སུ་བདེན།། རྣམ་པ་གཏོད་བྱེད་རྡུལ་ཕྲན་ཕག་ན་ཡོད།། ཅེས་པ་སྟེ། མདོ་སྡེ་པ་རྣམས་ཀྱིས་ནི་དོན་ནམ་ཡུལ་གྱི་སྣང་བ་ཉིད་སེམས་སུ་བདེན་པར་འདོད་པས་ན། དོན་དུ་སྣང་སེམས་གཉིས་གཞི་མཐུན་དུ་བསྒྲུབ་པའོ།། འོ་ན་ཕྱི་དོན་ཉིད་གཞན་དུ་མེད་དམ་ཞེ་ན། དོན་གྱི་རྣམ་པ་དེ་ཉིད་ཤེས་པ་ལ་གཏོད་པར་བྱེད་པའི་རྡུལ་ཕྲན་ཕག་གམ་ལྐོག་ན་མོའི་རྫས་ཞེས་བྱ་བ་དངོས་སུ་མཐོང་བ་མེད་པ་གཅིག་དོན་ཐམས་ཅད་ཀྱི་ཕག་སྟེ་གྲེབ་ཏུ་ཡོད་པར་འདོད་ཅིང༌། དེ་ཡིས་ཕྱི་དོན་གྱི་རྣམ་པ་དེ་ཉིད་ནང་གི་ཤེས་པ་ལ་གཏད་པ་ཉིད་སྤར་བཏབ་པ་ལྟར་དོན་འགགས་ཀྱང་ཤེས་པ་ལ་སྣང་བའི་ཕྱིར། དེས་ནང་དུ་གང་ཟག་དང༌། ཕྱི་འཇིག་རྟེན་གྱི་ཁམས་སམ་ཡུལ་ཆོས་ཐམས་ཅད་སྐྱེད་པར་འདོད་དོ།། སེམས་ཙམ་རྣམ་བདེན་པ་དང་འདི་གཉིས་སྣང་བ་ཤེས་པ་ཡིན་པར་མཚུངས་ཀྱང་གཏོད་བྱེད་ཕྱི་དོན་ལྐོག་ན་མོ་ཡོད་མེད་ཀྱིས་འབྱེད་པ་ཡིན་ནོ།། གཞན་ཡང་མདོ་སྡེ་པ་རྣམས་ཀྱིས་ཤེས་བྱ་གཞི་ལྔ་ལས་གཟུགས་སེམས་གཉིས་དང༌། སེམས་བྱུང་ཚོར་འདུ་གཉིས་སེམས་པ་དང་གསུམ་རྣམས་རྫས་ཡོད་ཡིན་ཅིང༌། གཞན་མཐའ་དག་སྣང་ཡུལ་གྱི་ཆ་ལ་བཏགས་པ་ཡོད་ཙམ་དང༌། འདུས་མ་བྱས་པ་གསུམ་ཁོ་ན་རྟག་པར་འདོད་ཅིང་གཟུགས་ལའང་རྩོམ་བྱེད་རྡུལ་ཕྲ་རབ་དང་དེས་བརྩམས་པའི་རགས་པ་གཉིས་འདོད་ཚུལ་མཚུངས་ཀྱང༌། ཕྲ་རབ་ཀྱིས་བསྐོར་བ་ལ་བར་མེད་ཀྱང་ཕན་ཚུན་མ་འབྱར་བ་པུ་སྟི་བསྡམས་པ་ལྟར་འདོད་དོ།། ཀུན་རྫོབ་དང་དོན་དམ་གྱི་འཇོག་ཚུལ་ཡང༌། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་འདོད། ཅེས་པ་ལྟར་དོན་དམ་པར་དོན་བྱེད་ནུས་པ་བུམ་པ་དང་ཀ་བ་ལྟ་བུ་དོན་དམ་བདེན་པ། དོན་དམ་པར་དོན་བྱེད་མི་ནུས་པ་བུམ་པ་དང་ཀ་བའི་སྤྱི་སྣང་བཏགས་ཡོད་ཙམ་ནི་ཀུན་རྫོབ་ཏུ་འདོད་དོ།། རང་སྤྱིའི་མཚན་ཉིད་ནི། དཔེར་ན་བུམ་པའི་དངོས་ལྟ་བུ་རང་གི་མཚན་ཉིད་ཐམས་ཅད་འཛིན་པར་ནུས་པ་ནི་རང་མཚན་ཡིན་ལ། རྟོག་པ་ཡུལ་དུས་ལ་འདྲེས་པའི་སྣང་ཡུལ་དུ་བུམ་པ་སྤྱི་ཡི་མཚན་ཉིད་ལྟོ་ལྡིར་ཞབས་ཞུམ་གྱི་སྣང་བཙམ་ནི་སྤྱི་མཚན་ཡིན་ནོ།། ནང་གསེས་གྲུབ་མཐའི་དབྱེ་བ་བཤད་པ། གཉིས་པ་ནང་གསེས་གྲུབ་མཐའི་དབྱེ་བ་ནི། ནང་གསེས་གྲུབ་མཐའི་དབྱེ་བ་གཞན་དུ་ཤེས།། ཞེས་པ་སྟེ། དེ་ལྟར་ཉན་ཐོས་བྱེ་མདོ་སྨྲ་བ་རྣམས་ལའང་ནང་གསེས་ཀྱི་གྲུབ་མཐའི་དབྱེ་བ་མང་དུ་ཡོད་པ་གཞན་དུ་ཤེས་པར་བྱ་གསུངས་པ་རྣམས་ནི། དང་པོ་རྩ་བའི་སྡེ་པ་བཞི་སྟེ། ཐམས་ཅད་ཡོད་པར་སྨྲ་བ། དགེ་འདུན་ཕལ་ཆེན་པ། གནས་བརྟན་པ། མང་པོས་བཀུར་བ་དང་བཞིའོ།། དེ་དག་གི་མཚན་གཞི་ཡང༌། ཤེས་བྱ་གཞི་ལྔ་རྫས་ཡོད་དུ་སྨྲ་བས་ཐམས་ཅད་ཡོད་སྨྲ། གྱེས་པའི་ཚེ་དགེ་འདུན་ཕལ་ཆེ་ཕྱོགས་གཅིག་ཏུ་གནས་པས་ཕལ་ཆེན་པ། གནས་བརྟན་འཕགས་པའི་རིགས་ཡིན་པས་གནས་བརྟན་པ། སྐྱེ་བོ་མང་པོས་བཀུར་སྟི་བྱས་པའི་རིགས་འཛིན་པས་མང་བཀུར་བ་ཞེས་བྱའོ།། རྩ་བའི་སྡེ་པ་བཞི་དེ་ལས་ཀྱང་རིམ་པར་གྱེས་པའི་སྡེ་པ་བཅོ་བརྒྱད་བྱུང་སྟེ། སྡེ་པ་ཐ་དད་ཀློག་པའི་འཁོར་ལོ་ལས། ཤར་དང་ནུབ་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ །བརྟགས་པར་སྨྲ་བའི་སྡེ་པ་དང༌། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སྡེ་པ་དང༌། །རྣམ་པར་ཕྱེ་སྡེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་རི། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་རི་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་བྱུང༌།། ཞེས་གསུངས་པ་ལྟར་སོ་སོའི་བཞུགས་གནས། ཡུལ་དང༌། སྐད་རིགས་གོས་དང༌། གྲུབ་མཐའི་འདོད་ཚུལ། སྲོལ་འབྱེད་ཀྱི་སློབ་དཔོན་ ཐ་དད་པ་བཅོ་བརྒྱད་དུ་བྱུང་ངོ༌།། བདག་མེད་གཏན་ལ་ཕབ་པ། གསུམ་པ་བདག་མེད་བཏན་ལ་ཕབ་པ་ལ་ཐམས་ཅད་མཚུངས་པར་བསྟན་པ་ནི། མདོར་ན་ཆོས་ཀུན་བདག་མེད་གཏན་ལ་དབབ།། ཁམས་གསུམ་འདོད་ཆགས་བྲལ་བ་འབྲས་བུར་བཞེད།། ཅེས་པ་སྟེ། དེ་ལྟར་ཉན་ཐོས་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱིས་ཉམས་སུ་བསྟར་བྱ་མདོར་བསྡུ་ན། ཆོས་ཀྱི་དབྱེ་བསྡུ་མང་དུ་བསྟན་པ་ཀུན་གྱི་རྩ་བ་ནི་བདག་མེད་གཏན་ལ་དབབ་པར་ཐམས་ཅད་མཚུངས་ཏེ། ཟག་བཅས་ཀྱི་ཕུང་པོ་སྐད་ཅིག་གིས་མི་རྟག་ཅིང་སྡུག་བསྔལ་གྱི་རྟེན་དུ་གྱུར་པའི་གང་ཟག་གི་བདག་དེས་སྟོང་པར་མཐོང་བས་སྡུག་བསྔལ་གྱི་བདེན་པ་རྟོགས། བདག་ཏུ་ཆགས་པའི་རྩ་བ་ཉོན་མོངས་དབང་གིས་ལས་སོགས་བསགས་པའི་རྒྱུ་རྐྱེན་ཀུན་འབྱུང་གིས་སྲིད་པར་ཡང་དང་ཡང་དུ་སྐྱེ་བར་མཐོང་བས་ཀུན་འབྱུང་གི་བདེན་པ་རྟོགས། བདག་འཛིན་ཀུན་བརྟགས་དང་ལྷན་སྐྱེས་རྣམས་སྤངས་ཏེ་ཁམས་གསུམ་འཁོར་བར་སྐྱེ་བའི་རྒྱུན་བཅད་པས་འགོག་པའི་བདེན་པ་མཐོང༌། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཉོན་མོངས་སྤངས་པའི་ལམ་དེ་ནི་ཐར་པ་དང་མྱང་འདས་སྒྲུབ་པའི་ལམ་ཡིན་པས། བདག་མེད་པའི་ལམ་འདི་ཁོ་ན་མ་གཏོགས་ལམ་གཞན་མེད་པར་མཐོང་པས་ལམ་གྱི་བདེན་པ་རྟོགས་པར་འདོད་དོ།། བསྒོམ་པ་ནི་དུག་གསུམ་གྱི་གཉེན་པོར་མི་སྡུག་པ་སོགས་གོམས་པར་བྱེད་ཅིང༌། སྤྱོད་པ་ནི་སོ་སོར་ཐར་བའི་ཚུལ་ཁྲིམས་ཡོངས་སུ་དག་པ་ལ་གནས་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པའོ།། འབྲས་བུ་ནི་གང་ཟག་ཟུང་བཞི་ཡ་བརྒྱད་དེ། འབྲས་བུ་ཐོབ་པའི་ལམ་གྱི་རྒྱུན་ལ་ཞུགས་པས་རྒྱུན་ཞུགས། འདོད་པར་སླར་ཡང་སྐྱེ་བ་ལན་ཅིག་ལེན་པས་ལན་ཅིག་ཕྱིར་འོང༌། ཕྱིན་ཆད་འདོད་པའི་ཁམས་འདིར་མི་བའི་སྐྱེ་བས་ན་ཕྱིར་མི་འོང༌། ཉོན་མོངས་པའི་དགྲ་ཐམས་ཅད་བཅོམ་པས་དགྲ་བཅོམ་བྱ་སྟེ་སྐྱེས་བུ་ཟུང་བཞི་དང༌། དེ་རེ་རེ་ལའང་ཞུགས་པ་དང་འབྲས་གནས་གཉིས་རེར་ཕྱེ་བས་ཡ་བརྒྱད་དེ། མཐོང་ལམ་སྐད་ཅིག་མ་བཅོ་ལྔ་ལ་གནས་པ་རྒྱུན་ཞུགས་ཞུགས་པ། མཐོང་ལམ་སྐད་ཅིག་བཅུ་དྲུག་པར་ལམ་རྗེས་སུ་ཤེས་པ་ཐོབ་ནས་རྒྱུན་ཞུགས་འབྲས་གནས། རྒྱུན་ཞུགས་དེས་འདོད་པའི་སྒོམ་སྤང་གཅིག་ནས་ལྔའི་བར་སྤངས་པ་ཕྱིར་འོང་ཞུགས་པ། འདོད་པའི་སྒོམ་སྤངས་དྲུག་པ་སྤངས་པ་ཕྱིར་འོང་འབྲས་གནས། འདོད་པའི་སྒོམ་སྤངས་བདུན་པ་ནས་དགུའི་བར་སྤངས་པ་ཕྱིར་མི་འོང་ཞུགས་པ། འདོད་པའི་སྒོམ་སྤང་ཐམས་ཅད་རིམ་གྱིས་སྤངས་པ་ཕྱིར་མི་འོང་འབྲས་གནས། ཕྱིར་མི་འོང་འབྲས་གནས་དེས་ཁམས་གོང་མའི་སྒོམ་སྤངས་སྤོང་པ་ལ་ཞུགས་པ་ནས་བརྩམས། སྲིད་རྩེའི་སྒོམ་སྤངས་བརྒྱད་པ་སྤངས་པའི་བར་འདི་དགྲ་བཅོམ་ཞུགས་པ། ཁམས་གསུམ་གའི་སྒྲིབ་པ་ལྷག་མ་མ་ལུས་པ་སྤངས་པ་ནི་དགྲ་བཅོམ་པ་འབྲས་གནས་སོ།། མདོར་བསྡུ་ན་ཁམས་གསུམ་གྱི་འདོད་ཆགས་ཐམས་ཅད་དང་བྲལ་བ་འབྲས་བུར་བཞེད་དོ།། གཞན་ཡང་འདི་དག་གིས་ཐེག་ཆེན་བཀའ་རུ་མི་འདོད་པ་དང༌། སྟོང་གསུམ་མི་མཇེད་ཀྱི་ཞིང་འདི་མ་གཏོགས་ལོངས་སྐུ་དང་ལོངས་སྐུའི་ཞིང་ཁམས་མི་འདོད་པ་དང༌། སངས་རྒྱས་ཀྱི་སྐུ་དེ་སངས་རྒྱས་དངོས། ཐུགས་ནི་སྤྲོས་བྲལ་ཀྱི་ཆོས་སྐུ་མྱང་འདས་ནི་བློ་ཡི་ཟད་པ་ཡིན་པས་མར་མེ་ཤི་བ་ལྟར་འདོད་པ་དང༌། ཐར་པ་མེད་པར་དོགས་པས་རྫས་གྲུབ་ཀྱང་འདོད་པ་སོགས་གྲུབ་མཐའི་ཁས་ལེན་ཤིན་ཏུ་མང་ངོ༌།། སེམས་ཙམ་པ། གསུམ་པ་རྣམ་རིག་པའམ་སེམས་ཙམ་པ་ནི། གདུལ་བྱ་དབང་པོ་རབ་ཀྱི་དོན་ཏུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལ་བརྟེན་པ་སྟེ། དེའང་ཐོག་མར་ཡུལ་ཨངྐར་སྐུ་འཁྲུངས་པའི་གནས་བརྟན་དགྲ་བཅོམ་པ་དགའ་པོ་ཞེས་བྱ་པ་ཐེག་པ་ཆེན་པོ་ཐོག་མར་འཛིན་པ་ཞིག་བྱུང་སྟེ། དེའི་ཚེ་བཙུན་པ་ཆེན་པོ་ཨ་བི་ཏརྐ་དང་ཛྙཱ་ན་ཏཱ་ལ་སོགས་བྱམས་པ་དང་འཇམ་དབྱངས་སྤྱན་རས་གཟིགས་སོགས་ས་བཅུའི་དབང་ཕྱུག་རྣམས་ལས་དངོས་སུ་ཆོས་གསན་པ། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ཤ་སྟག་ལྔ་བརྒྱ་ཙམ་བྱུང་བའི་སྐབས། རྒྱལ་པོ་ལཀྵ་ཨ་ཤྭས་སྦྱིན་བདག་མཛད་དེ་གཙུག་ལག་ཁང་དང་སློབ་མ་ཕུལ་ཏེ་འཆད་ཉན་བཙུགས་པས། ཐེག་ཆེན་སྤྱོད་པ་ལྔ་བརྒྱ་ཕྲག་གསུམ་བྱུང་བ་དག་གིས་གྲུབ་མཐའ་འཇོག་ཚུལ། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་སེམས་ཙམ་མོ།། ཞེས་གསུངས་པ་ལྟར་ཕྱི་རོལ་གྱི་དོན་སྣང་རྣམས་སེམས་ཙམ་ལས་གཞན་དུ་མ་གྲུབ་ལ། ནང་གི་སེམས་སམ་རྣམ་རིག་ནི་བདེན་གྲུབ་ཏུ་འདོད་པས་སེམས་ཙམ་པ་འམ་རྣམ་རིག་པ་ཞེས་སམ། མདོ་སྡེའི་དོན་རྣལ་མ་ལ་སྒྲ་ཇི་བཞིན་པར་སྤྱོད་པས་རྣལ་འབྱོར་སྤྱོད་པ་ཞེས་སུ་གྲགས་སོ།། དེའི་ཚུལ་འཆད་པ་ལའང་གཉིས་ཏེ། དངོས་བསྟན་སེམས་ཙམ་རྣམ་བདེན་པ་བཤད་པ་དང༌། དེ་ཡི་བྱེ་བྲག་ཞལ་འཕང་དཀྱུས་སུ་བསྟན་པའོ།། དངོས་བསྟན་སེམས་ཙམ་རྣམ་བདེན་པ་བཤད་པ། དང་པོ་ནི། རྣམ་རིག་པ་རྣམས་ཚོགས་དྲུག་སྣང་བ་ཀུན།། སེམས་ཙམ་ལས་ཡིན་ཕྱི་དོན་མ་གྲུབ་ཅིང༌།། མྱོང་བ་གསལ་རིག་ཆ་འདི་བདེན་གྲུབ་བཞེད།། ཅེས་པ་སྟེ། འདི་ལྟར་སྣང་བ་ཐམས་ཅད་ཐོག་མེད་ནས་རྣམ་རྟོག་སྣ་ཚོགས་གོམས་པའི་བག་ཆགས་ཀུན་གཞིའི་རྣམ་ཤེས་ལ་བཞག་པ་དེ་ཉིད་ཀྱི་མཐུ་ལས་སྣང་བའི་རྣམ་པ་ཉིད་དུ་ཤར་བ་མ་གཏོགས་ཕྱི་དོན་མེད་པས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་སྟེ། དཔེར་ན་རྨི་ལམ་གྱི་སྣང་བ་ལྟ་བུའོ།། དེས་ན་རྣམ་རིག་སྨྲ་བ་པ་རྣམས་ཀྱི་འདོད་ཚུལ་ནི་ཕྱི་དོན་ཚོགས་དྲུག་གི་སྣང་བ་འདི་ཀུན་ནང་སེམས་ཀྱི་སྣང་བ་ཙམ་ལས་བྱུང་བ་ཡིན་པ་མ་གཏོགས། ཕྱི་རོལ་གྱི་དོན་ཏེ་ཡུལ་ཅུང་ཟད་ཙམ་བདེན་དངོས་སུ་མ་གྲུབ་ཅིང༌། དེས་ན་དོན་གྱི་རྣམ་པར་སྣང་བ་དེ་སེམས་ལས་གཞན་མིན་ཏེ། དཔེར་ན་རྨི་ལམ་གྱི་སྣང་བ་ལ་ཡུལ་མེད་ཀྱང་རྣམ་པ་ཉམས་སུ་མྱོང་བ་ལྟར་ཏེ། དོན་གྱི་རྣམ་པ་ཉམས་སུ་མྱོང་པ་པོ་རྣམ་པར་ཤེས་པ་དེ་ཡི་གསལ་རིག་གི་ཆ་གཟུང་འཛིན་ལས་འདས་པ་འདི་ཉིད་དོན་དམ་བདེན་པ་ཉིད་དུ་གྲུབ་པར་བཞེད་དེ། སློབ་དཔོན་ཨཱརྱ་དེ་ཝའི་ཡེ་ཤེས་སྙིང་པོ་ཀུན་བཏུས་ལས། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་རྣམས་དེ་སྐད་སྨྲ།། ཞེས་གསུངས་པ་ལྟར་རོ།། གཞན་ཡང་ཕྱི་དོན་མ་གྲུབ་པའི་ཚུལ། ཡུལ་མེད་ཀྱང་འཁྲུལ་ཤེས་རབ་རིབ་ཅན་གྱི་མིག་གིས་མཁའ་ལ་སྐྲ་ཤད་དང་ཟླ་བ་ལ་གཉིས་སུ་སྣང་བ་ལྟ་བུ། མ་འཁྲུལ་པའི་ངོར་ཡང་ཆུ་ཀློང་གི་དངོས་པོ་གཅིག་ལའང༌། ལས་སྣང་བཟང་ངན་གྱི་ཤེས་པའི་དབང་གིས་ལྷ་ལ་བདུད་རྩི། མི་ལ་ཆུ། ཡི་དྭགས་ལ་རྣག་ཁྲག དམྱལ་བར་ཁྲོ་ཆུར་མཐོང་བ་ལྟར་ཏེ། གལ་ཏེ་ཕྱི་དོན་བདེན་པར་ཡོད་ན་འཕགས་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོར་ཡང་ཡོད་དགོས་པས་དེར་མེད་པའི་ཕྱིར་དང༌། དེ་བཞིན་བྱེ་མདོའི་རྡུལ་ཕྲན་ཀྱིས་རགས་པ་བརྩམ་ཚུལ་ཡང་མི་འཐད་དེ། དབུས་རྡུལ་གཅིག་ལ་རྡུལ་དྲུག་གིས་བསྐོར་བའི་ཚེ། དབུས་རྡུལ་ལ་ཕྱོགས་རྡུལ་གྱི་ཤར་སོགས་ཕྱོགས་ཀྱི་ཆས་རེག་པ་ཡོད་ན་ཆ་མེད་མ་ཡིན་ཆ་བཅས་སུ་སོང་པས་ཕྱོགས་བཞི་སྟེང་འོག་གི་ཆ་ཤས་རྣམ་པ་དྲུག་ཏུ་འགྱུར་ལ། གལ་ཏེ་ཆ་ཅུང་ཟད་ཙམ་མེད་པ་ཡིན་ན། རྡུལ་དྲུག་ཅི་ཙམ་ཚོགས་ཀྱང་གོ་ས་གཅིག་ལས་མ་ཆོད་པས། གོང་བུའི་རྡུལ་ཅི་ཙམ་ཚོགས་ཀྱང་ཆ་མེད་ལས་ཆེར་མི་འགྱུར་ཏེ། ཉི་ཤུ་པ་ལས། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར།། ཅེས་གསུངས་པ་ལྟར་དང༌། ཤེས་པ་སྐད་ཅིག་ཆ་མེད་ཀྱང་སྐད་ཅིག་མ་སྔ་ཕྱི་མ་ཕྲད་ན་ཤེས་པ་ཕྱི་མ་རྒྱུ་མེད་དུ་འགྱུར་བས་ སྔ་མ་རྩོམ་བྱེད་དུ་མི་འགྱུར་ལ། མཉམ་དུ་ཕྲད་ནའང་སྐད་ཅིག་མ་མང་པོ་དུས་མཉམ་དུ་རུང་བས་བསྐལ་པའང་སྐད་ཅིག་མར་འགྱུར་ཞིང༌། རེས་མོས་སུ་འཕྲད་ནའང་སྐད་ཅིག་མ་གཅིག་གི་སྔ་མ་འདས་པ་དང༌། གཉིས་པ་ད་ལྟ་བ་སྟེ་ཆ་གཉིས་སུ་འགྱུར་བས་ཆ་མེད་ཀྱི་དམ་བཅའ་འཇིག་པར་བྱེད་པ་དང་རང་བཞིན་གསུམ་གྱི་འཇོག་ཚུལ་ཡང༌།ཕྱོགས་དང་དུས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞན་དབང་རྟེན་འབྲེལ་གྱི་སྣང་བ་ལ་བརྟེན་ཏེ་འདུས་བྱས་དང་འདུས་མ་བྱས་པའི་ཆོས་སྣ་ཚོགས་ཀྱི་མཚན་ཉིད་དང་གང་ཟག་ཏུ་སྒྲོ་བཏགས་པའི་བདག་གཉིས་པོ་དེ་ནི་ཀུན་བརྟགས་སོ།། ཀུན་བརྟགས་ཀྱི་བདག་གཉིས་པོ་དེས་གཞན་དབང་དུ་གྱུར་པའི་རྣམ་པར་ཤེས་པ་སྟོང་པ་ནི་ཡོངས་གྲུབ་ཏུ་བཞེད་དེ། མདོར་ན་ཀུན་བརྟགས་ཀྱི་ཆོས་རྣམས་ཀུན་རྫོབ་དང༌། གཞན་དབང་གི་རྣམ་ཤེས་དོན་དམ་ཡོངས་གྲུབ་ཏུ་འཇོག་པའོ།། ཞལ་འཕང་དཀྱུས་སུ་བསྟན་པ། གཉིས་པ་ཞལ་འཕང་དཀྱུས་སུ་བསྟན་པ་ནི། གྲུབ་མཐའི་དབྱེ་བ་གཞན་ཡང་ཤེས་པར་བྱ།། ཞེས་པ་སྟེ། སྔ་མའི་བྱེ་བྲག་གྲུབ་མཐའི་དབྱེ་བ་འདིར་ངོས་སུ་མ་གསུངས་པ་གཞན་ཡང་ཤེས་པར་བྱ་བ་ལ་བཞི་སྟེ། སེམས་ཙམ་རྣམ་བརྫུན་པ་དང་སྒོ་ང་ཕྱེད་ཚལ་བ་གཟུང་འཛིན་གྲངས་མཉམ་པ་སྣ་ཚོགས་གཉིས་མེད་དོ།། སེམས་ཙམ་རྣམ་བརྫུན་པ། དང་པོ་ནི་རྣམ་བདེན་པ་ལྟར་དོན་གྱི་རྣམ་པ་སེམས་སུ་བདེན་པར་འདོད་པའི་རྣམ་བཅས་ཀྱི་ཤེས་པ་མི་བདེན་པར་འདོད་པས་རྣམ་བརྫུན་པར་གྲགས་ཏེ། འདི་ལྟར་རྣང་བ་ཐམས་ཅད་མིག་བཙིར་བས་ཟླ་བར་གཉིས་སུ་སྣང་བ་དང༌། རབ་རིབ་ཅན་གྱི་མིག་ལ་མཁའ་ལ་སྐྲ་ཤད་སྣང་བ་ལྟར་དོན་ལ་མི་བདེན་ཀྱང་མེད་པ་གསལ་སྣང་ཙམ་དུ་འདོད་པ་སྟེ། གལ་ཏེ་རྣམ་བཅས་ཀྱི་ཤེས་པ་བདེན་པ་ཡིན་ན་གཟུགས་སོགས་ཡུལ་ཉེ་བར་མེད་ཀྱང་རྟག་པར་རིག་པར་འགྱུར་བས་མི་རིག་པའི་ཕྱིར་རྫུན་པས་ན། གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་དོན་གྱིས་ཁ་མ་བརྒྱུར་སྣང་བའི་དྲི་མས་མ་གོས་པ་དེ་ཉིད་དོན་དམ་བདེན་པར་འཇོག་པའོ།། མདོར་ན་རྣམ་བདེན་རྫུན་གཉིས་ཀྱི་ཁྱད་པར་སྔ་མས་རྣམ་པ་འདི་དག་ཐ་སྙད་ཤེས་པའི་རང་བཞིན་ཏུ་བདེན་པར་འདོད་པ་དང༌། ཕྱི་མས་བདེན་པ་མེད་པ་གསལ་སྣང་ཙམ་དུ་འདོད་པའི་ཁྱད་པར་རོ།། སྒོ་ང་ཕྱེད་ཚལ་བ། གཉིས་པ་སྒོ་ང་ཕྱེད་ཚལ་བས། དོན་གྱི་རྣམ་པ་གཟུང་བའི་ཡུལ་དང་འཛིན་པ་ཤེས་པ་གཉིས་སྒོ་ང་གཤག་པ་ལྟར་ཕྱེད་མར་བདེན་ཏེ། དེའང་རྣམ་པ་གཟུང་ཆར་བདཻན་ལ་ཤེས་པ་འཛིན་ཆར་བདེན་པར་འདོད་པའོ།། གཟུང་འཛིན་གྲངས་གཉམ་པ། གསུམ་པ་གཟུང་འཛིན་གྲངས་གཉམ་པས། དཀར་དམར་ལ་སོགས་པའི་རྫས་ཐ་དད་པའི་གཟུང་བའི་རྣམ་པ་ཇི་སྙེད་པ་ལྟར་འཛིན་པའི་ཤེས་པའང་རྫས་ཐ་དད་པ་དེ་སྙེད་དུ་གྲངས་མཉམ་ཞིང༌། སྣང་ཡང་དཀར་དམར་སྣ་ཚོགས་དུ་མར་སྣང་ལ། བདེན་ཡང་དེ་རྣམས་རྫས་སོ་སོར་བདེན་པ་ལྟར་སྣང་མཁན་དབང་ཤེས་ཀྱང་རྫས་དུ་མའི་ངོ་བོར་བདེན་པར་འདོད་དོ།། སྣ་ཚོགས་གཉིས་མེད་པ། བཞི་པ་སྣ་ཚོགས་གཉིས་མེད་པས། ཤེས་པ་གཅིག་ཁོ་ན་དཀར་དམར་སོགས་སུ་སྣང་བ་ཡིན་པས་ན། སྣང་བ་སྣ་ཚོགས་དུ་མར་སྣང་ཡང་ཐམས་ཅད་ཤེས་པ་ཆ་མེད་ཀྱི་ངོ་བོར་བདེན་པས་གཉིས་མེད་པར་འདོད་དོ།། འདི་དག་གི་སྒོམ་སྤྱོད་འབྲུས་རྣམས་ནི་ཐེག་པ་ཆེན་པོ་པ་ཡིན་པས་དབུ་མ་བ་དང་འདྲའོ།། །། དབུ་མ་པ། བཞི་པ་དབུ་མ་པ་ལའང༌། དང་པོ་ཐལ་རང་འཛིན་པ་རྣམས་ཀྱི་ཕྱི་མོ་ནི། བཀའ་བར་པ་མཚན་ཉིད་མེད་པར་བསྟན་པ་ཤེས་ཕྱིན་གྱི་དགོངས་པ་པ་དང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རིག་ཚོགས་དྲུག་གི་དགོངས་པའི་རྗེས་སུ་འབྲངས་པ། སངས་རྒྱས་བསྐྱངས། ཀླ་བ་གྲགས་པ། རིགས་པའི་ཁུ་བྱུག ཞི་བ་ལྷ་ལ་སོགས་པ་ལ་བརྟེན་ནས་རིམ་པར་བྱུང་པ་ཐལ་འགྱུར་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་གཞུང་ལ་དགོངས་པ་འགྲེལ་ཚུལ་གྱི་དབང་གིས་ཁྱད་པར་ཅུང་ཟད་བྱུང་བ་ལ་བརྟེན་ཏེ། དབུ་མ་རང་རྒྱུད་པ་ཞལ་གྱིས་བཞེས་པའི་སློབ་དཔོན་བྷ་བྱ་སྟེ་ལེགས་ལྡན་བྱེད་དང༌། དེ་ཡི་སྲོལ་འཛིན་དཔལ་སྦས། ཡེ་ཤེས་སྙིང་པོ། ཞི་བ་འཚོ་སྟེ་རང་རྒྱུད་པའི་ཤར་གསུམ་མཁན་པོར་གྲགས་པ་དང་གཞན་ཡང༌། ཀ་མ་ཤཱི་ལ། གྲོལ་སྡེ། སེངྒེ་བཟང་པོ། ཡེ་ཤེས་ཞབས། མར་མེ་མཛད་ལ་སོགས་པ་ལ་བརྟེན་ཏེ་རིམ་པར་འབྱུང་པའོ།། ཁྱད་པར་དུ་ངེས་དོན་འཁོར་ལོ་ཐ་མ་ཕྱིར་མི་ལྡོག་པ་འཇིགས་མེད་རྟག་པའི་ལམ་བསྟན་པ་རྣམས་དང༌། དེ་དག་གི་ངེས་པའི་དོན་གཅིག་ཏུ་བསྡུས་པ་རྒྱལ་ཚབ་ས་བཅུའི་དབང་ཕྱུག་གི་གསུང་ཐེག་པ་ཆེན་པོ་རྒྱུད་བླ་མ་དང༌། འཕགས་པ་ཐོགས་མེད་སྐུ་མཆེད་གྱི་གསུང་གི་ཟབ་དོན་རྣམས་དང༌། མགོན་པོ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ཀྱི་གཞུང་རྣམས་དང༌། དཔལ་དུས་ཀྱི་འཁོར་ལོ་སོགས་སྔགས་རྒྱུད་རྣམས་དང༌། དེ་ཡི་དགོངས་འབྲེལ་གསལ་བྱེད་སེམས་འགྲེལ་སྐོར་གསུམ་སོགས་དགོངས་པའི་ཟབ་དོན་གཅིག་ཏུ་བབ་པ་རྣམས་ལ་བརྟེན་ཏེ༌། ངེས་དོན་དབུ་མ་གཞན་སྟོང་དུ་གྲགས་པ་ཉིད་བྱུང་བ་ཡིན་ནོ།། དེ་དག་གི་ཚུལ་ཅུང་ཟད་རྒྱས་པར་འཆད་པ་ལ་ལྔ་སྟེ། རྣམ་གྲངས་མདོར་བསྟན་པ། དབུ་མ་པ་སྤྱི་ཡི་བདེན་གཉིས་འཇོག་ཚུལ། དབུ་མ་རང་རྒྱུད་པའི་ལུགས། ཐལ་འགྱུར་པའི་ལུགས། དབུ་མ་གཞན་སྟོང་གི་ཚུལ་འཆད་པ་དང་ལྔའོ།། རྣམ་གྲངས་མདོར་བསྟན་པ། དང་པོ་ནི། དབུ་མ་པ་ལ་རང་སྟོང་གཞན་སྟོང་གཉིས།། རང་སྟོང་སྨྲ་ལའང་ཐལ་འགྱུར་རང་རྒྱུད་གཉིས།། ཞེས་པ་སྟེ། སྤྱིར་དབུ་མ་པ་ལ་སྟོང་ཚུལ་གྱི་དབང་དུ་བྱས་ན། ཆོས་ཅན་ཏེ་ཤེས་བྱའི་ཆོས་ཐམས་ཅད་ལ་དཔྱད་ན་རང་བཞིན་ནམ་ངོ་བོས་མི་སྟོང་པ་གང་ཡང་མེད་པས་ན་ཐམས་ཅད་རང་སྟོང་དུ་འདོད་པ་དང༌། སྟོང་གཞི་བདེ་བར་གཤེགས་པའི་སྙིང་པོ་ཉིད་རང་བཞིན་རྣམ་དག་ཡིན་ཀྱང༌། གཞན་ཀུན་རྫོབ་གློ་བུར་འཁྲུལ་པའི་དྲི་མས་སྟོང་པས་གཞན་སྟོང་དུ་འདོད་པ་དང་གཉིས་བྱུང་ལ། དང་པོ་རང་སྟོང་སྨྲ་བ་དེ་ལའང་ནང་གསེས་ཀྱི་དབྱེ་བ་གཉིས་ཏེ། སྐྱེ་མེད་དང་སྟོང་པ་ཉིད་ལ་སོགས་པ་གཞན་གྱི་ལོག་རྟོག་དགག་པའི་གཞན་ངོ་འབའ་ཞིག་ཏུ་ཁས་ལེན་ཅིང༌། རང་གི་ལྟ་བ་ཁས་ལེན་ཀུན་བྲལ་གྱི་ཡོད་པ་དང་མེད་པའི་ཕྱོགས་ཐམས་ཅད་ཐལ་འགྱུར་གྱིས་འཇིག་པར་བྱེད་པའི་ཕྱིར་ན་ཐལ་འགྱུར་བར་གྲགས་ཏེ། ཇི་སྐད་དུ། ཐལ་འགྱུར་པ་ལ་ཚད་མའི་ཁས་ལེན་མེད། །གཞན་ཀྱི་འདོད་པར་ཐལ་ངག་འཕེན་པར་བྱེད།། ཅེས་པ་ལྟར་རོ།། ཡང་དེ་ཡི་བྱེ་བྲག་རང་རྒྱུད་པས་ནི། ཐ་སྙད་དུ་ཆོས་ཐམས་ཅད་སྐྱེ་བ་མེད་པ་སྟོང་པ་ཉིད་ལ་སོགས་པ་རང་རང་གི་ལུགས་ཇི་ལྟ་བ་བཞིན་དུ་ཁས་བླངས་ནས། ཚུལ་གསུམ་དངོས་སྟོབས་ཀྱིས་གྲུབ་པའི་རང་རྒྱུད་ཀྱི་གཏན་ཚིག་གཙོ་བོར་སྒྲུབ་བྱེད་དུ་འགོད་པའི་ཕྱིར་རང་རྒྱུད་པར་གྲགས་པ་སྟེ་ནང་གསེས་གཉིས་སོ།། དེའང་ཞར་ལ་ཚུལ་གསུམ་གྱི་མཚན་ཉིད་མདོ་ཙམ་སྨོས་པ་ལ། དང་པོ་རྟགས་གསལ་གྱི་མཚན་ཉིད་ནི། དཔེར་ན། བུམ་པ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། ལྟ་བུའི་བུམ་པ་ནི་རྩོད་གཞིའམ་ཆོས་ཅན། དེ་མི་རྟག་པ་ནི་བསྒྲུབ་བྱའམ་གསལ་བ། བྱས་པ་ནི་རྟགས་སམ་གཏན་ཚིག་གོ། དེ་ཡང་ཚུལ་དང་པོ་ཕྱོགས་ཆོས་ཞེས་བྱ་བ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ལྟ་བུ་ལ་མཚོན་ན་རྟགས་བྱས་པ་དེ་ཉིད་ཆོས་ཅན་སྒྲ་དང་བསྒྲུབ་བྱ་མི་རྟག་པའི་ཕྱོགས་ཀྱི་ཆོས་སུ་གྲུབ་པས་ན་ཕྱོགས་ཆོས་ཞེས་བྱའོ།། ཚུལ་གཉིས་པ་རྗེས་འགྲོ་ནི། མདུན་གྱི་ཀ་བ་ཆོས་ཅན། བྱས་པ་ཡིན་པའི་ཕྱིར། མི་རྟག་པ་ཡིན་པས་ཁྱབ། ལྟ་བུ་ལ་རྟགས་བྱས་པ་དེ་ཉིད་ཀྱི་རྗེས་སུ་ཆོས་ཅན་ཀ་བ་དང་བསྒྲུབ་བྱ་མི་རྟག་པའི་ཁྱབ་པ་འགྲོ་པས་རྗེས་འགྲོ་ཞེས་བྱའོ།། ཚུལ་གསུམ་པ་ལྡོག་པ་ཞེས་བྱ་བ་ནི། ནམ་མཁའ་ཆོས་ཅན་མི་རྟག་པ་མ་ཡིན་པས་ན། བྱས་པ་དེ་ཡང་མི་འབྱུང་ལྟ་བུ་གང་བསྒྲུབ་བྱའི་ཆོས་མི་རྟག་པ་མིན་པ་དང༌། ཆོས་ཅན་ནམ་མཁའི་དངོས་པོ་ལོག་པའམ་མེད་པ་ཡིན་ན། རྟགས་བྱས་པ་དེ་ཡང་ལྡོག་པ་སྟེ་ཡོད་མི་སྲིད་པས་ན་ལྡོག་པ་ཞེས་བྱའོ།། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ནི། བྱས་པའི་རྟགས་ལ་བརྟེན་ཏེ་སྒྲ་མི་རྟག་པར་རྟོགས་པ་ལྟ་བུའོ།། དབུ་མ་སྤྱིའི་བདེན་གཉིས་འཇོག་ཚུལ། གཉིས་པ་དབུ་མ་པ་སྤྱི་ཡི་བདེན་གཉིས་འཇོག་ཚུལ་ནི། ཀུན་རྫོབ་ཆོས་ཅན་སྒྱུ་མ་ལྟ་བུ་དང༌།། དོན་དམ་ཆོས་ཉིད་བརྗོད་པ་ལས་འདས་པའི།། སྤྲོས་བྲལ་འདོད་པ་དབུ་མ་སྤྱི་ཡི་ལུགས།། ཞེས་པ་སྟེ། འདི་ལྟར་ཀུན་རྫོབ་ཆོས་ཅན་གྱི་སྣང་བ་ནི་དཔེར་ན་སྒྱུ་མ་མཁན་གྱི་རྟ་གླང་ལྟ་བུ་ལས་དོན་དུ་མེད་ཀྱང་རྟེན་འབྲེལ་ཙམ་དུ་སྟོང་བཞིན་དུ་སྣང་པ་དང༌། དོན་དམ་ཆོས་ཉིད་དེ་བཞིན་ཉིད་ནི་ཐ་སྙད་བརྗོད་པའི་བློ་ཡི་ཡུལ་ལས་འདས་པའི། སྐྱེ་འགག་རྟག་ཆད་འགྲོ་འོང་གཅིག་དང་དུ་མ་སྟེ་སྤྲོས་པའི་མཐའ་བརྒྱད་བྲལ་བར་འདོད་པ་ནི་དབུ་མ་སྤྱི་ཡི་ལུགས་སོ།། དབུ་མ་རང་རྒྱུད་པ། གསུམ་པ་དབུ་མ་རང་རྒྱུད་པ་ནི། རང་རྒྱུད་པ་རྣམས་ཀུན་རྫོབ་ཡང་ལོག་དང༌།། ཐ་སྙད་ཚད་གྲུབ་གཞན་སྐྱེ་འདོད་པ་སོགས།། ཁྱད་པར་ཅུང་ཟད་ཙམ་ལས་དོན་དམ་མཚུངས།། ཞེས་པ་སྟེ། རང་རྒྱུད་པའི་ལྟ་བ་འཛིན་པའི་སློབ་དཔོན་རྣམས་ཀྱི་བཞེད་ཚུལ་བྱེ་བྲག་ལ། ཀུན་རྫོབ་ལའང་གཉིས་ཏེ། སྣང་བ་དང་བཐུན་པར་དོན་བྱེད་ནུས་པ། རྒྱུ་ལས་སྐྱེས་པ། བརྟགས་པས་དབེན་པ། རང་རང་གི་རིགས་ལ་མཐུན་པར་སྣང་བ་སྟེ་མཚན་ཉིད་བཞི་དང་ལྡན་པའི་གཟུགས་ལ་སོགས་པའི་ཆོས་ནི་ཡང་དག་པའི་ཀུན་རྫོབ་དང༌། སྣང་ཡང་དོན་བྱེད་མི་ནུས་པ་སྒྱུ་མའི་རྟ་གླང་དང་རྨི་ལམ་གྱི་སྣང་བ་དང་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལོག་པའི་ཀུན་རྫོབ་དང་གཉིས་སུ་འདོད་ཅིང༌། ཐ་སྙད་དུ་ཚད་མས་གྲུབ་པ་ས་བོན་ལས་མྱུ་གུ་འབྱུང་བ་ལྟ་བུ་གཞན་སྐྱེ་དང་དཔེ་སོགས་ཀྱིས་གྲུབ་པའི་རང་ལུགས་འགའ་ཞིག་ཀྱང་འདོད་དེ། རང་ལུགས་ཀྱིས་གྲུབ་པ་གཞན་གྱིས་འདོད་པའི་རྟགས་ཀྱིས་བསྒྲུབ་པར་མི་ནུས་པར་འདོད་པའོ།། སོགས་ཁོངས་ནས་ཕྱི་དོན་འདོད་ཚུལ་རྣལ་འབྱོར་སྤྱོད་པ་དང་མཚུངས་པ་དང༌། སྟོང་ཉིད་ལ་ཡང་ཆོས་ཀུན་གྱི་བདེན་གྲུབ་ཙམ་ཁེགས་པའི་མེད་དགག་གིས་སྤྲོས་པ་ཕྱོགས་རེ་བཅད་པ་རྣམ་གྲངས་པའི་སྟོང་ཉིད་དང༌། གཟུང་འཛིན་གཉིས་མེད་ཀྱི་ཡེ་མེད་རང་བཞིན་ཀྱིས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རྣམ་གྲངས་མིན་པའི་སྟོང་ཉིད་དང་གཉིས་སུ་བཞེད་པའི་ཁྱད་པར་ཅུང་ཟད་ཙམ་ལས། མཐར་ཐུག་དོན་དམ་གྱི་འཇོག་ཚུལ་ནི་རང་སྟོང་པ་དང་མཚུངས་སོ།། དབུ་མ་ཐལ་འགྱུར་པ། བཞི་པ་དབུ་མ་ཐལ་འགྱུར་པ་ནི། ཀུན་རྫོབ་ཡིན་ན་ཡང་དག་མེད་པ་དང༌།། དོན་དམ་དཔྱད་མཐར་འཇོག་པ་ཐལ་འགྱུར་ལུགས།། ཞེས་པ་སྟེ། དེའང་བློས་བྱས་བརྡར་བཏགས་ཀུན་བརྟགས་ཀྱི་ཆོས་ཇི་སྙེད་པ་ཐམས་ཅད་ནི་ཀུན་རྫོབ་སྟེ། ཀུན་རྫོབ་ཡིན་ན་དེ་ལ་ཡང་དག་པའི་དོན་དམ་མེད་པར་བཞེད་པ་དང༌། ཀུན་རྫོབ་ཀྱི་ཆོས་དེ་དག་ཐམས་ཅད་ལ་དཔྱད་ན་དེ་དག་གི་སྐྱེ་བའི་ངོ་བོ་གང་ཡང་མ་གྲུབ་སྟེ། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་སྐྱེས་ལས་གྱུར་པ་དེ་མ་སྐྱེས། །དེ་ཕྱིར་སྐྱེས་བའི་རིང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད།། ཅེས་པ་སྟེ། ཆོས་གང་ཞིག་རྐྱེན་ལས་སྐྱེས་པ་དེ་གདོད་ནས་མ་སྐྱེས་ལ། དེ་ཡི་ཕྱིར་ན་དེ་དག་གི་སྐྱེ་བའི་ངོ་བོའམ་རང་བཞིན་གང་ཡང་བརྟགས་ན་ཡོད་པ་མ་ཡིན་ཏེ་ངོ་བོ་ཉིད་ཀྱིས་སྐྱེ་བར་ཡོད་ན་རྐྱེན་གང་ལ་ཡང་མ་ལྟོས་པར་སྐྱེ་བར་འགྱུར་པས། ཆོས་ཐམས་ཅད་རྐྱེན་ལ་རག་ལས་པའི་ཕྱིར་ན། གང་དེ་དག་གི་སྐྱེ་བའི་རང་བཞིན་ཀྱང་མ་གྲུབ་པའི་ཕྱིར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསུངས་སོ།། དེ་བཞིན་དུ་དབུ་མ་རྩ་ཤེས་ལས་ཀྱང༌། དངོས་པོ་ངོ་བོ་ཉིད་མེད་དོ། །གང་ཕྱིར་དངོས་རྣམས་སྟོང་པ་ཉིད།། ཅེས་གསུངས་པ་རྣམས་ལ་བརྟེན་ཏེ། གཞན་ཡང་དོན་དམ་ནི་རིགས་ཆེན་ལྔས་རྣམ་པར་དཔྱད་པའི་དཔྱད་མཐར་བཙལ་བས་མ་རྙེད་པའི་སྟོང་ཉིད་ཁས་ལེན་ཀུན་དང་བྲལ་པའི་ཚུལ་ལ་འཇོག་པ་སྟེ། ཀུན་བརྟགས་པའི་ཆོས་རྣམས་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་དབང་གི་ཆོས་རྣམས་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཡོངས་གྲུབ་དོན་དམ་ངོ་བོ་ཉིད་མེད་པ་ལ་དགོངས་ཏེ་མཚན་ཉིད་གསུམ་ལྡེམ་པོར་བརྟན་པ་ཉིད་སྒྲ་ཇི་བཞིན་པར་ཞལ་གྱིས་བཞེས་པ་ནི་དབུ་མ་ཐལ་འགྱུར་པའི་ལུགས་སོ།། དེ་ཡང་རིགས་ཆེན་ལྔ་ནི། དང་པོ་རྒྱུ་ལ་དཔྱོད་པ་དངོས་སྨྲའི་བྲག་རི་འཇིག་པ་རྡོ་རྗེ་གཟེགས་མ་ནི། མྱུ་གུ་ལྟ་བུའི་ཆོས་རྣམས་ཆོས་ཅན། གང་སྐྱེད་བྱེད་རྒྱུ་ལས་སྐྱེ་བ་བདེན་པར་མེད་དེ། བདག་ལས་སྐྱེ་ན་བདག་གི་བདག་ཉིད་དུ་གྲུབ་ཟིན་པ་ལ་སླར་སྐྱེ་བའི་དགོས་པ་མེད་དེ་བུ་བཙས་ཟིན་པ་སླར་བཙའ་མི་དགོས་པ་བཞིན་དང༌། གལ་ཏེ་ཡང་ཡང་སྐྱེ་ན་ཐུག་མེད་དུ་འགྱུར་ལ། གཞན་ལས་གཞན་སྐྱེ་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་རུང་བས་བྱེ་མ་ལས་ཀྱང་མར་འབྱུང་བར་རིགས་ལ། བདག་གཞན་གཉིས་ཀ་ལས་སྐྱེ་ན་བདག་ལས་སྐྱེ་བ་མ་གྲུབ་པས་ན་གཉིས་ཀ་ལས་སྐྱེ་བ་དེ་ཡང་མ་གྲུབ་ལ། རྒྱུ་མེད་པ་ལས་སྐྱེ་ན་ཉི་མ་ལས་ཀྱང་མུན་པ་འབྱུང་བར་རིགས་པའི་ཕྱིར། དཔེར་ན་སྣང་ཙམ་ལས་མ་སྐྱེས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། དབུ་མ་རྩ་ཤེས་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་སྐྱེས་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན།། ཅེས་གསུངས་པ་ལྟར་རོ།། གཉིས་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ནི། མྱུ་གུ་ལྟ་བུའི་ཆོས་རྣམས་ཆོས་ཅན། གང་བསྐྱེད་བྱའི་འབྲས་བུ་ཡོད་པ་ལས་སྐྱེ་བ་བདེན་པར་མེད་ན་ས་བོན་གྱི་སྐབས་ཡོད་པ་ཉིད་སྐྱེ་ན་འབྲས་བུ་ས་བོན་ལས་མ་སྐྱེས་པ་དང༌། རྒྱུ་ལ་མ་ལྟོས་པར་གྲུབ་ཟིན་པས་རྒྱུ་ཡི་དགོས་པ་མེད་པའི་ཕྱིར་དང༌། གང་དངོས་འབྲས་མེད་པ་དག་རྒྱུ་གང་གིས་ཀྱང་སྐྱེད་པར་མི་ནུས་ཏེ། དཔེར་ན་ནམ་མཁའི་པདྨོ་དང་རི་བོང་རྭ་བཞིན་ཏེ། རིགས་པ་དྲུག་ཅུ་པ་ལས། ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པ་ནམ་མཁའི་པདྨོ་བཞིན། ཞེས་པ་ལྟར་རོ།། གསུམ་པ་རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞིའི་སྐྱེ་འགོག་ནི། མྱུ་གུ་ལྟ་བུའི་ཆོས་རྣམས་ཆོས་ཅན། རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་པ་དང༌། དེ་བཞིན་དུ་མས་དུ་མ། གཅིག་གིས་དུ་མ། གཅིག་གིས་གཅིག་སྐྱེད་པའི་མུ་བཞིའི་སྐྱེ་བ་བདེན་པར་མེད་དེ། རིགས་ངོར་གཅིག་ཉིད་མི་རིགས་པས་ན་དེ་ཚོགས་པའི་དུ་མ་སོགས་ཀྱི་བདེན་གྲུབ་རྣམས་ཀྱང་མ་གྲུབ་པའི་ཕྱིར། དཔེར་ན་ཕན་ཚུན་ལྟོས་གྲུབ་གྱིས་བཏགས་པ་ཤར་ནུབ་དང་རིང་ཐུང་མཐོ་དམན་ལྟ་བུ་སྟེ། དབུ་མ་བདེན་གཉིས་ལས། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མའང་བྱེད་པ་མིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་ཉིད་བྱེད་པའང་མིན།། ཅེས་པ་ལྟར་རོ།། བཞི་པ་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་ནི། ཕྱི་ནང་གི་དངོས་པོ་འདི་དག་ཆོས་ཅན། དོན་དམ་པར་བདེན་པ་མེད་དེ་ཆོས་གང་ལ་ཡང་གཅིག་ཏུ་བདེན་པའི་ངོ་བོ་མ་གྲུབ་ལ། དེ་མ་གྲུབ་པས་གཅིག་ལས་བརྩམས་པའི་དུ་མ་བདེན་གྲུབ་ཀྱང་ཁེགས་པའི་ཕྱིར། དཔེར་ན་གདགས་གཞི་ཆོས་དུ་མ་ལ་གཅིག་ཏུ་བཏགས་པ་ཙམ་ལས་ཆ་བསལ་ན་གཅིག་བདེན་མེད་པ་འདུས་པའི་ཕུང་པོ་དང་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། སྟོང་ཉིད་བདུན་ཅུ་པ་ལས། གཅིག་མེད་པར་ནི་མང་པོ་དང༌། །མང་པོ་མེད་པར་གཅིག་མི་འཇུག །དེ་ཕྱིར་རྟེན་པས་དངོས་པོ་རྣམས། །འབྱུང་བ་མཚན་མ་མེད་པ་ཡིན།། ཅེས་པ་ལྟར་ཏེ་འདི་ནི་ནང་པའི་གྲུབ་མཐའ་སྨྲ་པ་ཐམས་ཅད་ཀྱི་དགག་བྱ་ཆོས་བདག་འགོག་པའི་རིགས་པའི་རྩ་བ་སྟེ། དེའང་གཟུགས་ཅན་རྡུལ་དུ་གྲུབ་པ་ཐམས་ཅད་གཞི་རྡུལ་ཕྲ་རབ་ཀྱི་བར་དུ་གསིལ་ན་གཅིག་བདེན་མི་འགྲུབ་པ་བཞིན་ཏུ་ཀུན་ལ་ཤེས་པར་བྱའོ།། ལྔ་པ་རྟག་ཆད་ཀྱི་མཐའ་བསལ་བའི་རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་པོ་ནི། ཕྱི་ནང་གི་དངོས་པོ་འདི་དག་ཆོས་ཅན། དོན་དམ་པར་ཡོད་པ་མ་ཡིན་ཏེ་རྟེན་འབྲེལ་ཙམ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཐ་སྙད་དུ་མེད་པ་མ་ཡིན་ཏེ་སྲ་གཤེར་དྲོ་སོགས་ཀྱི་ཆོས་ཉིད་རྟེན་འབྲེལ་ཙམ་དུ་སྣང་བའི་ཕྱིར་མཐའ་གཉིས་ལས་གྲོལ་བ་སྟེ། དབུ་མ་རྩ་ཤེས་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པས། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ།། ཞེས་གསུངས་པ་ལྟར་རོ།། གཞན་ཡང་གང་ཟག་གི་བདག་འགོག་པ་རྣམ་བདུན་དཔྱོད་པ་ཤིང་རྟའི་རིགས་པ་ནི། འདི་ལྟར་ཡན་ལག་ཚོགས་པའི་ཤིང་རྟ་ཆོས་ཅན། བཏགས་པ་བ་སྟེ། ཤིང་རྟའི་འཕང་ལོ་སོགས་ཡན་ལག་དང་ཤིང་རྟ་ཉིད་གཅིག་པ་ཡང་མ་ཡིན། རང་གི་ཡན་ལག་རྣམས་རང་ལས་གཞན་དུའང་མ་གྲུབ། དེ་ན་ཡན་ལག་དང་ཡན་ལག་ཅན་གཉིས་ཕན་ཚུན་ལྡན་པའང་མ་ཡིན། ཡན་ལག་ལ་ཡན་ལག་ཅན་ཤིང་རྟ་གནས་པ་དང༌། ཡན་ལག་ཅན་ལ་ཡན་ལག་འཕང་ལོ་སོགས་གནས་པའང་མ་གྲུབ། ཡན་ལག་ཚོགས་པ་དང་ཚོགས་པའི་དབྱིབས་གཉིས་ཀ་གཞན་པའི་རྫས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ན། རྣམ་པ་བདུན་དུ་དཔྱད་ན་བརྟགས་དོན་ཤིང་རྟ་ཉིད་དམིགས་སུ་མེད་དེ། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་རྟེན་ཏེ། །ཀུན་རྫོབ་སེམས་ཅན་ཞེས་བྱའོ།། ཞེས་གསུངས་པ་ལྟར་གང་ཟག་གི་བདག་ཀྱང་ཕུང་པོའི་ཚོགས་པ་ལ་བརྟེན་ནས་བཏགས་ཀྱི་དེ་ལྟར་རྣམ་པ་བདུན་དུ་དཔྱད་ན་བདག་ཀྱང་མི་འགྲུབ་པོ།། སྐབས་བསྡུ་པ་ནི། དང་པོ་རྣལ་འབྱོར་སྤྱོད་དང་ཕྱི་མ་ནི།། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མར་གྲགས།། འདི་གཉིས་ངོ་བོ་ཉིད་མེད་སྨྲ་བའི་ལུགས།། འཁོར་ལོ་བར་པ་རིགས་ཚོགས་རྗེས་འབྲང་བཞེད།། ཅེས་པ་སྟེ། དེ་ལྟར་དང་པོ་དབུ་མ་རང་རྒྱུད་པས་ནི། ཕྱི་དོན་འདོད་ཚུལ་རྣལ་འབྱོར་སྤྱོད་པ་དང་མཚུངས་པས་མིང་དུ་རྣལ་འབྱོར་སྤྱོད་པ་ཞེས་དང་ཕྱི་མ་ཐལ་འགྱུར་བ་རྣམས་ཀྱིས་ནི་ཐལ་སྙད་དུ་མངོན་རྗེས་ཚད་མས་གྲུབ་པ་རྣམས་འཇིག་རྟེན་ལ་གྲགས་པ་འབའ་ཞིག་ལྟར་ཕྱི་དོན་འདོད་པའི་སྡེ་པ་ཡིན་པས་ན་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མར་གྲགས་ལ། འདི་གཉིས་ཀས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བཞེད་པས་ན་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཞེས་བྱ་སྟེ། འཁོར་ལོ་བར་པ་མཚན་ཉིད་མེད་པ་དང༌། སློན་དཔོན་ཀླུ་སྒྲུབ་ཞབས་ཀྱི་དབུ་མ་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ། སྟོང་ཉིད་བདུན་ཅུ། རྩོད་བཟློག ཞིབ་མོ་རྣམ་འཐགཐ་སྙད་༼ཕྱིས་སུ་རིན་ཆེན་ཕྲེང་བ་བརྩི་༽གྲུབ་པ་བཅས་རིགས་ཚོགས་དྲུག་གི་དགོངས་ པའི་རྗེས་སུ་འབྲང་པར་བཞེད་དོ།། ལུགས་འདིར་གཞན་ཡང་གནས་ལུགས་གཞལ་ཚུལ་ལ་བློ་ཡི་རྩལ་ཆེ་ཆུང་དབང་ གིས་མང་དུ་བྱུང་སྟེ། དབུ་མ་སྒྱུ་མ་རིགས་གྲུབ་པས་ནི་འདི་ལྟར་སྣང་བའི་ཀུན་རྫོབ་དག་བརྟགས་ན་མ་གྲུབ་པའི་ཕྱིར། སྣང་ཡང་མི་བདེན་པ་སྒྱུ་མ་ལྟ་བུ་ཡིན་ཏེ་དེ་ནི་ཆོས་ཀྱི་གནས་ལུགས་ཡིན་པས་གཞི་ལམ་འབྲས་བུའི་སྐབས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འདོད་པ་སྟེ། འདིས་ཀྱང་ཐེག་ཆེན་ལུགས་ཀྱི་རྗེས་ཀྱི་ངེས་པ་ཙམ་ལས་སྤྲོ་བྲལ་ཇི་བཞིན་གཏན་ལ་མ་ཕེབས་པར་གསུངས་སོ།། སྟོང་པ་རབ་ཏུ་མི་གནས་པའི་དབུ་མ་པས་ནི། ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དཔྱད་ན་མི་བདེན་པས་དེ་ཉིད་ཁེགས་པའི་སྟོང་པ་ཕྱང་ཆད་ཉིད་གནས་ལུགས་སོ་སྙམས་ཏེ་དོན་དམ་དུ་འདོད་ཀྱང༌། སྣང་བ་ཉིད་ཡེ་ནས་སྟོང་བཞིན་དུ་སྣང་བའི་སྟོང་ཉིད། མཐའ་བྲལ་མ་ཤེས་པར་ཀུན་རྫོབ་ཁེགས་པའི་སྟོང་རྐྱང་ལ་སྟོང་པར་འཛིན་པས་མཐར་འཛིན་དུ་ལྷུང་བར་གསུངས་སོ།། རྒྱུན་ཆད་རབ་ཏུ་མི་གནས་པའི་དབུ་མ་པས་ནི། དོན་དམ་སྟོང་པར་འདོད་པ་བཤད་མ་ཐག་པ་ལྟར་ལ། རྣམ་རྟོག་ཡོད་ཀྱི་རིང་ལ་ཚོགས་བསགས་པའང་ཡོད། དེ་ཡི་འབྲས་བུ་ཡེ་ཤེས་ཀྱང་ཡོད། མཐར་རྣམ་རྟོག་ཆད་ནས་ཡེ་ཤེས་ཀྱང་རྒྱུན་ཆད་པར་འདོད་དེ། འདིས་ཀྱང་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་སྣང་སྟོང་ཉིད་ཡེ་ནས་འདུ་འབྲས་མི་སྲིད་པས་ཆོས་དབྱིངས་མཐའ་བྲལ་གྱི་སྟོང་ཉིད་མ་རྟོགས་པར་གསུངས་ལ། བཏང་སྙོམས་རབ་ཏུ་མི་གནས་པའི་དབུ་མ་པས་ནི་ཡོད་པ་དང་མེད་པའི་ཕྱོགས་ཇི་ལྟར་ཁས་བླངས་ཀྱང་སྒྲོ་བཏགས་ལས་མ་འདས་པས། སྒྲོ་འདོགས་དེ་ཡང་དཔྱད་ན་མ་གྲུབ་པས་འདི་ཞེས་ཁས་ལེན་དང་དམིགས་པ་གང་ཡང་མེད་པར་བཏང་སྙོམས་སུ་བཞག་པ་སྟེ། སྤྱིར་གནས་ལུགས་ཉིད་ཐ་སྙད་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་བདེན་མོད་ཀྱི་གང་དུ་ཁས་བླངས་པ་རིགས་པས་སུན་ཕྱུང་བའི་དོགས་པས་སུན་ཕྱུང་བའི་དོགས་པ་ཙམ་ཞིག་ལ་བརྟེན་ཏེ། ཁས་ལེན་དང་དམིགས་པ་ཐམས་ཅད་བཏང་སྙོམས་སུ་བཞག་པ་ཙམ་གྱིས་གནས་ལུགས་ཇི་བཞིན་པ་གཏན་ལ་མི་ཕེབས་པར་གསུངས་སོ།། ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་པས་ནི། ཆོས་ཐམས་ཅད་ཡེ་ནས་སྣང་སྟོང་འདུ་འབྲལ་མེད་པར་འདོད་པའི་ཕྱིར། དེ་དག་ཀུན་གྱི་རྩེ་མོར་གྱུར་པ་སྟེ། དེའང་ཆོས་ཐམས་ཅད་ཐ་སྙད་ཀྱི་དཔྱད་ངོར་ངོ་བོས་མི་སྟོང་པ་འགའ་ཡང་མེད་པའི་ཕྱིར་ན། ལང་གཤེགས་ལས། བློ་ཡིས་རྣམ་པར་དཔྱད་པ་ན། །གང་ཕྱིར་རང་བཞིན་མི་རིག་སྟེ། །དེ་ཕྱིར་དེ་དག་བརྗོད་དུ་མེད། །ངོ་བོ་ཉིད་ཀྱང་མེད་པར་བསྟན།། ཅེས་གསུངས་པ་ལྟར་ཐ་སྙད་ཀྱི་རིགས་ངོར་དེ་ལྟར་སྟོང་ཡང༌། ཐ་སྙད་ཀྱི་སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་རྣམས་ནི་ཡེ་ནས་སྟོང་བཞིན་དུ་སྣང་བ་ཡིན་པས་ན། སྟོང་ཉིད་ལས་ལོགས་སུ་རྟེན་འབྲེལ་ལམ་སྣང་བ་མ་གྲུབ། རྟེན་འབྲེལ་ལས་ལོགས་སུ་སྟོང་ཉིད་མ་གྲུབ་པས་སྟོང་དང་རྟེན་འབྱུང་ཟུང་དུ་འཇུག་པའི་ཕྱིར། བཅོམ་ལྡན་འདས་ཀྱི་གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་དམ་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ།། ཞེས་གསུངས་པ་ལྟར་སྣང་སྟོང་ངམ་སྟོང་དང་རྟེན་འབྱུང་ཟུང་འཇུག་པའི་ཆོས་ཉིད་སྤྲོས་པ་མཐའ་དག་དང་བྲལ་པའི་རང་བཞིན་དུ་གནས་པ་ཉིད། གཟུང་འཛིན་བྲལ་པའི་འཕགས་པའི་སོ་སོར་རང་རིག་པའི་ཡེ་ཤེས་ཏེ་མི་རྟོག་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ནི་དོན་དམ་པའི་སྟོང་ཉིད་མ་འཁྲུལ་པ་ཡིན་པའི་གནད་ཀྱིས། རྗེ་བཙུན་ཙོང་ཁ་ཆེན་པོས་ཀྱང༌། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང༌། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་རྟོག་པ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་མི་རྟོགས་པས། །ནམ་ཞིག་རེས་འཇོག་མེད་པར་གཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིགས་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ཡིན།། ཞེས་གསུངས་པ་ལྟར། འཇམ་མགོན་ས་སྐྱ་པཎ་ཆེན་གྱིས་ཀྱང་སྟོང་ཉིད་མཐའ་བྲལ་བསྒྲུབ་ཅིང་ཟུང་འཇུག་ཏུ་ཉམས་སུ་བླང་ཞེས་གསུངས་ཤིང༌། དེས་ན་རྟེན་འབྲེལ་ཀྱི་སྣང་བ་ ཐབས་སྙིང་རྗེ་ཆེན་པོ་དང༌། ཤེས་རབ་སྟོང་པ་ཉིད་གཉིས་ཟུང་དུ་འཇུག་དགོས་པའི་དབང་གིས། གསང་བ་འདུས་པའི་རྒྱུད་ལས། རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཅིང༌། །ཤེས་རབ་གཅིག་པུ་ཉིད་ཀྱང་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས།། ཅེས་དང༌། ཀླུ་རྒྱལ་རྒྱ་མཚོས་ཞུས་པའི་མདོ་ལས། བདུད་ཀྱི་ལས་ནི་གཉིས་ཏེ། ཤེས་རབ་དང་བྲལ་བའི་ཐབས་དང༌། ཐབས་དང་བྲལ་པའི་ཤེས་རབ་སྟེ། བདུད་ཀྱི་ལས་སུ་ཤེས་པས་སྤང་བར་བྱའོ།། ཞེས་དང༌། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་དང༌། སྙིང་རྗེས་ཞི་ལ་མི་གནས་སོ།། ཞེས་དང༌། དཔལ་ས་སྐྱ་པའི་རབ་དབྱེ་ལས་ཀྱང༌། ཆོས་རྣམས་ཀུན་གྱི་རྩ་བ་ནི། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཐབས་དང་ཤེས་རབ་ཟུང་དུ་འཇུག །མདོ་རྒྱུད་ཀུན་ལས་རྒྱལ་པས་གསུངས།། ཞེས་གསུངས་པ་ལྟར་ལ། དེ་བཞིན་རང་ཅག་བཀའ་བརྒྱུད་ཀྱི་ཕྱོགས་ནས་ཀྱང༌། རྒྱལ་དབང་མི་བསྐྱོད་ཞབས་ཀྱིས་ཐལ་འགྱུར་བཞེད་ཀྱང༌། སྟོང་པ་རབ་ཏུ་མི་གནས་པའི་ཐལ་རྐྱང་ཙམ་གྱི་རྗེས་ཟློས་མིན་ཏེ། རྗེ་ཉིད་ཀྱི་ལྟ་མགུར་ལས། བློས་བྱས་སྟོང་པ་ཅང་མེད་པོ། །ཕར་བལྟས་སྟོང་པ་ཡིན་ནོ་ལོ། །ཚུར་བལྟས་སེམས་ཉིད་རིག་རིག་པོ། །གཅིག་ཏུ་འཛིན་པའི་རྦད་ཁམས་ཅན། །བཟང་ལེགས་ལེགས་འདྲ་བ་གཅིག་དེ་ན་མཆི། །ཁྱེད་སྒོམ་ཆེན་ཡོད་ན་དྲེད་ཀྱིས་དྭོགས།། ཞེས་གསུངས་པ་ལྟར་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཉིད་བཞེད་ཕྱིར་དེ་ནི་གནས་སྐབས་སུ་གྲུབ་མཐའི་འཇོག་ཚུལ་ཙམ་ལས། མཐར་ཐུག་གཞན་སྟོང་ཁོ་ནར་གནད་མཚུངས་པ་ཡིན་པ་ཤེས་པར་བྱའོ།། ལར་དེང་སང་ནི་སྟོང་པ་རབ་ཏུ་མི་གནས་པ་ཁོ་ན་ལས་གཞན་ཐམས་ཅད་ནོར་པར་འདོད་པ་ཤ་སྟག་ཞིག་སྣང་ངོ༌།། རྒྱུ་མཚན་དེ་དག་གི་ཕྱིར་ན། ཀུན་རྫོབ་རྟེན་འབྲེལ་གྱི་སྟང་བ་ལ་སྐུར་བ་མི་གདབ་པས་ཆད་མཐའ་ལས་གྲོལ་ཞིང༌། དོན་དམ་པའི་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་པས་རྟག་མཐའ་ལས་གྲོལ་བ་སྟེ་དེ་ཉིད་གཞི་དབུ་མ་བདེན་གཉིས་ཟུང་འཇུག་ཡིན་ནོ།། ཤེས་རབ་སྟོང་པ་ཉིད་ཀྱིས་ཆོས་གང་ལའང་མཚན་མར་མི་འཛིན་པས་རྟག་མཐའ་ལས་གྲོལ་ཅིང༌། ཐབས་སྙིང་རྗེ་ཆེན་པོས་གཞན་དོན་དུ་ཚོགས་གཉིས་བསགས་པས་ཆད་མཐའ་ལས་གྲོལ་བ་སྟེ་དེ་ཉིད་ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་ཡིན་ནོ།། སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཆོས་ཀྱི་སྐུ་བརྙེས་པས་རྟག་མཐའ་ལས་གྲོལ་ཅིང༌། སྐུ་དང་ཡེ་ཤེས་ཀྱི་རོལ་པར་སྣང་བའི་གཟུགས་སྐུ་གཉིས་ཀྱིས་གདུལ་བྱ་མཆོག་དམན་གྱི་དོན་འཁོར་བ་མ་སྟོང་གི་བར་མཛད་པ་ནི་འབྲས་བུའི་དབུ་མ་སྐུ་གཉིས་ཟུང་འཇུག་གོ། གྲུབ་མཐའ་མདོར་བསྡུས་ལས་སངས་རྒྱས་པའི་སྐབས་སོ།། ཞེས་པའི་སྐབས་དོན་གཉིས་པའི་མཇུག་ཉེ་བར་བསྡུས་པའོ།། །། དབུ་མ་གཞན་སྟོང་པ། ལྔ་པ་མདོ་སྔགས་མཚམས་སྦྱོར་ཀྱི་ལྟ་བ་དབུ་མ་ཀུན་གྱི་རྩེ་མོར་གྱུར་པ་ཟབ་མོ་གཞན་སྟོང་གི་དབུ་མའི་ཚུལ་འཆད་པ་ལ་བདུན་ཏེ། ཐོག་མར་ཆོས་ཀུན་རང་བཞིན་གསུམ་དུ་བསྡུ་ཚུལ། སྟོང་ཉིད་ཀྱི་དབྱེ་བ་བསྟན་པ། བདེ་བར་གཤེགས་པའི་སྙིང་པོ་སྔགས་ཀྱི་ཁྱད་ཆོས་ཀྱིས་བརྒྱན་ཏེ་བཤད་པ། རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་བསྟན་པ། སྤྱིར་དབུ་མ་ཐམས་ཅད་འགལ་མེད་བཟང་མཉམ་དུ་བསྟན་པ། ཁྱད་པར་མདོ་སྔགས་དགོངས་པའི་ཟབ་དོན་གཅིག་སྒྲིལ་གྱི་དབང་གིས་དབུ་མ་གཞན་སྟོང་ཉིད་ངེས་དོན་མཐར་ཐུག་ཏུ་གྲུབ་ཚུལ། གཞན་སྟོང་གི་མཚན་གཞི་དང་སྲོལ་འབྱེད་ཀྱི་སློབ་དཔོན་འཕགས་བོད་དུ་བྱུང་ཚུལ་བཅས་བདུན་ནོ།། ཆོས་ཀུན་རང་བཞིན་གསུམ་དུ་བསྡུ་ཚུལ། དང་པོ་ཆོས་ཀུན་རང་བཞིན་གསུམ་དུ་བསྡུ་ཚུལ་ནི། ཁྱད་པར་ཟབ་མོ་གཞན་སྟོང་དབུ་མའི་ཚུལ།། ཆོས་ཀུན་རང་བཞིན་གསུམ་དུ་བསྡུ་བར་བྱེད།། ཅེས་པ་སྟེ། ཁྱད་པར་ཟབ་མོ་ཀུན་གྱི་མཐར་ཐུག་སྟོང་གཞི་ཡོངས་གྲུབ་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་རྣམ་དག་ཉིད། གཞན་གློ་བུར་པ་ཀུན་བརྟགས་དང་གཞན་དབང་གི་འཁྲུལ་པའི་དྲི་མས་སྟོང་པས་གློ་བུར་འཕྲལ་དག་སྟེ་དག་པ་གཉིས་ལྡན་གྱི་ངེས་དོན་དབུ་མ་ཆེན་པོའི་བཞེད་ཚུལ་ལ། གཟུགས་ནས་རྣམ་མཁྱེན་གྱི་བར་ཤེས་བྱའི་ཆོས་ཀུན། རང་བཞིན་གསུམ་སྟེ་ཀུན་བརྟགས་དང་གཞན་དབང་ཡོངས་གྲུབ་གསུམ་དུ་བསྡུ་བར་བཞེད་དེ། དེའང་གཟུགས་སོགས་ཡུལ་གྱི་སྣང་ཆ་རྣམས་ལ་དོན་དུ་ཞེན་པའི་དབང་གིས། ཕྱི་ནང་མཐའ་དབུས་༼ཆེ་ཆུང་༽བཟང་ངན་དངོས་དངོས་མེད་སོགས་བློས་སྒྲོ་བཏགས་པའི་མིང་དོན་འབྲེལ་བའི་གཟུང་བྱ་མཐའ་དག་གི་ཀུན་བརྟགས་སོ།། རྣམ་པར་ཤེས་པ་ཉིད་མ་རིག་པའི་བག་ཆགས་༼ཀྱི་༽དབང་གིས་གཞན་ཡུལ་སྣང་སོ་སོའི་དབང་དུ་གྱུར་པའི་ཕྱིར་ན་གཞན་དབང་ཞེས་བྱ་ལ། ཀུན་བརྟགས་དང་གཞན་དབང་དེ་གཉིས་ཀྱིས་སྟོང་པ་ནི་ཡོངས་གྲུབ་སྟེ། དཔེར་ན་སྒྱུ་མའི་གླང་ཆེན་ལ་གླང་ཆེན་དུ་བཏགས་པ་བ་ནི་ཀུན་བརྟགས། རྣམ་ཤེས་ལ་གླང་ཆེན་གྱི་རྣམ་པར་སྣང་བ་གཞན་དབང་གཉིས་འཛིན་གྱི་འཁྲུལ་སྣང་དེ་གཉིས་སྟོང་པ་ནི་དེར་གླང་ཆེན་མེད་པ་ལྟ་བུ་ཡོངས་གྲུབ་དེ་བཞིན་ཉིད་ནི་ཤིང་བུ་ལྟར་མི་སྟོང་པས་ན། འཕགས་པ་ཀླུ་སྒྲུབ་ཀྱི་རང་བཞིན་གསུམ་ལ་འཇུག་པ་ལས། སྒྱུ་མས་བྱས་པའི་སྔགས་དབང་གིས། །གླང་ཆེན་བདག་ཉིད་ཀྱིས་སྣང་བཞིན། །དེ་རུ་རྣམ་པ་ཙམ་ཡོད་དེ། །གླང་ཆེན་རྣམ་པ་ཀུན་ཏུ་མེད། །གླང་ཆེན་ཀུན་བརྟགས་རང་བཞིན་ཏེ། །དེ་ཡི་རྣམ་པ་གཞན་དབང་ཡིན། །དེ་བཞིན་ཡོད་མེད་ཀུན་བརྟགས་སྣང༌། །གཉིས་པོ་ཤིན་ཏུ་མེད་པ་སྟེ། དེ་རུ་རྣམ་པ་ཙམ་ཡོད་དོ། །རྩ་བའི་རྣམ་ཤེས་སྔགས་བཞིན་དུ། །དེ་བཞིན་ཉིད་འདི་ཤིང་བཞིན་འདོད།། ཅེས་གསུངས་པ་ལྟར་ཀུན་རྫོབ་སྟོང་ན་དོན་དམ་ཡོངས་སུ་གྲུབ་པས་ཡོངས་གྲུབ་པོ།། སྟོང་ཉིད་ཀྱི་དབྱེ་བ་བསྟན་པ། གཉིས་པ་སྟོང་ཉིད་ཀྱི་དབྱེ་བ་བསྟན་པ་ལའང་གཉིས་ཏེ། མདོར་བསྟན་པ་དང༌། དེ་སོ་སོར་བཤད་པའོ།། དང་པོ་ནི། སྟོང་པ་ཉིད་ལ་ཀུན་རྫོབ་དོན་དམ་གཉིས།། ཞེས་པ་སྟེ། སྟོང་པ་ཉིད་དེ་ལའང་དབྱེ་ན། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་ལ་ཐ་སྙད་ཀྱི་བློས་དཔྱད་ངོར་ངོ་བོས་སྟོང་པ་ཀུན་རྫོབ་ཀྱི་སྟོང་ཉིད་དང༌། དོན་དམ་སྟོང་ཉིད་གདོད་ནས་སྤྲོས་པའི་མཐའ་ཐམས་ཅད་བྲལ་བ་རང་བྱུང་གི་ཆོས་ཉིད་འགྱུར་བ་མེད་པའི་སྟོང་ཉིད་དང་གཉིས་སོ།། གཉིས་པ་དེའི་བྱེ་བྲག་སོ་སོར་བསྟན་པ་ནི། ཀུན་རྫོབ་སྟོང་ཉིད་རྟེན་འབྲེལ་ངོ་བོས་སྟོང༌།། དོན་དམ་སྟོང་ཉིད་རྟེན་འབྲེལ་ལས་འདས་པའི།། ཆོས་ཉིད་ངོ་བོ་རྟག་བརྟན་གཞན་སྟོང་གསུངས།། ཞེས་པ་སྟེ། དེ་དང་རྣམ་གྲངས་པའི་སྟོང་ཉིད་དམ་ཀུན་རྫོབ་ཀྱི་སྟོང་ཉིད་ནི། རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་ལ་ཐ་སྙད་ཀྱི་བློས་དཔྱད་ངོར་དེ་ཡི་རང་བཞིན་ནམ་ངོ་བོ་མ་གྲུབ་པས་ན་ངོ་བོས་སྟོང་པ་སྟེ། དཔེར་ན་གཟུགས་ལ་རྡུལ་ཕྲན་རྫས་གཞིག་གིས་དཔྱད་པས་གཟུགས་ཀྱི་ངོ་བོས་སྟོང་པ་ལྟ་བུའོ།། དོན་དམ་པའི་སྟོང་ཉིད་དམ་རྣམ་གྲངས་མིན་པའི་སྟོང་ཉིད་ནི། རྟེན་འབྲེལ་གྱི་སྣང་བ་ལ་དཔྱད་པའི་མེད་དགག་གིས་སྤྲོས་པ་ཕྱོགས་རེ་བཅད་པའི་འཛིན་སྟངས་ཙམ་ལས་འདས་པའི། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་ཡེ་ནས་སྣང་སྟོང་འདུ་འབྲལ་མེད་པར་གནས་པས་ཁྱད་པར་གྱི་ཡོན་ཏན་གསུམ་ལྷུན་གྲུབ་ཏུ་ལྡན་པ་སྟེ། གནས་སྐབས་ཀྱི་རྒྱུ་རྐྱེན་ལས་སྐྱེ་བ་དང་བྲལ་བས་ཆོས་ཉིད་ལ་འགྱུར་བ་མེད་པས་རྟག་པའི་ཡོན་ཏན་དང་ལྡན་པ། གང་སྐྱེ་བ་མེད་པ་དེ་ལ་འགག་པ་མེད་པའི་ཕྱིར་ན་བརྟན་པའི་ཡོན་ཏན་དང་ལྡན་པ། སྐྱེ་འགག་གཉིས་མེད་པ་དེ་ལ་སྤྲོས་པ་མཐའ་དག་མ་ཞི་བ་གང་ཡང་མེད་ཕྱིར་ཞི་བའི་ཡོན་ཏན་དང་ལྡན་པ་སྟེ། རྒྱུད་བླ་མ་ལས། སྐྱེ་དང་བྲལ་ཕྱིར་རྟག་པ་སྟེ། །འགག་མེད་ཕྱིར་ན་བརྟན་པ་སྟེ། །གཉིས་མེད་ཕྱིར་དེ་ཞི་བ་སྟེ།། ཞེས་དང༌། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས། གཟུགས་མེད་གང་དུའང་མི་གནས་ཤིང༌།། འགྱུར་པ་མེད་ཕྱིར་བརྟན་པའོ།། ཞེས་གསུངས་སོ།། དེ་ལྟར་སྟོང་གཞི་ཡོངས་གྲུབ་ཆོས་ཉིད་འགྱུར་མེད་དེ་བཞིན་ཉིད་སྤྲོས་པའི་ཡུལ་ལས་འདས་པ། གང་སྟོང་བྱ་ཀུན་བརྟགས་དང་བཞན་དབང་གི་དྲི་མ་གློ་བུར་པ། སྟོང་ཚུལ་སྟོང་བྱ་དེ་ཡིས་སྟོང་གཞི་ལ་སྟོང་པས་ན་ཡོངས་གྲུབ་ཉིད་གཞན་གྱིས་སྟོང་པར་ངེས་དོན་དབུ་མ་གཞན་སྟོང་འཛིན་པ་རྣམས་ཀྱིས་གསུངས་ཏེ། དེ་ལྟར་ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་ལ་དོན་དམ་པའི་ཡོན་ཏན་ཐམས་ཅད་གདོད་ནས་ལྷུན་གྱིས་གྲུབ་པས་དེས་ཆོས་ཉིད་ཀྱི་དབྱིངས་ སམ་ཁམས་དེ་སྟོང་པ་མ་ཡིན་ལ། ༼དྷཱ་ཏུ་ཁམས་དང་སྟོང་པ་དབྱིངས་རྣམས་ལ་འཇུག་ཕྱིར་འགྱུར་ལ་ལར་དབྱིངས་དང་ཕལ་ཆེར་དུ་ཁམས་ཞེས་སྣང་༽དབྱིངས་དེ་ལས་རྣམ་པར་དབྱེ་རུ་ཡོད་པའི་རང་མཚན་ཅན་གློ་བུར་གྱི་དྲི་མ་དག་གིས་ཁམས་དེ་སྟོང་པའི་ཕྱིར་ན། ངེས་དོན་དཔལ་ཕྲེང་གི་མདོ་ལས་གསུངས་པ་ལྟར་རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན།། ཅེས་དང༌། མདོ་སྡེ་ལང་གཤེགས་ལས། བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་གང་ཞེ་ན། བདག་གི་སོ་སོ་རང་རིག་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོངས་ཏེ། དེའི་ཕྱིར་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་ཅེས་བྱའོ།། ཞེས་གསུངས་པ་ལྟར་རོ།། འདི་ལ་ཁ་ཅིག་གིས་དོན་དམ་མ་སྟོང་ན་དོན་དམ་བདེན་གྲུབ་ཏུ་གྱུར་པ་དང༌། དེ་རྟག་པར་འདོད་པས་དངོས་སྨྲ་དང་མཚུངས་པར་འདོད་པ་དག་མཆིས་མོད། རྟགས་དང་པོ་ཉིད་མ་གྲུབ་སྟེ། ཡོངས་གྲུབ་དོན་དམ་བདེན་པར་བཞག་པས་བདེན་པས་བདེན་གྲུབ་ཏུ་ཇི་ཕྱིར་འགྱུར་ཏེ། སྟོང་པ་ཉིད་ལས་ཐ་དད་དུ་གྱུར་པའི་སྣང་བ་བདེན་གྲུབ་ལྟ་བུ་མ་ཡིན་ཏེ། དང་པོ་ནས་ཆོས་དབྱིངས་སྣང་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་གྲུབ་ཟིན་པའི་གནས་ལུགས་མ་འཁྲུལ་བའི་དོན་དམ་བདེན་པ་ཉིད་དོན་དམ་བདེན་པར་བཞག་པ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་གང་བསླུ་བ་དེ་ནི་རྫུན་པའོ།། དགེ་སློང་དག་འདི་ལྟ་སྟེ་མི་བསླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ནི་བདེན་པའི་མཆོག་གོ། ཞེས་དང༌། ཤེས་རབ་སྙིང་པོའི་མདོ་ལས། མི་རྫུན་པས་ན་བདེན་པར་ཤེས་པར་བྱའོ།། ཞེས་གསུངས་པ་ལྟར་ལ། གལ་ཏེ་དོན་དམ་བདེན་པ་རང་ངོས་ནས་མི་སྟོང་པ་ཙམ་གྱིས་བདེན་གྲུབ་ཏུ་འགྱུར་ན། ཁྱེད་ཅག་གི་ཀུན་རྫོབ་ཀུན་རྫོབ་ཀྱིས་མི་སྟོང་པས་དེ་ཡི་བདེན་གྲུབ་ཡན་གར་པ་ཁེགས་པའི་སྟོང་པ་ དེའང༌། སྟོང་གཞི་ཀུན་རྫོབ་དེ་ཉིད་གཞན་བདེན་གྲུབ་ཀྱིས་སྟོང་པར་སོང་པས་ན་ཀུན་རྫོབ་བདེན་གྲུབ་ཏུ་གྱུར་པ་དང༌། ཐ་སྙད་ཀྱི་སྟོང་ཚུལ་གཞན་སྟོང་ལྟར་མི་འདོད་བཞིན་དུ་དོན་གྱིས་ཁས་བླངས་གཅིག་ཕྱིར་སྒྲུབ་བྱེད་བསྒྲུབ་བྱར་མཚུངས་པའི་མ་གྲུབ་པའོ།། དེར་མ་ཟད་ཀུན་རྫོབ་ཀྱིས་སྟོང་བའི་དོན་དམ་ཉིད་དོན་དམ་དུ་གྲུབ་པར་བརྗོད་པའི་ཐ་སྙད་ཙམ་བྱས་པས་སྟོང་ཉིད་དངོས་པོར་འདོད་པའི་ལྟ་བ་ཅན་དུ་འགྱུར་ན། སྟོང་ཉིད་ལས་ཐ་དད་དུ་གྱུར་པའི་བློས་བྱས་ཀྱི་དགག་རྟོག་སྟོང་པ་ཕྱང་ཆད་བདེན་མེད་དུ་ཁས་བླངས་པ་དེའང་སྟོང་ཉིད་མེད་མཐར་ཞེན་པའི་ལྟ་བར་འགྱུར་པ་མཚུངས་སོ།། དེའང་དོན་དམ་པ་ནི་རང་ངོས་ནས་བདེན་པ་དང་མི་བསླུ་བ་ཡིན་པས་དེའི་ཆོས་ཀྱིས་མི་སྟོངས་ཏེ། སྟོངས་ན་མི་བདེན་པ་དང་བསླུ་བར་འགྱུར་ཏེ། དཔེར་ན་ཐ་སྙད་ཀྱི་སྐབས་སུའང་བུམ་པ་ཡིན་པ་ལས་ལོག་ན་བུམ་མིན་དུ་འགྱུར་བ་ལྟར། དོན་དམ་བདེན་པ་བདེན་པ་ལས་ལོག་ན་དོན་དམ་བདེན་མིན་ཀུན་རྫོབ་ཏུ་འགྱུར་པར་རིགས་པ་མཚུངས་སོ།། གལ་ཏེ་དོན་དམ་པ་ཡིད་རྟོན་གྱི་གནས་ཙམ་མ་ཡིན་ན་ཆོས་དབྱིངས་དེ་བཞིན་དེ་བཞིན་ཉིད་ཀྱང་འཕགས་པའི་སོ་སོ་རང༌། རིག་གམ་མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཙམ་དུའང་མི་འགྱུར་པར་ཐལ་པས་ན། ལང་གཤེགས་ལས། སོ་སོ་རང་རིག་རྟོགས་བྱ་བ། །བདག་ནི་རྣམ་དག་མཚན་ཉིད་ཅན་བདེ་བར་གཤེགས་པའི་སྙིང་པོ་དགེ། ཞེས་དང༌། སྲས་ སྒྲ་གཅན་འཛིན་གྱིས། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་པ།། ཞེས་དང༌། དཔལ་ས་ར་ཧའི་ཐུགས་ཀྱི་མཛོད་ལས། གཉིས་མེད་རྟོགས་བྱར་སྐྱེ་མེད་ཡུལ་དུ་གྱུར། །སྟོང་པར་སྨྲ་བས་དེ་ཉིད་རྟོགས་མི་འགྱུར།། ཅེས་གསུངས་པ་རྣམས་དང་འགལ་བར་མ་ཟད། རང་བཞིན་རྣམ་དག་གི་ཐུབ་པའི་ངོ་བོ་ཉིད་སྐུའི་ཐ་སྙད་ཙམ་ཡང་བྱར་མི་རིགས་པའི་ཕྱིར་ན། དོན་དམ་པ་ནི་ཅི་ཡང་མེད་པའི་ཆད་སྟོང་ནམ་མཁའི་ལུས་ཅན་སྲིད་རྩེའི་ལྟ་བ་ལྟར་འགྱུར་རོ།། དེས་ན་དོན་དམ་ཀུན་རྫོབ་ཀྱིས་སྟོང་པའི་ཚུལ་ཐ་སྙད་དུ་དཔེར་བྱ་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པ་ལྟ་བུ་སྟེ། ཐག་ཁྲ་ནི་མ་འཁྲུལ་བའི་དོན་དམ། དེ་ལ་སྦྲུལ་དུ་སྣང་བ་ནི་འཁྲུལ་བའི་ཀུན་རྫོབ་ཡིན་པས། གཅིག་ཐ་སྙད་དུ་གྲུབ་པ་དང་གཅིག་མ་གྲུབ་པའི་ཁྱད་པར་ཕྱེད་དགོས་ཀྱི། གཉིས་ཀ་འཁྲུལ་པ་དང་གཉིས་ཀ་བདེན་པ་མི་སྲིད་པས་ན་ཐག་པ་སྦྲུལ་གྱིས་སྟོང་པ་བཞིན་ཏེ། སློབ་དཔོན་ཡེ་ཤེས་ཞབས་ཀྱིས། དེའང་ཀུན་རྫོབ་འཁོར་བ་ནི་ཐག་ཁྲ་ལ་སྦྲུལ་དུ་སྣང་བ་ལྟར་གློ་བུར་པ། དོན་དམ་ཟབ་གསལ་གཉིས་སུ་མེད་པ་ནི་ཐག་པ་དངོས་དང་འདྲ་བ། འཁྲུལ་པ་ཅན་ལ་འཁོར་བ་ནི་གློ་བུར་བའི་ཤེས་པས་ཐག་པར་སྦྲུལ་འཛིན་དང་འདྲ་བ། མྱང་འདས་མངོན་དུ་བྱས་པ་ནི་གློ་བུར་གྱི་ཤེས་པ་སངས་པས་སྦྲུལ་འཛིན་ལོག་ནས་ཐག་པའི་རང་བཞིན་མཐོང་བ། འཁོར་བ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི་ཐག་པ་རང་བཞིན་གྱིས་སྦྲུལ་མིན་པར་རང་གི་ཆོས་སུ་གནས་པའོ།། ཞེས་གསུངས་པ་ལྟར། གནས་སྣང་མི་མཐུན་པའི་ཡུལ་སྣང་བ་དང་ཡུལ་ཅན་ཤེས་པ་གཉིས་ཀུན་རྫོབ་དང༌། ཡུལ་ཆོས་དབྱིངས་དང་ཡུལ་ཅན་སོ་སོ་རང་རིག་ཡེ་ཤེས་གཉིས་གནས་སྣང་མཐུན་པར་གྱུར་པ་ནི་དོན་དམ་སྟེ། སྣང་སྟོང་ངམ་བདེན་གཉིས་ཟུང་དུ་འཇུག་པའི་དོན་དམ་ཆོས་ཀྱི་དབྱིངས་དེ་ནི་སྟོང་པ་ཕྱང་ཆད་མ་ཡིན་ཏེ། སྣང་བའི་ཆ་ནས་རིས་སུ་མ་ཆད་པར་རྣམ་དབྱེར་མེད་པ་སྐུ་དང་ཡེ་ཤེས་ཀྱིས་མི་སྟོང་པར་ཡེ་ནས་ལྷུན་གྲུབ་ཏུ་གནས་ཤིང༌། སྟོང་བའི་ཆ་ནས་ཅིར་ཡང་མ་གྲུབ་པར་ཡེ་ནས་དབྱིངས་དང་འདུ་འབྲལ་མེད་པའི་སྣང་སྟོང་ཟུང་འཇུག་ངོ་བོ་ཉིད་ཀྱི་སྐུར་གནས་སོ།། དེས་ན་འཕགས་པ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་ཀྱི་བཤད་པ་ལས། དགེ་དང་མི་དགེའི་རྣམ་རྟོག་གི། རྒྱུན་ཆད་པ་ནི་༼ཡི་༽མཚན་ཉིད་ཅན། །སྟོང་པ་སངས་རྒྱས་ཀྱིས་གསུངས་ཏེ། །མེད་པའི་མཚན་ཉིད་མ་ཡིན་ནོ།། ཞེས་དང༌། ཡེ་ཤེས་ཕྱག་རྒྱའི་མདོ་ལས་མེད་པའི་ཆོས་ལ་ཡོངས་སུ་རྟོག་པ་ནི། །བྱིས་པ་གང་ཡིན་གཡོ་བ་དེ་ཡིས་བཅིངས།། ཞེས་གསུངས་པ་ལྟར་རོ།། འོ་ན་སྟོན་པ་མཆོག་གིས་རྒྱལ་བའི་ཡུམ་སོགས་སུ། ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་ངོ་བོ་ཉིད་མེད་པར་མ་གསུངས་སམ་ཞེ་ན། དེ་ལྟར་གསུངས་པའི་དོན་ནི་མཚན་ཉིད་ལྡེམ་པོར་དགོངས་པ་སྟེ། ཅི་ཕྱིར་ཞེ་ན། ཀུན་བརྟགས་རྫས་སུ་མེད་པས་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་དབང་རང་ལས་མི་སྐྱེ་གཞན་ལས་སྐྱེ་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཡོངས་གྲུབ་དོན་དམ་སོ་སོ་རང་རིག་གི་ཡུལ་ཙམ་ཡིན་པས་དེ་གཞན་དབང་ལས་ལོགས་སུ་མེད་ཕྱིར་དོན་དམ་ངོ་བོ་ཉིད་མེད་ཅེས་དགོངས་པའི་དབང་གིས་གསུངས་པ་སྟེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགག་ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་ལ་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ། །འདི་ལ་མཁས་པ་གང་ཞིག་དགོངས་པར་ཤེས་པ་ན། །རབ་ཏུ་ཉམས་པར་གྱུར་པའི་ལམ་དུ་དེ་མི་འགྲོ།། ཞེས་དང༌། རང་གི་ལྟ་བ་ལ་མཆོག་ཏུ་འཛིན་པ་དེ་དག་གིས་ཆོས་དེ་ཐོས་ན་ང་ཡིས་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་ཏེ། ཆོས་དེ་ལ་མོས་ཀྱང༌། ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ནའོ།། ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ནའོ།། མ་འགགས་པ་ཁོ་ནའོ།། གཟོད་མ་ནས་ཞི་བ་ཁོ་ནའོ།། རང་བཞིན་གྱིས་མྱ་ངན་འདས་པ་ཁོ་ནའོ།། ཞེས་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་མངོན་པར་ཞེན་པར་བྱེད་ཅིང༌། དེ་དག་གཞི་དེས་ན་ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང༌། མཚན་ཉིད་མེད་པར་ལྟ་བ་འཐོབ་པར་འགྱུར་ཏེ། མེད་པར་ལྟ་བ་དང༌། མཚན་ཉིད་མེད་པར་ལྟ་བ་ཐོབ་ནས་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ཀྱིས་སྐུར་པ་འདེབས་ཏེ། ཆོས་ཐམས་ཅད་ཀྱི་ཀུན་བརྟགས་པའི་མཚན་ཉིད་ལ་སྐུར་པ་འདེབས། ཆོས་ཐམས་ཅད་ཀྱི་གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་སྐུར་བ་འདེབས་སོ།། ཞེས་སོགས་གསུངས་པ་ལྟར། སློབ་དཔོན་ཟླ་བ་གྲགས་པའི་འཇུག་པ་རང་འགྲེལ་ལས། རེས་འགའ་ནི་མི་མཁས་པས་སྟོང་ཉིད་སྤངས་ཏེ་ངན་འགྲོར་འགྲོ་ཞིང༌། རེས་འགའ་ནི་སྟོང་ཉིད་ནི་མེད་པ་ཡིན་ནོ་ཞེས་ལོག་པར་བཟུང་སྟེ་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པས་ལོག་ལྟ་འཕེལ་བའོ།། ཞེས་གསུངས་པའི་ཕྱིར་དང༌། དགོས་པ་ནི། ཆོས་ལ་བདག་ཏུ་འཛིན་པ་ལས་བཟློག་ཕྱིར་གསུངས་པ་སྟེ། རྡོ་རྗེ་གུར་གྱི་རྒྱུད་ལས། བདག་ཏུ་ལྟ་བ་འཚོལ་རྣམས་ཀྱི། །བདག་ཞེན་བསམ་པ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་གསུངས།། ཞེས་དང༌། དཔལ་མགོན་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་རྣམས་ཀྱིས་བདག་འཛིན་བཟློག །ཁམས་དེ་ཉམས་པར་བྱེད་མ་ཡིན།། ཅེས་དང༌། སློབ་དཔོན་ཀུ་ཀུ་རཱི་བའི་ཞལ་ནས། དང་པོ་དངོས་པོའི་ཆོས་རྣམས་ནི། །སྟོང་པ་ཉིད་ཀྱིས་བཟློག་པར་བྱ། །སྟོང་པ་དེ་ལ་ཞེན་ཆེ་ན། །དངོས་འཛིན་བས་ཀྱང་ཕུང་བར་འགྱུར།། ཅེས་གསུངས་པ་རྣམས་ཀྱི་ཕྱིར་ན། ཀུན་མཁྱེན་དྷརྨཱ་ཀ་རའི་གསུང་སྒྲོས་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པ་སྒྲ་ཇི་བཞིན་པར་བཟུང་ན། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་མེད་པར་འགྱུར་བས། དེ་ལྟ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་མི་དམིགས་པར་ཐལ་ལོ།། ཅིའི་ཕྱིར་ཞེ་ན། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་ཤེས་དེ་ཉིད་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གིས་བསྡུས་པའི་རྣམ་པར་རིག་པའི་མཚན་ཉིད་ཅན་གཞན་དབང་དུ་གྱུར་པ་དེ་ལ་དོན་དུ་བཟུང་བས་ལས་དང་ཉོན་མོངས་པ་དག་དམིགས་པ་ཡིན་གྱི་གལ་ཏེ་གཞན་དབང་དེ་ངོ་བོ་ཉིད་ཀྱིས་མེད་པ་ཡིན་ན་ཀུན་རྫོབ་ཏུའང་ཡོད་པར་མི་རིགས་པས། དེ་ལྟ་ན་དེ་ལ་དམིགས་པའི་ལས་དང་ཉོན་མོངས་པའང་འབྱུང་བར་མི་རིགས་སོ།། དེ་ཉིད་དོན་དུ་སྣང་བའི་རྣམ་རིག་ཀུན་བརྟགས་ཀྱི་ངོ་བོ་ཉིད་ནི་ཀུན་རྫོབ་ཏུའང་མེད་པ་ཁོ་ནའོ།། གཞན་དབང་དང་ཀུན་བརྟགས་ཀྱིས་སྟོང་པ་ཡོངས་གྲུབ་དེ་བཞིན་ཉིད་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་རིགས་སུ་བརྗོད་པ་སྟེ། དེ་མེད་དུ་ཟིན་ན་དེ་ལ་བརྟེན་ནས་སྣང་བའི་ཚོགས་བསགས་ཤིང་སྒྲིབ་པ་སྦྱང་བ་ལས་མཐར་བྱང་ཆུབ་ཐོབ་པ་སོགས་རྣམ་བྱང་གི་ལམ་འབྲས་བུ་དང་བཅས་པའི་རྣམ་གཞག་གི་དགོས་པ་མེད་པར་ཐལ་བས། དེ་ནི་ངེས་པར་དོན་དམ་དུ་ཡོངས་སུ་གྲུབ་པོ།། འོ་ན་ཅིའི་ཕྱིར་ངོ་བོ་ཉིད་མེད་པར་གསུངས་ཞེ་ན། རྒྱུ་མཚན་ཡོད་དེ། ཀུན་བརྟགས་པའི་ཆོས་རྣམས་མཚན་ཉིད་ངོ་བོ་ཉིད་མེད་པ་གཞན་དབང་གི་ཆོས་རྣམས་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་དམ་ངོ་བོ་ཉིད་མེད་པ་ཡིན་པར་དགོངས་ཏེ་ལྡེམ་པོར་བསྟན་པའི་ཕྱིར་རོ།། དགོས་པ་ནི་གཙོ་བོར་ཆོས་ལ་བདག་ཏུ་འཛིན་པའི་ལྟ་བ་ངན་པ་གཞོམ་པའི་གཉེན་པོར་གསུངས་པའི་ཕྱིར་རོ།། ཞེས་གསུངས་པ་ལྟར་རོ།། རྟགས་གཉིས་པའི་ཁྱབ་པ་མ་གྲུབ་སྟེ། རང་བྱུང་གི་ཆོས་ཉིད་འགྱུར་བ་མེད་པ་ནམ་མཁའ་ལྟ་བུ་དེ་ཉིད་འདུས་མ་བྱས་པ་ཡིན་པའི་ཕྱིར་ན་རྟག་པ་ཉིད་དུ་གསུངས་པ་ལས། སྟོང་པ་ལས་གཞན་དུ་གྱུར་པའི་སྣང་བཅས་ཀྱི་དངོས་པོ་མི་རྟག་པ་ལ་རྟག་པར་བཏགས་པ་ལྟ་བུ་མ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ང་ཡི་རྟག་པ་དང་བསམ་གྱིས་མི་ཁྱབ་པའི་རྒྱུ་ནི། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་མཚན་ཉིད་ཀྱི་ཕྱིར། བྱས་པའི་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པའི་རྟག་པ་ཡིན་གྱི། ཕྱི་རོལ་གྱི་དངོས་པོ་རྣམས་དངོས་པོ་མེད་ཅིང་མི་རྟག་པར་གྱུར་ནས་རྗེས་སུ་དཔག་པས་རྟག་པ་ཉིད་དུ་བཏགས་པ་ལྟར་མ་ཡིན་ནོ།། བློ་གྲོས་ཆེན་པོ་གལ་ཏེ་ཕྱི་རོལ་གྱི་དངོས་པོ་རྣམས་དང་དངོས་པོ་མེད་ཅིང་མི་རྟག་པ་ལས་རྗེས་སུ་དཔག་པས་རྟག་པ་དང་བསམ་གྱིས་མི་ཁྱབ་པ་ཉིད་དུ་རྟོག་པར་བྱེད་ན་བསམ་གྱིས་མི་ཁྱབ་པ་རང་གི་རྒྱུ་ཡི་མཚན་ཉིད་མི་ཤེས་སོ།། བློ་གྲོས་ཆེན་པོ་དེ་དག་ནི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་སྤྱོད་ཡུལ་ལས་ཤིན་ཏུ་ཐག་རིང་པོར་འགྱུར་པ་སྟེ། དེ་དག་ལ་བཤད་པར་མི་བྱའོ།། ཞེས་གསུངས་པ་ལྟར་རོ།། འོ་ན་དེ་ལྟར་ཆོས་ཉིད་རྟག་པ་དང་བདེན་གྲུབ་ཡིན་ན། ཆོས་ཉིད་སྟོང་པ་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཆོས་ཉིད་ཡོངས་གྲུབ་དེ་ལ་ཡེ་ནས་སྣང་སྟོང་བདེན་གཉིས་འདུ་འབྲལ་མེད་པར་ཡོད་པ་ལས། སྣང་སྟོང་གཉིས་ཐ་དད་པའི་སྣང་བ་བདེན་གྲུབ་དང༌། སྟོང་པ་བློས་སྒྲུབ་གཉིས་རྭ་ལྟར་ཐ་དད་དུ་ཡོད་པའི་ཁྱེད་ཅག་གི་སྣང་སྟོང་ག་འདྲ་མིན་ནོ།། བདེ་གཤེགས་སྙིང་པོ་སྔགས་ཀྱི་ཁྱད་ཆོས་ཀྱིས་བརྒྱན་ཏེ་བཤད་པ། གསུམ་པ་བདེ་བར་གཤེགས་པའི་སྙིང་པོ་སྔགས་དང་སྦྱར་ཏེ་བཤད་པ་ནི། བདེ་གཤེགས་སྙིང་པོ་འོད་གསལ་ཆོས་ཀྱི་སྐུ།། གཉུག་མ་ལྷན་སྐྱེས་གཞོམ་མེད་བདེ་བ་ཆེ།། ཕྱི་ནང་གཞན་གསུམ་ངོ་བོར་མཁའ་ལྟར་ཁྱབ།། ཡོན་ཏན་ཡེ་ལྡན་རང་བཞིན་རྣམ་དག་བཞེད།། དྲི་མ་གློ་བུར་རླུང་གི་རྒྱུ་བ་བཅས།། ཁམས་གསུམ་སེམས་དང་སེམས་ལས་བྱུང་བ་ཡི།། འཕོ་བའི་བག་ཆགས་མ་སྤངས་པ་ཉིད་བཞེད།། ཅེས་པ་སྟེ། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་ལ་དོན་དམ་པའི་ཡོན་ཏན་ཐམས་ཅད་ཉི་མ་དང་འོད་ཟེར་བཞིན་དུ་ལྡན་པས་རང་བཞིན་གྱིས་འོད་གསལ་བའི་ཆོས་ཀྱི་སྐུ་སྟེ། རྒྱལ་བའི་ཡུམ་ལས། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ།། ཞེས་དང༌། ལང་གཤེགས་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །བདེ་བར་གཤེགས་པའི་སྙིང་པོ་དགེ། ཞེས་གསུངས་པ་ལྟ་བུའི་མ་བཅོས་གཉུག་མ་གདོད་ནས་ལྷན་ཅིག་སྐྱེས་པའི་རང་བྱུང་གི་ཡེ་ཤེས་དེ་ལ་རྟག་ཆད་ཀྱི་མཐའ་རྣམས་ཀྱང་རང་བཞིན་གྱིས་བྲལ་བ་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། རང་བྱུང་བྱང་ཆུབ་སེམས་དེ་ཡིས། །རྟག་ཆད་གཉིས་ཀྱི་མཐའ་བསལ་ཏེ། །མ་སྐྱེས་གཟུང་འཛིན་བྲལ་བ་ཡིས། །རྟག་པ་དངོས་པོའི་མཐའ་གསལ་བ། །རང་བྱུང་ཡེ་ཤེས་འགྱུར་མེད་པས། །མེད་པ་ཆད་པའི་མཐའ་ཡང་བསལ།། ཅེས་གསུངས་པ་ལྟ་བུ་དེ་ལ་རྒྱུའི་ཐེག་པའི་སྐབས་སུ་བདེ་གཤེགས་སྙིང་པོ་ཞེས་བསྟན་ལ། དེ་རྣལ་འབྱོར་ཆེན་པོའི་ལུགས་སུ་རྒྱུའི་རྒྱུད་དུ་བཞག་པའི་སྐབས། གནས་སྐབས་པའི་རྒྱུ་རྐྱེན་གང་གིས་ཀྱང་གཞོམ་དུ་མེད་པའི་ཕྱིར་མི་འགྱུར་པའི་རང་རིག་བདེ་བ་ཆེན་པོ་ཞེས་པའི་སྒྲས་བསྟན་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། ཡོད་དང་མེད་ལས་རྣམ་པར་གྲོལ། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ལས་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་གྲོལ་ལོ།། ཞེས་གསུངས་པ་ལྟར་ལ། དེ་ཡང་ངེས་དོན་དུས་ཀྱི་འཁོར་ལོའི་དགོངས་པ་ལྟར་ན། ཕྱི་སྣོད་བཅུད་སྲིད་པ་གསུམ་གྱི་རྣམ་པར་ཤར་བ་འདི་དག་བཞིན་གྱི་བྱད་མེ་ལོང་ལ་འཕོས་པ་ལྟར་དུ། ནང་རྩ་རླུང་ཐིག་ལེ་གསུམ་གྱི་ཆོ་འཕྲུལ་དུ་ཤར་བ་ཡིན་ཅིང༌། དེ་གསུམ་ཡང་གཞན་མཆོག་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པའི་རྣམ་པར་བཞུགས་ལ་དེ་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་བདེ་གཤེགས་སྙིང་པོའི་རང་མདངས་ཏེ། ཆོས་ཀྱི་སྐུ་ཉིད་རྣམ་པ་ཐམས་ཅད་པར་ཤར་བས་ན་ཕྱི་ནང་གཞན་གསུམ་གྱི་ངོ་བོར་མཁའ་ལྟར་ཁྱབ་པའི་ཕྱིར། དུས་འཁོར་རྩ་རྒྱུད་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཇི་ལྟར་ལུས་ལ་དེ་བཞིན་གཞན།། ཞེས་དང༌། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ།། ཞེས་གསུངས་པ་ལྟར་ལ། དེར་མ་ཟད་སྔ་འགྱུར་གསང་ཆེན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལྟ་བ་སྣང་སྲིད་གཞིར་བཞེངས་ཆེན་པོ་ཡང་འདི་དང་གནད་མཚུངས་པ་ཡིན་ཏེ། རྫོགས་པ་ཆེན་པོ་ཀློང་གསལ་གྱི་རྒྱུད་ལས། ཐོག་མའི་རིག་རྩལ་ཡེ་ཤེས་ལྔ། །མ་རིག་འཁྲུལ་པས་ལུས་འདི་གྲུབ། །དེས་ན་ལུས་འདི་སངས་རྒྱས་དངོས། །ཡེ་ཤེས་ཆེན་པོའི་འབྱུང་གནས་ཏེ། །ལུས་ཅན་ཀུན་ལ་བཟང་ངན་མེད། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས།། ཞེས་དང༌། རྫོགས་པ་ཆེན་པོ་རང་ཤར་གྱི་རྒྱུད་ལས། ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས།། ཞེས་དང༌། དེར་མ་ཟད་སྟོན་པ་ཀུན་ཏུ་བཟང་པོ་ཡང་རང་བྱུང་རིག་པ་གཞི་ཐོག་ཏུ་གྲོལ་བར་གསུངས་ཀྱང༌། དེང་སང་སྔ་འགྱུར་པའི་མཁས་པ་ཁ་ཅིག་ཇོ་ནང་བའི་ལྟ་བ་ངེས་དོན་དུས་ཀྱི་འཁོར་ལོའི་དགོངས་པ་ལ་ཐན་དུ་བལྟ་བ་ནི་ཆེས་ཡ་མཚན་ནོ།། དེ་ལྟ་བུའི་ཆོས་ཉིད་འོད་གསལ་བདེ་བར་གཤེགས་པའི་སྙིང་པོ་དེ་ལ་ཆོས་སྐུའི་ཡོན་ཡན་ཐམས་ཅད་ཡེ་ནས་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་ལྡན་པས་ན། གཤེགས་སྙིང་རང་ངོས་དེ་ལ་བག་ཆགས་གློ་བུར་གྱི་དྲི་མས་ནམ་ཡང་མ་གོས་པའི་ཕྱིར་ན་རང་བཞིན་རྣམ་དག་སྟེ། རྫོགས་པ་ཆེན་པོ་ཀུན་འདུས་རིག་པའི་མདོ་ལས། རང་བྱུང་ཡེ་ཤེས་ཉི་མ་ཉིད། །མ་བཅོས་ཇི་བཞིན་གནས་པས་ན། །སྙིང་པོ་ཉིད་ལ་གོས་པ་མེད།། ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། ས་ཡི་དཀྱིལ་དུ་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས།། ཞེས་གསུངས་པ་ལྟར་བཞེད་དོ།། དེ་ལྟར་ངོ་བོ་དེ་ལ་དྲི་མས་ནམ་ཡང་གོས་པ་མེད་ཀྱང་བག་ཆགས་འཁྲུལ་སྣང་གི་ཤེས་ངོར། དྲི་མ་གློ་བུར་གྱི་སྣང་བ་འབྱུང་བའི་རྟེན་ཁུ་བའི་ཆོས་ཀྱིས་ལུས། རྡུལ་དེ་ཁྲག་གི་ཆོས་ཀྱིས་ངག རླུང་གི་རྒྱུ་བའི་ཆོས་ཀྱིས་ཡིད་བྱེད་སྐྱེད་པ་དང་བཅས་པའི་དབང་གིས། ཁུ་བའི་ངེས་པ་ཡུལ་དུ་སྣང་བས་འདོད་ཁམས་ཀྱི་སྣང་བ༡་དང༌། རྡུལ་གྱི་ངེས་པ་ཡུལ་དུ་སྣང་བས་གཟུགས་ཁམས་ཀྱི་སྣང་བ༢་དང༌། རླུང་གི་ངེས་པ་ཡུལ་དུ་སྣང་བས་གཟུགས་མེད་ཁམས་ཀྱི་སྣང་བ༣་འབྱུང་བས་ན་སྣང་གསུམ་མམ་འཕོ་བའི་བག་ཆགས་ཀུན་གཞིའི་རྣམ་ཤེས། བཞི་བའི་གནས་སྐབས་ཀྱི་སེམས། འཛག་སྒྲིབ་ཅེས་སོགས་དུས་འཁོར་ལས་མིང་དུ་མར་བསྟན་པའི་དཀར་དམར་རླུང་གསུམ་དེ་ཡི་གཡོ་བས། ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་ཡི་འཛིན་པ་བདག་རྟོག་ཐམས་ཅད་བྱུང་བ་ཡིན་པར་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་གསུངས་པ་ལྟར། འཁོར་ལོ་ཐ་མའི་མདོ་སྡེ་ལས་ཀྱང་ཀུན་གཞིའི་རྣམ་ཤེས་ཉོན་ཡིད་བདག་འཛིན་དབང་གིས་དྲངས་པས། ཁམས་གསུམ་དུ་སྐྱེ་བ་དང་དེའི་གནས་སྣང་འབྱུང་བར་གསུངས་པ་གཉིས་དོན་གཅིག་ཅིང༌། དེ་ལྟར་འབྱུང་པའི་ས་བོན་ནམ་རྩ་བ་ནི་སྣང་གསུམ་མམ་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་མ་སྤངས་པའི་དབང་གིས། འདོད་པའི་འདོད་ཆགས་སྲེད་པ་རླན་པར་བྱེད་པའི་སྤྲིན་ལྟ་བུ། ཞེ་སྡང་གི་མེས་སྐྱེད་པའི་གནོད་སེམས་དུ་བ་ལྟ་བུ། གཏི་མུག་གིས་མི་གསལ་བར་བྱེད་པ་ཁུག་རྣ་ལྟ་བུ་རྣམས་བྱུང་བ་ཉིད་ཡིན་པར་བཞེད་པའི་ཕྱིར་ན། སྔགས་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་རྡོ་རྗེ་གསུམ་བསྐྱེད་དང་མངོན་བྱང་ལྔ་བསྐྱེད་འབྱུང་བའི་དོན་ཡང༌། འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་དེ་དག་པའི་ཆེད་དུ་ཡིན་ལ། དེར་མ་ཟད་སྔགས་བླ་མེད་ཀྱི་རྒྱུད་ཅེས་བྱ་བའི་དོན་ཡང་གཞི་དུས་སུ་དྲི་བཅས་དེ་བཞིན་ཉིད་ལ་རྒྱུའི་རྒྱུད་དང༌། ལམ་དུས་སུ་ཆོས་ཉིད་ཀྱི་དོན་རིམ་པར་གསལ་བས་ལམ་ཐབས་ཀྱི་རྒྱུད་དང༌། མཐར་ཐུག་དག་པ་གཉིས་ལྡན་མངོན་དུ་གྱུར་པས་ཤིན་ཏུ་དྲི་བྲལ་མཐར་ཕྱིན་འབྲས་བུའི་རྒྱུད་ དང་གསུམ་རྒྱུན་ཆགས་པས་ན་རྒྱུད། ཅེས་བྱ་སྟེ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལས། །རྒྱུད་ཅེས་བྱ་བ་རྒྱུན་ཡིན་ཏེ། །གནས་སྐབས་གསུམ་གྱི་དྲི་མ་དང༌། །འཇུག་དང་ཞུགས་དང་ངེས་པ་ཡིས། །དང་པོ་འཁོར་བའི་རང་བཞིན་ལ། །གཉིས་པ་ཐུན་མོང་མྱ་ངན་འདས། །གསུམ་པ་འབྲས་བུའི་མཐར་ཐུག་གོ། ཞེས་གསུངས་ལ། དེ་བཞིན་མགོན་པོ་བྱམས་པས་ཀྱང༌། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔལ་དང༌། །སངས་རྒྱས་ཞེས་སུ་ངེས་པར་བརྗོད།། ཅེས་དྲི་བཅས་དྲི་མེད་ཤིན་ཏུ་དྲི་མེད་གསུམ་དུ་རྒྱུན་ཆགས་པས་ན་མཚན་དུ་རྒྱུད་བླ་མ་ཅེས་ཀྱང་གསུངས་སོ།། དེ་ལྟར་གདོད་ནས་དག་པའི་ཆོས་ཉིད་དེ་བཞིན་ཉིད་དེ་ནི་སྦྱང་གཞི་ཡིན་ལ། སྦྱང་བྱ་སྣང་གསུམ་འཁྲུལ་པའི་བག་ཆགས་ཀྱི་དྲི་མ། སྦྱངས་འབྲས་དྲི་བྲལ་དག་པ་གཉིས་ལྡན་མངོན་དུ་གྱུར་པ་ཡིན་ཏེ་དབུས་མཐའ་ལས། ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད།། ཅེས་གསུངས་པ་ལྟར་རོ།། རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་བསྟན་པ། བཞི་པ་རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བ་བསྟན་པ་ནི། ཀུན་གཞིའི་ཆ་ལ་རྣམ་ཤེས་ཡེ་ཤེས་གཉིས།། རྣམ་ཤེས་འཁྲུལ་ཆ་ཀུན་ཏུ་བརྟགས་པ་ཙམ།། ཡེ་ཤེས་དོན་དམ་ཡོངས་གྲུབ་དབུ་མ་ཉིད།། ཆོས་སྐུའི་ཡོན་ཏན་གདོད་ནས་ལྷུན་གྲུབ་དང༌།། གཟུགས་སྐུའི་ཡོན་ཏན་སྔར་མེད་གསར་སྐྱེས་གསུངས།། ཞེས་པ་སྟེ་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད། འཁོར་འདས་ཆོས་རྣམས་ཀུན་གྱི་གནས་སམ་རྟེན་ཡིན་པས་ན་ཀུན་གཞི་ཞེས་བྱ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། ས་བོན་གྱུར་པའི་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱང་པར་གྱུར་པ་ལས། །སངས་རྒྱས་གོ་འཕང་འཐོབ་པར་འགྱུར།། ཅེས་དང༌། རྒྱན་སྟུག་པོ་བཀོད་པའི་མདོ་ལས། །ཀུན་གཞི་དྲི་མེད་བསོད་ནམས་ཀྱིས། །དེ་བཞིན་གཤེགས་པར་འགྱུར་པ་ཡིན།། ཅེས་དང༌། སྙིང་པོ་དེ་ལ་ཀུན་གཞིའི་སྒྲར། དེ་བཞིན་གཤེགས་རྣམས་བསྟན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ།། ཞེས་དང༌། རྫོགས་པ་ཆེན་པོ་ཀུན་འདུས་རིག་པའི་མདོ་ལས། ཀུན་གཞི་ཀུན་གྱི་དབྱིངས་ན་དཔའ། །རྡོ་རྗེ་སྙིང་པོ་རབ་ཏུ་གནས། །སེམས་ཅན་སངས་རྒྱས་ཀུན་གྱི་དབྱིངས། །རྡོ་རྗེ་སེམས་དཔའ་དེ་བཞིན་ཉིད།། ཅེས་གསུངས་པ་ལྟར། ཀུན་གཞི་བདེ་གཤེགས་སྙིང་པོ་དེ་ཉིད་གཞི་དུས་དྲི་བཅས་ཀྱི་སྐབས་སུ་རྣམ་པ་འཁོར་བ་ངོ་བོ་མྱང་འདས་ཡིན་པའི་དབང་གིས། དེའི་ཆ་ལ་འཁོར་བ་སྣང་བའི་གཞི་ཀུན་གཞིའི་རྣམ་པར་ཤེས་པ་དང༌། མྱང་འདས་ཀྱི་རང་བཞིན་འོད་གསལ་བའི་ཡེ་ཤེས་དང་གཉིས་དཔེར་ན་འཁྱག་སྦྲམ་ཆུ་དངོས་མ་ཡིན་ཀྱང་ཆུ་ལས་མ་བྱུང་བའི་འཁྱག་སྦྲམ་མེད་པ་ལྟར་སྣང་སྟེ། དེའང་རྣམ་ཤེས་ནི་ཀུན་གཞི་དེ་ཡི་ངོ་བོ་མ་རིག་པའི་དབང་གིས་རྒྱུ་བྱས་ཏེ། ཀུན་རྟོག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་པས་རྣམ་ཤེས་གཞན་དབང་དུ་གྱུར་པའི་འཁྲུལ་ཆ་ལ་བརྟེན་ཏེ། མིང་དང་བརྡས་ཀུན་ཏུ་ཐ་སྙད་སྣ་ཚོགས་བཏགས་པ་ཙམ་ཡིན་ལ། ཡེ་ཤེས་ནི་གཞི་དེ་ཡི་གནས་ལུགས་རང་བཞིན་འོད་གསལ་ཇི་བཞིན་རྟོགས་ཏེ། གཟུང་འཛིན་གྱི་འཆིང་བ་རང་སར་གྲོལ་བའི་དོན་དམ་ཆོས་ཉིད་ཡོངས་གྲུབ་རྟག་ཆད་ཀྱི་མཐའ་ཐམས་ཅད་རང་བཞིན་གྱིས་བྲལ་བའི་ངེས་དོན་ཡང་དག་པའི་དབུ་མ་ཉིད་དེ་འཕགས་པ་ལང་ཀར་གཤེགས་པ་ལས། མིང་དང་མཚན་མ་ཀུན་རྟོག་པ། །རང་བཞིན་གཉིས་ཀྱི་མཚན་ཉིད་དེ། །ཡང་དག་ཤེས་དང་དེ་བཞིན་ཉིད། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ།། ཞེས་གསུངས་པ་ལྟར། ཡོངས་གྲུབ་དེ་ལ་ཆོས་ཉིད་དེ་བཞིན་ཉིད་དང༌། ཆོས་དབྱིངས་དང༌། དོན་དམ་ལ་སོགས་པ་ནི་མིང་གི་རྣམ་གྲངས་ཏེ། དབུས་མཐའ་ལས། སྟོང་པ་ཉིད་དེ་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ།། ཞེས་གསུངས་པ་ལྟར་རོ།། དེ་ལྟར་གཟུང་འཛིན་ཅན་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཉིད་དོན་དམ་མཐར་ཐུག་གི་དབུ་མར་འཇོག་ཚུལ་འདི་ཉིད། ངེས་དོན་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་དང་ཁྱད་པར་དུས་ཀྱི་འཁོར་ལོའི་ཡེ་ཤེས་ལེའུ་ལས་གསུངས་པ་ལྟར་ཏེ། ལང་ཀར་གཤེགས་པ་ལས། སེམས་ཀྱིས་སུ་ནི་ལས་རྣམས་སོག །ཡེ་ཤེས་ཀྱིས་ནི་རྣམ་པར་འབྱེད།། ཅེས་དང༌། ཡུལ་དང་འབྲེལ་བ་སེམས་ཡིན་ཏེ། །རྣམ་རྟོག་རིག་པ་ཡེ་ཤེས་ཡིན།། ཅེས་དང༌། དམ་པ་དང་པོའི་སངས་རྒྱས་ལས། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པར་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱི་བགྲོད་པར་གནས།། ཞེས་རྣམ་ཤེས་ལས་འདས་པའི་ཡེ་ཤེས་དང༌། ཡེ་ཤེས་དེ་ལ་གློ་བུར་གྱི་དྲི་མས་མ་གོས་པ་དང༌། རང་བཞིན་འོད་གསལ་དུ་བསྟན་པ་གསུམ་གསལ་པར་བསྟན་པ་དང༌། དེ་བཞིན་རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། ཅེས་གསུངས་པ་ལྟར་རོ།། དེ་ལྟ་བུའི་ཆོས་སྐུ་དེ་བཞིན་ཉིད་དེའི་བླ་མེད་ཡོན་ཏན་གྱི་ཆོས་རྣམས་དབྱེར་མེད་པ་སྐུ་དང་ཡེ་ཤེས་སྟོབས་སོགས་ནི་གདོད་མ་ཉིད་ནས་ལྷུན་གྲུབ་ཏུ་ཉི་མ་དང་འོད་ཟེར་བཞིན་དུ་སྣང་བ་དང༌། གཟུགས་སྐུའི་ཡོན་ཏན་མཚན་དང་དཔེ་བྱད་སོགས་ནི་དཔེར་ན་གསེར་ལས་བྱས་པའི་སྐུ་ལྟར་སྔར་མེད་གསར་དུ་སྐྱེས་པར་གསུངས་ཏེ། རྒྱུད་བླ་མ་ལས། གཟུགས་བརྙན་གྱི་ནི་རང་བཞིན་ཕྱིར། །སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ།། ཞེས་གསུངས་པ་ལྟར་རོ།། དེ་ལྟར་རྣམ་ཤེས་དང་ཡེ་ཤེས་དབྱེ་བའི་དོན་ནི། རྣམ་རིག་པ་རྣམས་ཀྱིས་ཕྱི་དོན་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་སེམས་ཙམ་ལས་བདེན་དངོས་སུ་མ་གྲུབ་པར་འདོད་པས་ཕྱི་དོན་རྟོགས་ལུགས་མ་ནོར་ཀྱང༌། གཟུང་བའི་རྣམ་པར་ཤེས་པ་རྫས་གཅིག་ཏུ་སོང་བ་དང༌། སྣང་མཁན་གྱི་ཤེས་པ་དོན་དམ་བདེན་པར་འདོད་ཕྱིར། ཀུན་ཏུ་བརྟགས་པའི་བདག་རགས་པ་མེད་པར་ཁས་བླངས་ཀྱང༌། རྣམ་པ་ལ་བཏགས་པའི་བདག་མེད་པར་མ་གྲུབ་པའི་ཕྱིར་འཛིན་པ་ཆོས་བདག་གི་ཕྱོགས་གཅིག་ལུས་པས། བདག་མེད་གཉིས་ཇི་བཞིན་པ་ཞིག་སེམས་ཙམ་རྣམ་བདེན་པ་རྣམས་ཀྱིས་གཏན་ལ་མ་ཕེབས་པའི་ན། འཇམ་མགོན་བླ་མའི་ཤེས་བྱ་མཛོད་ལས། །སེམས་ཙམ་རང་ལུགས་བདག་མེད་གཉིས་རྟོགས་འདོད། །དབུ་མས་གཞལ་ན་གཉིས་སྟོང་ཤེས་པ་ཉིད། །བདེན་གྲུབ་འདོད་ཕྱིར་ཆོས་བདག་ཕྱོགས་གཅིག་ལུས།། ཞཻས་གསུངས་པ་ལྟར། ཆོས་ཅན་གཟུང་འཛིན་ཅན་གྱི་རྣམ་ཤེས་དང༌། ཆོས་ཉིད་རང་བཞིན་འོད་གསལ་གྱི་ཡེ་ཤེས་གཉིས་མ་ཕྱེད་པས་སོ།། འོ་ན་ཀུན་བཏུས་ལས། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དུ་ཡོད།། ཅེས་མ་གསུངས་སམ་སྙམ་ན། དེ་ནི་ཆོས་བདག་རགས་པ་ཙམ་རྟོགས་པའི་དབང་དུ་བྱས་པ་ལས། སླར་དབུ་མའི་སྐབས་སུ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་བཞེད་དོ།། ཞེས་གསུངས་པས་གསལ་ལོ།། དེ་བཞིན་རྣམ་རྫུན་པ་རྣམས་ཀྱིས་སྔ་མ་ལྟར་རྣམ་བཅས་ཀྱི་ཤེས་པ་དེ་ཡང་མི་བདེན་ཏེ་རྫུན་པས་ན། དེ་ལས་འདས་པའི་མེད་པ་གསལ་སྣང་ཙམ་ལ་དོན་དམ་དུ་བཞེད་ཀྱང༌། གདོད་ནས་སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཇི་བཞིན་པ་ཅུང་ཟད་གཏན་ལ་མ་ཕེབས་པ་ཡིན་ནོ།། དེ་དག་གི་ཕྱིར་ན་ངེས་དོན་དབུ་མ་གཞན་སྟོང་པ་རྣམས་ཀྱིས་ནི། ས་བཅུའི་དབང་ཕྱུག་གི་ཞལ་ནས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་ཀ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་འཇུག། ཅེས་གསུངས་པ་ལྟར་འཛིན་པ་ནི་གཟུང་པ་ལ་ལྟོས་ནས་གྲུབ་སྟེ། སེམས་ཀྱི་དབང་གིས་སྣང་བ་རྣམས་ཀྱང་དེ་ལས་བྱུང་བ་ལས། སྣང་བའི་དབང་གིས་སེམས་གསར་དུ་བྱུང་བ་མ་ཡིན་པས་ན། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་སེམས་ལས་གཞན་དུ་མེད་དེ། ནང་གི་བག་ཆགས་སད་པའི་དབང་གིས་དོན་ལྟར་སྣང་བ་ལས། ཕྱི་དོན་ཡོད་ཀྱང་མི་སྣང་སྟེ་ཡི་དྭགས་ཀྱིས་ཆུ་དང་ནམ་མཁའ་མཐའ་ཡས་པས་གཟུགས་བཞིན་ཏེ། དེ་ལྟ་བུའི་རྟགས་ཀྱིས་གཟུང་བ་རང་བཞིན་མེད་པར་གྲུབ་པོ།། གཟུང་བ་དེ་དང་བྲལ་བའི་ཚེ་འཛིན་པས་ཀྱང་སྟོངས་ཏེ། གཉིས་སྟོང་མངོན་དུ་གྱུར་པ་ནི་ཆོས་དབྱིངས་དྲི་མེད་རྒྱལ་བའི་སྙིང་པོ་ཉིད་དུ་བཞེད་དེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། །གཟུང་བ་མེད་པས་དེར་འཛིན་མེད། །དེ་མེད་རྣམ་པར་ཤེས་པ་མེད།། ཅེས་དང༌། ཆོས་ཉིད་རྣམ་འབྱེད་ལས། གཟུང་བར་སྣང་བ་མེད་གྲུབ་ན། །འཛིན་པར་སྣང་བ་མེད་གྲུབ་པོ།། ཞེས་དང༌། སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ལས། གང་ཚེ་སེམས་ཉིད་གཟུང་བྲལ་བ། །དེ་ཚེ་ཐམས་ཅད་དེ་བཞིན་གཤེགས།། ཞེས་དང༌། དབུ་མ་འཇུག་པ་ལས། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། །བདེ་བླག་སྙེད་ཅེས་རྒྱལ་བ་རྣམས་ཀྱིས་གསུངས།། ཞེས་སོགས་གསུངས་པ་ལྟར་རོ།། དེ་དག་གི་ཕྱིར་ན་ལུགས་འདིར་ཀུན་རྫོབ་ཕྱི་དོན་གྱི་འཇོག་ཚུལ་རྣལ་འབྱོར་སྤྱོད་པ་དང་མཚུངས་ཤིང༌། དོན་དམ་གྱི་འཇོག་ཚུལ་དབུ་མ་དང་མཐུན་པ་ཡིན་ཏེ། དང་པོ་སེམས་ཙམ་ལ་བརྟེན་དེ་ཕྱི་དོན་བདེན་པར་མ་གྲུབ་པར་ཤེས་པར་བྱས་ཏེ། དེ་ནས་སྣང་མེད་དབུ་མ་ལ་བརྟེན་ཏེ་སེམས་ཙམ་པའི་རྣམ་ཤེས་བདེན་གྲུབ་ལས་ཀྱང་འདའ་བར་བྱ་ཞིང༌། སླར་ཡང་དག་དམིགས་པ་ལ་བརྟེན་ཏེ་སྔ་མ་སྣང་མེད་དེ་ལས་ཀྱང་འདས་པའི་ཡུལ་ཆོས་ཉིད་དེ་བཞིན་ཉིད་དང༌། ཡུལ་ཅན་སོ་སོ་རང་རིག་གམ་མི་རྟོག་ཡེ་ཤེས་གཉིས་གནས་སྣང་འདྲེས་པར་གྱུར་པའི་ཚེ་དོན་དམ་ཆོས་དབྱིངས་མུ་བཞིའི་སྤྲོས་པ་དང་བྲལ་བ་རྟོགས་པར་འགྱུར་བ་ལས། གཞན་དུ་སྣང་མེད་དབུ་མའི་ལམ་ཁོ་ནས་ཀྱང་ཐེག་པ་ཆེན་པོ་མི་མཐོང་བར་གསུངས་ཏེ། ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ། །སྣང་བ་མེད་ལ་བརྟེན་ནས་སུ། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །ཡང་དག་དམིགས་ལ་བརྟེན་ནས་སུ། །སྣང་མེད་ལས་ཀྱང་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པས། །ཐེག་པ་ཆེན་པོ་མི་མཐོང་ངོ༌།། ཞེས་གསུངས་པ་ཇི་བཞིན་དུ། འཕགས་པ་ཀླུ་སྒྲུབ་ཀྱི་རང་བཞིན་གསུམ་ལ་འཇུག་པ་ལས། སེམས་ཙམ་ལ་ནི་དམིགས་པ་ཡིས། །ཤེས་བྱའི་དོན་ལ་མི་དམིགས་ཉིད། །ཤེས་བྱའི་དོན་ལ་དམིགས་མེད་པས། །སེམས་ནི་མི་དམིགས་ཉིད་དུ་འགྱུར། །གཉི་ག་ལ་ནི་མི་དམིགས་པས། །ཆོས་ཀྱི་དབྱིངས་ལ་དམིགས་པ་ཉིད། །ཆོས་ཀྱི་དབྱིངས་ལ་དམིགས་པ་ཡིས། །འབྱོར་བ་ཉིད་ལ་དམིགས་པར་འགྱུར། །འབྱོར་བ་ཉིད་ནི་ཐོབ་གྱུར་ན། །རང་དང་གཞན་གྱི་དོན་འཇུག་ཕྱིར། །སྐུ་གསུམ་བདག་ཉིད་བྱང་ཆུབ་ནི། །བླ་མེད་བློ་དང་ལྡན་པས་འཐོབ།། ཅེས་དང༌། ཀླུ་སྒྲུབ་ཀྱི་ཐེག་ཆེན་ཉི་ཤུ་པ་ལས། རྨོངས་པའི་མུན་པ་གཉིད་སད་ལ། །འཁོར་བ་རྣམས་ནི་དམིགས་པ་མེད། །སྒྱུ་མས་སྤྲུལ་པ་སྒྱུ་མར་མཐོང༌། །གང་ཚེ་འདུས་པ་དེ་ཡི་ཚེ། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །དེ་ནི་ཆོས་རྣམས་ཆོས་ཉིད་ཡིན། །འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མ་ལྟ་བུར་གནས་པ་ཡིན། །དགེ་དང་མི་དགེ་ལས་རྣམས་ཀྱིས། །དེ་ཡི་བཟང་ངན་སྐྱེ་བ་རྣམས། །སེམས་ཀྱི་འཁོར་ལོ་འགགས་པ་ཡིས། །ཆོས་རྣམས་ཐམས་ཅད་འགག་པ་ཉིད། །དེ་ཕྱིར་ཆོས་ཉིད་བདག་མེད་ཅིང༌། །དེས་ན་ཆོས་ཉིད་རྣམ་པར་དག། ཅེས་དང༌། སློབ་དཔོན་ཨཱརྱ་དེ་ཝས། ཕྱི་རོལ་དོན་ནི་ཡོད་མ་ཡིན། །རང་གི་སེམས་ལས་མཐོང་བར་འགྱུར། །དེ་ཡང་སྒྱུ་མར་བལྟ་བྱ་ཞིང༌། །དེ་བཞིན་ཉིད་དུ་རྗེས་དྲན་བྱ།། ཞེས་དང༌། ཁྱད་པར་དུ་ལང་ཀར་གཤེགས་པ་ལས། ཕྱི་རོལ་དངོས་པོ་རྣམས་བསལ་བས། །རྣམ་པར་རྟོག་པ་རྣམས་ལྡོག་སྟེ། །ལམ་དེ་ཉིད་ནི་དབུ་མའོ།། ཞེས་ཕྱི་དོན་འགོག་ཚུལ་འདི་ཉིད་དབུ་མའི་ལམ་ཡིན་པ་གསལ་བར་གསུངས་པའི་ཕྱིར་དང༌། ཀླུ་སྒྲུབ་ཡབ་སྲས་ཀྱིས་ཀྱང་དོན་གྱིས་དེ་ལྟར་བཞེད་པ་གོང་སྨཽས་རྣམས་ཀྱིས་གསལ་ཀྱང༌། དེང་སང་གི་ཐལ་འགྱུར་བ་རྣམས་ཀྱིས་ནི། དོན་དམ་གྱི་འཇོག་ཚུལ་རྣམ་ཡེའི་ཁྱད་པར་ལ་མི་བརྟགས་པར། ཕྱི་དོན་འཇོག་ཚུལ་ཙམ་གྱིས་སེམས་ཙམ་དུ་འགྱུར་ཞེས། སེར་པོ་ཐམས་ཅད་ར་གན་ཡིན་པར་སྒྲུབ་པའི་རིགས་པས་ལང་ཀར་གཤེགས་པའང་སེམས་ཙམ་༼གྱི་མདོ་༽ཡིན་པར་སྨྲ་ཡང༌། མདོ་སྡེ་དེ་ཉིད་ལས་སེམས་ཙམ་ལས་འདས་པའི་ཚུལ་དང༌། རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བ་གསལ་བར་བསྟན་པར་མ་ཟད། རྔ་བོ་ཆེ་དང་ལང་གཤེགས་སུ་མདོ་སྡེ་དེ་ཉིད་ཀྱི་ཚུལ་འཛིན་ཅིང་དེ་ཉིད་ས་སྟེང་དུ་རྒྱས་པར་མཛད་པ་པོ་འཕགས་པ་ཀླུ་སྒྲུབ་ཡིན་པར་ལུང་གིས་བསྟན་ཕྱིར། གལ་ཏེ་མདོ་སྡེ་དེ་གཉིས་སེམས་ཙམ་ཡིན་ན་ཀླུ་སྒྲུབ་ཉིད་ཀྱང་སེམས་ཙམ་འཛིན་པའི་སློབ་དཔོན་དུ་ཐལ་བས་ན་ལེགས་པར་བརྟགས་ཏེ་སྨྲ་བ་མཛེས་སོ།། སྤྱིར་ཡང་སྟོང་ཉིད་ནི་གདོད་ནས་སྐྱེ་མེད་དང་སྟོང་པ་ཉིད་དུ་གོ་དགོས་ཀྱི། སྐྱེ་བ་ཁེགས་པའི་མཐའ་བྲལ་དང༌། གཟུགས་ལ་དཔྱད་པའི་བེམ་སྟོང་ཙམ་ནི་ཐ་སྙད་དང་བློས་བྱས་ལས་མ་འདས་པ་ན། ལང་ཀར་གཤེགས་པ་ལས། མ་སྐྱེས་སྟོང་པ་མཆོག་ཡིན་ཏེ། །སྐྱེས་པའི་སྟོང་ཉིད་འཇིག་པར་འགྱུར།། ཅེས་དང༌། སྟོང་ཕྱིར་སྟོང་ཞེས་བཤད་པ་མིན། །སྐྱེ་བ་མེད་ཕྱིར་སྟོང་ཞེས་བཤད།། ཅེས་དང༌། ཇོ་བོའི་དབུ་མ་བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ནི། །ཡང་དག་པ་དང་མཐུན་ཉིད་འདོད། །དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ནི་བཀག་མེད་གསལ།། ཅེས་དང༌། མངོན་སུམ་དང་ནི་རྗེས་སུ་དཔག །སངས་རྒྱས་པ་ཡིས་དེ་གཉིས་གཟུང༌། །གཉིས་པོས་སྟོང་ཉིད་རྟོགས་སོ་ཞེས། །ཚུལ་རོལ་མཐོང་པའི་རྨོངས་པ་སྨྲ།། ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་ཀྱི་བཤད་པ་ལས། དགེ་དང་མི་དགེ་བའི་རྣམ་རྟོག་ནི། །རྒྱུན་ཆད་པ་ནི་མཚན་ཉིད་ཅན། །སྟོང་པ་སངས་རྒྱས་ཀྱིས་གསུངས་ཏེ། །མེད་པའི་མཚན་ཉིད་མ་ཡིན་ནོ།། ཞེས་དང༌། རིགས་ལྡན་འཇམ་དཔལ་གྲགས་པའི་ཞལ་ནས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་ཏུ་སྙིང་པོ་མེད། །རྣམས་ཀུན་གྱི་མཆོས་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན།། ཅེས་དང༌། ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད།། ཅེས་གསུངས་པ་ལྟར་རོ།། དེ་བཞིན་དུ་ཡོད་མེད་རྟག་ཆད་ཀྱི་མཐའ་རྣམས་ཀྱང་རང་བཞིན་གྱིས་བྲལ་བ་ལས་དཔྱད་མཐས་བསལ་བ་ཙམ་མིན་ནོ།། ཁ་ཅིག་དག་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་ཡོད་པར་གསུངས་པ་དྲང་དོན་ཡིན་གྱི། ངེས་པར་ཡོད་པར་འདོད་ན་རྟགསྨྲ་དང་མཚུངས་པར་འདོད་པ་དག་མཆིས་ཀྱང༌།གལ་ཏེ་རིགས་ཁམས་ཀྱི་ས་བོན་དེ་སེམས་ཅན་གྱི་རྒྱུད་ལ་མེད་ན། ལམ་གནད་དུ་བསྣུན་ཀྱང་དག་པ་སྒྲིབ་བྲལ་གྱི་ཆོས་སྐུ་མངོན་དུ་བྱེད་ནུས་པར་མི་འགྱུར་ཏེ་ས་བོན་མེད་པའི་མྱུ་གུ་བཞིན་ནོ།། དེས་ན་རྫོགས་པ་ཆེན་པོ་ཀུན་འདུས་རིག་པའི་མདོ་ལས།དབྱིངས་འདི་མེད་ན་ཀུན་དང་འགལ། །གལ་ཏེ་མེད་པ་གཅིག་ཡོད་ན། །འཛིན་པའི་ཕྱོགས་ཀྱང་དེར་བལྟ་བས། །ནམ་ཡང་གྲོལ་བར་མི་འགྱུར་བས། །འཆིང་བའི་མདུད་པ་དེ་ན་ཡོད། །གང་ཞིག་མུར་འཛིན་མཐར་ལྟ་བ། །དེས་ནི་མུ་མེད་དོན་མ་མཐོང༌། །མུར་འཛིན་མཁའ་ལ་མཐོས་འཇལ་འདྲ།། ཞེས་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བ་ཡིན། །ཁམས་མེད་ན་ནི་ལས་བྱས་ཀྱང༌། །ཉོན་མོངས་ངལ་བ་ཙམ་དུ་ཟད།། ཅེས་དང༌། དབུ་མ་འཇུག་པ་ལས་ཀྱང༌། སོ་སོའི་སྐྱེ་བོའི་དུས་ན་སྟོང་པ་ཉིད་ཐོས་ན། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང༌། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཅིང༌། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་སངས་རྒྱས་པའི་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ།། ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་མཆོག་ཀྱང་རང་བཞིན་གནས་རིགས་སད་དེ་མངོན་པར་སངས་རྒྱས་པར་གསུངས་པའི་ཕྱིར་རོ།། དེ་ཉིད་རྟོག་གེ་མཁན་གྱི་སྤྱོད་ཡུལ་དུ་ཅི་ཞིག་སྐལ་ཏེ། ལང་གཤེགས་ལས། སོ་སོ་རང་རིག་རྟོགས་བྱ་བ། །བདག་ནི་རྣམ་དག་མཚན་ཉིད་ཅན། །བདེ་བར་གཤེགས་པའི་སྙིང་པོ་དགེ། །རྟོག་གེ་མཁན་གྱི་སྤྱོད་ཡུལ་མིན།། ཅེས་དང༌། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། རང་རིག་རྟོག་གེ་སྐམ་པོ་དང༌། །མཐར་ལྷུང་དབུ་མར་ཁས་ལེན་པ། །དེ་ནི་སེམས་ཉིད་རང་རིག་དང༌། །བརྗོད་མེད་བསམ་གྱིས་མི་ཁྱབ་པའི། །མི་མཐུན་པ་ཡི་ཕྱོགས་ཡིན་ཏེ། །དེ་བྲལ་བསམ་གྱིས་མི་ཁྱབ་པའི། །རང་རིག་ཡེ་ཤེས་ཆེན་པོ་ཡིན།། ཅེས་གསུངས་པས་སོ།། དབུ་མ་ཐམས་ཅད་འགལ་མེད་བཟང་མཉམ་དུ་བསྟན་པ། ལྔ་པ་དབུ་མ་ཐམས་ཅད་འགལ་མེད་བཟང་མཉམ་དུ་བསྟན་པ་ནི། མདོར་ན་དབུ་མ་ཐམས་ཅད་དགོངས་པའི་མཐིལ།། བཟང་མཉམ་ཡིན་ཅེས་མཁས་གྲུབ་ཚད་མས་གསུངས།། ཞེས་པ་སྟེ། དེའང་མདོར་དྲིལ་ན་ཇི་སྐད་བཤད་པའི་དབུ་མ་ཐམས་ཅད་ཀྱི་མཐར་ཐུག་དགོངས་པའི་མཐིལ་ནི། ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་འབེབས་པ་དང༌། མཉམ་བཞག་ཏུ་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་བྲལ་བར་བཞེད་པ་ལ་ཁྱད་པར་མེད་ཀྱང༌། རྗེས་ཐོབ་གྲུབ་མཐའ་ཞལ་བཞེས་ཀྱི་སྐབས་ཀུན་རྫོབ་དང་དོན་དམ་གྱི་འཇོག་ཚུལ་ཅུང་ཟད་ཙམ་གྱི་ཁྱད་པར་ཏེ། ཐལ་འགྱུར་བས་ཀུན་རྫོབ་ལ་དཔྱད་ན་བདེན་པས་སྟོང་བར་འདོད་པ་དང༌། གཞན་སྟོང་པས་ཀུན་རྫོབ་བདེན་མེད་རང་བཞིན་ཡོངས་ཤེས་ཀྱིས་སྟོང་པར་འདོད་པ་དང༌། རང་རྒྱུད་པས་ཀྱང་དེ་ལ་ཡང་ལོག་གི་དབྱེ་བ་ཙམ་ལས་ཁྱད་པར་ལོགས་སུ་མེད་ལ། མཐར་ཐུག་དོན་དམ་འཇོག་ཚུལའང་དཔྱད་པ་དང་སྒོམ་དོན་གྱི་དབང་གིས་རྣམ་གྲངས་དང་རྣམ་གྲངས་མིན་པའི་སྟོང་ཉིད་ཀྱི་ཁྱད་པར་ཙམ་ལས། ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་སྤྲོས་པ་དང་བྲལ་བར་བཞེད་ཕྱིར། ཆོས་ཀྱི་དབྱིངས་དེ་ལ་མཆོག་དམན་དང་ཁྱད་པར་ཅི་ཡང་མེད་དོ།། ལྟ་བ་དེ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཚེ་བློའི་མཚན་འཛིན་གཞིག་དཀའ་བས། དེ་ཐོས་བསམ་ལས་བྱུང་པའི་ཤེས་རབ་ཀྱིས་འགོག་པར་བྱེད་པའི་ཚེ་སྒྲོ་འདོགས་གཅོད་བྱེད་ཀྱི་རིགས་པ་ལ་རིགས་ཚོགས་དྲུག་གི་དགོངས་པ་གཙོ་བོར་བཏོན་པ་ཐལ་འགྱུར་བ་བཟང་ཞིང༌། སྒོམ་བྱུང་མཉམ་མྱོང་གིས་གཏན་ལ་འབེབས་པའི་སྐབས་སུ་དབུ་མ་གཞན་སྟོང་ཉིད་ཆེས་ཟབ་པ་སྟེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་ཡིན་པ་གང་ཞིག འཁོར་ལོ་ཐ་མའི་མདོ་སྡེ་རྣམས་ལས་གསལ་པར་བསྟན་པ་ཉིད། ས་བཅུའི་དབང་ཕྱུག་གི་གསུང་རྒྱུ་བླ་མ་དང་འཕགས་པ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་དང༌། གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་ཀྱི་ལྟ་བ་བཅས་གཅིག་ཏུ་གྱུར་པའི་དབང་གིས་སོ།། དེས་ན་དབུ་མ་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཙམ་ལས་ཐམས་ཅད་བཟང་མཉམ་ཡིན་ཅེས། མཁས་ཤིང་གྲུབ་པ་བརྙེས་ལ་ལུང་དང་རིགས་པ་རྗེས་དཔག་ཚད་མ་གསུམ་གྱིས་གྲུབ་པའི་ཆོས་སྤྱན་མངའ་བ་རྣམས་ཀྱིས་གསུངས་ཏེ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཞལ་ནས། ཐོགས་མེད་བཞེད་གཞུང་ཀུན་གཞིའི་མཚན་ཉིད་དང༌། །སྟོང་ཉིད་གསུམ་གྱི་རྣམ་གཞག་འདི་མེད་ན། །ཚུལ་ཆེན་གཞུང་གི་སྦྱང་གཞི་སྦྱང་བྱེད་དང༌། །ཕྱི་ནང་གཞན་གསུམ་རྣམ་གཞག་གང་གིས་འཆད། །གཉིས་མེད་ཡེ་ཤེས་ངོ་བོས་སྟོང་པའི་ཚུལ། །ཐལ་རང་གཞུང་གི་དབྱེ་བ་འདི་མེད་ན། །ཟབ་གསལ་ཡེ་ཤེས་བདེན་པར་འཛིན་པ་དང༌། །གྱ་ནོམ་ལྷར་ཞེན་རྟོག་པ་གང་གིས་སྤོང༌།། ཞེས་དང༌། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་ཞལ་ནས། ཐལ་འགྱུར་དབུ་མའི་གཞུང་ཆེན་མ་གཙུག་ན། །འཁོར་ལོ་བར་པའི་ཆོས་མཛོད་ཇི་ལྟར་འཆད། །ཀླུ་སྒྲུབ་རིགས་ཚོགས་དགོངས་པ་ཇི་ལྟར་ལེན། །ལྷག་མཐོང་སོར་རྟོགས་ཤེས་རབ་སྟོན་ཐབས་གང༌། །གཞན་སྡེས་བཏགས་པའི་བདག་ལྟ་སུ་ཡིས་འཇོམས། །སེམས་ཙམ་གཞན་སྟོང་ཁྱད་པར་གང་གིས་འབྱེད། །གཤེགས་སྙིང་གློ་བུར་དྲི་མ་ཇི་ལྟར་སྦྱོང༌། །གཞན་སྟོང་དབུ་མའི་གཞུང་ཆེན་མ་བཙུགས་ན། །འཁོར་ལོ་ཐ་མའི་ངེས་དོན་ཇི་ལྟར་འབྱེད། །ཀླུ་སྒྲུབ་བསྟོད་ཚོགས་དགོངས་པ་ཇི་ལྟར་ལེན། །བྱམས་པ་ཐོགས་མེད་བཞེད་པ་ཇི་ལྟར་སྐྱོང༌། །དུས་འཁོར་དགྱེས་རྡོར་འདུས་པ་སྡོམ་པ་སོགས། །རྒྱུད་སྡེའི་དགོངས་པ་དབུ་མར་ཇི་ལྟར་འཆད། །འདུས་པའི་རྒྱུད་གསུམ་རྣམ་གཞག་ཇི་ལྟར་འབྱེད། །དམ་པ་དང་པོའི་སངས་རྒྱས་ཇི་ལྟར་འཆད། །རྒྱལ་བ་ཉིད་ཀྱིས་དྲང་ངེས་ཕྱེས་པ་དང༌། །འབྱེད་པར་ལུང་བསྟན་ས་གསུམ་བརྙེས་པ་ཡི། །འཕགས་པ་ཐོགས་མེད་ཀྱིས་ཕྱེས་དྲང་ངེས་དེ། །དཀྲུགས་པས་ལོག་རྟོག་གཡང་སར་མི་ལྷུང་ངམ། །གཟུངས་དབང་མདོ་དང་དགོངས་འགྲེལ་རྒྱུད་བླ་མ། །མདོར་བསྡུས་དགོངས་པའི་མཐར་ཐུག་ཐེག་གཅིག་གི། །རྣམ་བཞག་འཐད་ལྡན་སུ་ཡིས་འགོག་པར་ནུས།། ཞེས་གསུངས་པ་ལྟར་རོ།། དེ་བཞིན་ཀུན་མཁྱེན་ཀློང་ཆེན་པས་ཀྱང་གྲུབ་མཐའ་མཛོད་དང་ཡིད་བཞིན་མཛོད་དུ་ཐོས་བསམ་གྱིས་གཏན་ལ་དབབ་བྱ་ངོས་བཟུང་བའི་སྐབས་སུ་དབུ་མ་ཐལ་འགྱུར་བ་རྒྱུའི་ཐེག་པ་ཆེན་པོའི་རྩེ་མོར་བསྒྲུབ་པར་མཛད་ཅིང༌། སྒོམ་ཉམས་མྱོང་གིས་གཏན་ལ་འབེབ་པའི་སྐབས་སུ་སེམས་ཉིད་ངལ་གསོའི་རང་འགྲེལ་དུ། སོ་སོ་རང་རིག་པའི་ཡེ་ཤེས་ལ་དོན་དམ་ཞེས་བྱ་སྟེ། དེ་རྟོགས་པས་དོན་དམ་བདེན་པ་རྟོགས་པ་ཞེས་བྱའོ།། ཞེས་གསུངས་པ་ལྟར་རོ།། དབུ་མ་གཞན་སྟོང་ཉིད་ངེས་དོན་མཐར་ཐུག་ཏུ་གྲུབ་ཚུལ། དྲུག་པ་མདོ་སྔགས་དགོངས་པ་གཅིག་སྒྲིལ་གྱི་དབང་གིས་དབུ་མ་གཞན་སྟོང་ཉིད་ངེས་དོན་མཐར་ཐུག་ཏུ་གྲུབ་ཚུལ་ནི། ཁྱད་པར་མདོ་སྔགས་དགོངས་པ་གཅིག་སྒྲིམ་གྱིས།། ངེས་དོན་མཐར་ཐུག་དབུ་མ་འདི་ཡིན་ཅེས།། གཟུར་གནས་མཁས་པའི་ཚོགས་རྣམས་མགྲིན་གཅིག་བསྔགས།། ཞེས་པ་སྟེ། དེའང་དང་པོ་འཁོར་ལོ་ཐ་མ་ངེས་དོན་དུ་གྲུབ་ཚུལ་ནི། བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པས་འཇམ་དཔལ་རྩ་རྒྱུད་དུ། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་ཀྱི་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མོང་རབ་ཏུ་འབྱེད།། ཅེས་མདོ་སྡེའི་དྲང་ངེས་འབྱེད་པ་པོར་ལུང་བསྟན་བརྙེས་པ་འཕགས་པ་ཐོགས་མེད་ཀྱི་བསྡུ་བར་འཁོར་ལོ་ཐ་མ་ངེས་དོན་དུ་མཛད་པ་དང༌། དེ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་མདོ་བཏུས་སུའང་གཟུངས་དབང་མདོ་ལས་ཆོས་འཁོར་གསུམ་རིམ་པ་བཞིན་ནོར་བུ་སྦྱངས་པའི་དཔེས་བསྟན་པ་ལྟར་བཞེད་པས་དྲང་ངེས་ཀྱི་དབྱེ་བ་འབྱེད་པ་ལ་ཀླུ་ཐོགས་དགོངས་པའི་ཆུ་བོ་ཡེ་ཤེས་ཀྱི་ཀློང་དུ་གཅིག་ཕྱིར། འཕགས་པ་ཀླུ་སྒྲུབ་དང་ཨཱརྱ་དེ་ཝའི་གསུང་མཐུན་པར། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་སྟེ། །ཐ་མས་ལྟ་གཞི་ཀུན་ཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན།། ཅེས་གསུངས་ལ། དེར་མ་ཟད་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་ཝཱ་ར་ཎཱ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པའི་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང༌། བླ་ན་མཆིས་པ། སྐབས་མཆིས་པ་དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་ འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་དེའང༌། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་མ་མཆིས་པ་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་ནས། འགག་པ་མ་མཆིས་པ་ཉིད་དང༌། གཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལས་བརྩམས་ཏེ། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་དང༌། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ་སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་མ་གྱུར་པ་ལགས་སོ།། ཞེས་གཉིས་སུ་མེད་པར་གསུངས་པ་སངས་རྒྱས་ཀྱི་བཀའ་ཡང་དག་པའི་ཚད་མས་གྲུབ་པའི་ཕྱིར་ན། ཀླུ་སྒྲུབ་ཀྱིས། དོན་འདི་ལ་ནི་རྒྱལ་བ་ལས། །ལྷག་པའི་ཚད་མ་གཞན་ཞིག་སུ།། ཞེས་གསུངས་པ་ལྟར་རོ།། ཁྱད་པར་དུ་ངེས་དོན་འཁོར་ལོ་ཐ་མ་ལས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་སྡེ་ཐམས་ཅད་ཀྱི་དོན་གཅིག་ཏུ་བསྡུས་པ། རྒྱལ་ཚབ་ས་བཅུའི་དབང་ཕྱུག་གི་གསུང་ཐེག་པ་ཆེན་པོ་རྒྱུད་བླ་མ་དང༌། ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པའི་རྒྱུད་དུས་ཀྱི་འཁོར་ལོ་སོགས་སྔགས་བླ་མེད་རྣམས་དང༌། དེར་མ་ཟད་བསམ་ཡས་ཐེག་པའི་མཐར་ཐུག་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་སྒྲ་ཐལ་འགྱུར་དང་ཨ་ནུ་ལུང་གི་མདོ་བཞི་སོགས། སེམས་ཀློང་གི་རྒྱུད་རྣམས་དང་བཅས་མདོར་ན་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པའི་ཟབ་དོན་གཅིག་སྒྲིལ་གྱིས། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ། དོན་དམ་རང་བྱུང་གི་ཡེ་ཤེས་སམ་བདེ་གཤེགས་སྙིང་པོ་ཉིད་ཡིད་ཅན་ཀུན་ལ་ཁྱབ་པར་བཞུགས་པར་གསུངས་པའི་ཕྱིར་ན། དེ་དག་ལས་འགོང་བར་ནུས་པ་སུ་ཡང་མི་སྲིད་པར་མ་ཟད་འཁོར་ལོ་བར་པ་ལས་ཐ་མ་དང་སྔགས་ཀྱི་ལྟ་བ་དམན་པར་འདོད་དེ། ཐེག་པའི་གོ་རིམ་མས་འཛེགས་སུ་འཆད་པ་ནི་རྒྱལ་པའི་བསྟན་པ་འདིར་མི་སྲིད་པའི་ཕྱིར་ན། ཀུན་མཁྱེན་དྷརྨཱ་ཀ་རའི་ཞལ་ནས། སྟོན་པས་མདོ་སྡེའི་དྲང་ངེས་འབྱེད་བྱེད་དུ། །ལུང་བསྟན་ས་གསུམ་བརྙེས་པ་ཐོགས་མེད་ཀྱིས། །རྒྱལ་བས་གསུངས་བཞིན་ཐ་མ་ངེས་དོན་ཏུ། །བཞེད་ཅིང་རྣམ་གཞག་རྒྱས་པར་བཀྲལ་བ་ལ། །མཐར་ཐུག་མིན་ཅེས་སྨྲ་བ་རིགས་སམ་ཅི། །ཁྱད་པར་དཔལ་ལྡན་དུས་ཀྱི་འཁོར་ལོ་སོགས། །རྒྱུད་སྡེ་རྣམས་ཀྱི་དགོངས་པའང་གཞན་སྟོང་ཉིད། །དེས་ན་མདོ་ཡི་ངེས་དོན་ཙམ་ལས་ནི། །སྔགས་ཀྱི་ལྟ་བ་དམན་ཞེས་བརྗོད་འོས་མིན། །ཀླུ་སྒྲུབ་བསྟོད་ཚོགས་རང་བཞེད་སྙིང་པོ་སྟེ། །དེ་དང་ཐོགས་མེད་དགོངས་མཐུན་རིགས་ཚོགས་ནི། །མུ་སྟེགས་བྱེད་དང་རང་སྡེའི་བློས་བཏགས་པའི། །འཛིན་ཞེན་སྤྲོས་པ་བཟློག་པའི་ཆེད་དུ་བསྟན། །དུས་ཀྱི་འཁོར་ལོར་མེད་པར་དགག་པ་ཡི། །སྟོང་ཉིད་བེམ་སྟོང་དུ་གསུངས་རྣམ་ཀུན་གྱི། །མཆོག་ལྡན་སྟོང་ཉིད་པྲ་ཕབས་ལྟ་བུར་གསུངས། །དེས་ན་སེམས་ཀྱི་རང་བཞིན་འོད་གསལ་བ། །ཤེས་དང་ཤེས་བྱའི་མཚན་ཉིད་ཀུན་ལས་འདས། །དག་པ་རབ་འབྱམས་རྣམ་པ་ཐམས་ཅད་པར། །སྣང་ཡང་རྡུལ་དང་ཤེས་པའི་ཆོས་ཀྱིས་དབེན། །དེ་ལ་ཕྱག་རྒྱ་ཆེན་པོ་ཞེས་སུ་བརྗོད། །དེ་ཕྱིར་དེ་ནི་ཆོས་ཀུན་ལ་ཁྱབ་པའི། །ཆ་མེད་ཤེས་པ་རང་དབང་ཅན་མིན་ཏེ། །ཤེས་དང་ཤེས་བྱའི་མཚན་ཉིད་མེད་ཕྱིར་དང༌། །བློ་ཡི་ཡུལ་ལས་ཤིན་ཏུ་འདས་ཕྱིར་རོ། །བདག་ནི་དོན་དམ་རྟོགས་པའི་ཤེས་རབ་དང༌། །བྲལ་ཡང་གཞན་སྟོང་དབུ་མའི་རིང་ལུགས་ལ། །མོས་པ་ཆེན་པོས་ཡི་དམ་སྙིང་པོར་བགྱིད།། ཅེས་འབྲུག་ཡོངས་འཛིན་སྤྲུལ་སྐུའི་དྲིས་ལན་དུ་བསྩལ་བ་ལྟར་ཏེ། དེ་དག་གི་ཕྱིར་ན་ངེས་དོན་མཐར་ཐུག་གི་དབུ་མ་ནི་གཞན་སྟོང་འདི་ཁོ་ན་ཡིན་ཅེས་འཕགས་པའི་ས་ལ་བཞུགས་ཤིང་ཆོས་སྤྱན་ཡང་དག་པར་མངའ་ཞིང༌། ཐུགས་གཟུ་བོར་གནས་པ་སྟེ་ཤིན་ཏུ་དྲང་པོའི་བློ་ཅན་ཕྱོགས་སུ་མ་ལྷུང་བའི་མཁས་པའི་ཚོགས། སྟོན་པ་མཆོག་གིས་རྗེས་སུ་མདམས་པ་ལྟར། ཚིག་ལ་མི་རྟོན་དོན་ལ་རྟོན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་སྟེ་རྟོན་པ་བཞི་པོ་ཕྱིན་ཅི་མ་ལོག་པར་ཞུགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་པར་མཛད་དོ།། དེ་དག་གི་ལྟ་བ་ནི་ཐེག་ཆེན་སྤྱི་ལུགས་གོང་དུ་རྒྱས་པར་སོ་སོར་བསྟན་དོན་མདོར་དྲིལ་ན་གཟུང་འཛིན་གཉིས་དང་བྲལ་བའི་ཆོས་ཀྱི་དབྱིངས་དེ་ཉིད་དོ།། སྒོམ་པ་ནི་ཐེག་པ་ཆེན་པོའི་ལུགས་ཀྱི་བྱང་ཕྱོགས་སོ་བདུན་དང༌། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གྲངས་མེད་གསུམ་དུ་སྤྱད་པས། འབྲས་བུ་རྫོགས་པའི་སངས་རྒྱས་འགྲུབ་པར་འདོད་པ་ཡིན་ནོ།། དེ་ལྟ་བུའི་ལྟ་བ་དེ་སྒོམ་པས་གཏན་ལ་དབབ་པར་བྱེད་པའང༌། དང་པོ་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་མེད་དུ་མི་རུང་སྟེ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ལས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེས་ནི་སྒོམ་པ་ལ་ནི་སྦྱོར་བ་སྟེ། །དེ་ལས་དངོས་གྲུབ་བླ་ན་མེད་པ་འཐོབ།། ཅེས་དང༌། དཔལ་རང་བྱུང་ཞབས་ཀྱིས། ལུང་རིགས་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ། །མན་ངག་བསམས་པས་ཐེ་ཚོམ་མུན་ནག་བཅོམ། །སྒོམ་བྱུང་འོད་ཀྱིས་གནས་ལུགས་ཇི་བཞིན་གསལ།།ཅེས་གསུངས་པ་ལྟར། ཐོག་མར་ངེས་དོན་འཁོར་ལོ་ཐ་མའི་མདོ་རྣམས་དང༌། བྱང་ཆུབ་སེམས་འགྲེལ་གྱི་སྐོར་དང༌། བྱམས་ཆོས་སྡེ་ལྔ། དཔལ་མགོན་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ཀྱི་སྐོར་མཐའ་དག་ཁོངས་སུ་ཚུབ་པར་དགོས་ཀྱང་དེ་ལྟར་མི་ནུས་པ་རང་རེ་ལྟ་བུ་རྣམས་ཀྱིས་ཀྱང༌། སྙིང་པོའི་མདོ་སྡེ་ཐམས་ཅད་ཀྱི་དོན་གཅིག་ཏུ་བསྡུས་པ་རྒྱུད་བླ་མ་ཙམ་གྱི་དགོངས་དོན་ཆུབ་པར་བྱ་བ་གལ་ཆེ་སྟེ། སློབ་དཔོན་ཆེན་པོ་ཤཱནྟི་པའི་ཤེར་ཕྱིན་མན་ངག་ལས། རྒྱུད་བླ་མའི་དོན་ཤེས་ན་སྔགས་ཀྱང་ལག་པའི་མཐིལ་ཡིན་པར་གསུངས་ཕྱིར་རྗེ་མི་བསྐྱོད་ཞབས་ཀྱིས་སྔགས་སུ་འཆད་པ་དང༌། དེར་མ་ཟད་ཆོས་རྒྱལ་དྭགས་པོ་ལྷ་རྗེའི་ཞལ་ནས། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོ་འདི་ནི་ཐེག་པ་ཆེན་པོ་རྒྱུད་བླ་མའི་དགོངས་པ་ལྟར་རོ།། ཞེས་གསུངས་པའི་ཕྱིར་རོ།། ཚུལ་དེ་མངོན་སུམ་ལམ་དུ་བྱེད་པ་ནི་ཏིང་ངེ་འཛིན་གྱི་སྒོ་ཁོ་ན་ལ་རགས་ལས་པས་ན། ཕག་མོ་མངོན་པར་འབྱུང་པའི་རྒྱུད་ལས། སངས་རྒྱས་ཐོབ་པར་འདོད་པ་ཡི། །རྟོགས་པའི་དོན་གོ་བསྒོམས་ལས་འབྱུང༌། །གཞན་དུ་འབྲས་བུ་འབྱུང་མི་འགྱུར།། ཅེས་དང༌། འཕགས་པ་ཕལ་པོ་ཆེའི་མདོ་ལས། ཇི་ལྟར་བུ་རམ་མངར་བའི་རོ། །བཤད་པས་མྱང་བར་མི་འགྱུར་བས། །ནམ་ཞིག་བུ་རམ་ཟོས་པ་ན། །མངར་བའི་རོ་ནི་མྱང་པ་བཞིན། །སྟོང་པ་ཉིད་ཀྱི་དོན་དེ་དག །བཤད་པས་དེ་ནི་མྱང་མི་འགྱུར། །ནམ་ཞིག་དེ་ལ་བཏུད་བསྒོམས་ན། །རང་རིག་དེ་ལ་སྐྱེ་བར་འགྱུར།། ཅེས་གསུངས་པ་ལྟར་ཉམས་སུ་བསྟར་པའི་ཐོག་མར་ཐེག་པ་ཆེན་པོའི་རིགས་ཅན་དེས་བརྒྱུད་ལྡན་ཀྱི་གང་ཟག་ལས་བྱིན་སླབས་འཕོ་བའི་དབང་བསྐུར་ལེགས་པར་ཐོབ་པས། དང་པོ་སྦྱོར་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་པས། ལུས་བསམ་གཏན་གྱི་ཆོས་ལྔ་དང་ལྡན་པས་འཁོད་ལ། དངོས་གཞི་དམིགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། ནམ་མཁའ་རིན་པོ་ཆེའི་མདོ་ལས་འབྱུང་བ་ལྟར། རྒྱུད་བླ་མ་ལས། འདི་ལ་བསམ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ།། ཅེས་གསུངས་པའི་དོན་དེ་ཡང་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པས། དེ་ལ་མ་དག་པའི་སྐྱོན་བསལ་བར་བྱ་བ་ཅི་ཡང་མེད་ཅིང༌། གནས་ལུགས་དོན་དམ་གྱི་ཡོན་ཏན་རྣམས་གདོད་མ་ནས་ལྷུན་གྱིས་གྲུབ་པས་གསར་དུ་བསྣན་པའམ་གཞག་པར་བྱ་བ་ཅི་ཡང་མེད་པའི་ཡུལ་མཐའ་གཉིས་དང་བྲལ་བ་ཡང་དག་པའི་དོན་དེ་ཉིད་ལ། ཡུལ་ཅན་དོན་དམ་ཤེས་པའི་ཤེས་རབ་ཡང་དག་པས་ཡང་ཡང་བལྟ་ཞིང་མཉམ་པར་བཞག་པས། ཡུལ་ཆོས་ཉིད་མངོན་སུམ་དུ་ཡང་དག་མཐོང་བའི་ འཕགས་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་རིམ་གྱིས་སྐྱེས་པ་ན། མཐོང་ལམ་དུ་མཐོང་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང༌། སྒོམ་ལམ་དུ་སྒོམ་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང༌། མཐར་ཕྱིན་པའི་ལམ་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། ཀུན་འདུས་རིག་པའི་མདོ་ལས། སེམས་ཉིད་མ་བཅོས་ནམ་མཁའི་ངང་ལ་བཞག །དེས་ན་དྲན་ཅིང་རྟོག་པ་ཅི་བྱུང་ཡང༌། །དེ་བཞིན་མ་བཅོས་ཉིད་ཀྱིས་ལ་བཅད་པས། །ངང་གིས་མ་བཅོས་ཡང་གིས་འོད་གསལ་བ། །གསང་བ་འདུས་པ་རྣམས་ཀྱིས་རབ་ཏུ་བསྔགས།། ཞེས་དང༌། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། དེ་ལྟར་བསྒོམ་དུ་མེད་པའི་སྙིང་པོ་ལ། །མ་ཡེངས་དྲན་པས་བཟུང་བ་ནམ་ངག་ཡིན།། ཅེས་གསུངས་པ་ལྟར་ལ། དེའང་ཡུལ་ཅན་གྱི་ཤེས་པ་འདི་ཡུལ་དང་འབྲེལ་པའི་ཚེ་སེམས་སམ་རྣམ་པར་རྟོག་པ་ཞེས་བྱ་ལ། རྣམ་རྟོག་དེའི་རང་བཞིན་ཏེ་ངོ་བོ་རིག་པའི་ཚེ་མི་རྟོག་ཡེ་ཤེས་སམ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཞེས་བྱ་སྟེ། ལང་གཤེགས་ལས། ཡུལ་དང་འབྲེལ་བ་སེམས་ཡིན་ཏེ། །རྣམ་རྟོག་རིག་པ་ཡེ་ཤེས་ཡིན།། ཅེས་གསུངས་པའི་ཕྱིར་དྭགས་པོ་བཀའ་བརྒྱུད་པ་རྣམས་དེ་ལ་རྣམ་རྟོག་ཆོས་སྐུའི་ཐ་སྙད་ཀྱང་མཛད་དེ། དེའང་རྣམ་པར་རྟོག་པ་ཙམ་དུ་སྣང་བའི་ཆོས་འདི་དག་ཆོས་དབྱིངས་འོད་གསལ་བདེ་གཤེགས་སྙིང་པོ་ལས་མ་འདས་པས་ན། རྣམ་པ་རྣམ་རྟོག་ཏུ་སྣང་ཙམ་ལས་རང་བཞིན་ཆོས་སྐུར་གྲུབ་སྟེ། དཔེར་ན་ཆུ་ནང་གི་ཟླ་གཟུགས་ཆུའི་རྫས་ལས་མ་འདས་པའི་ཕྱིར་ན་ཟླ་གཟུགས་སུ་སྣང་ཙམ་ལས་རང་བཞིན་ཆུར་གྲུབ་པ་ལྟར་ཏེ། ཤེས་རབ་སྙིང་པོའི་མདོ་ལས། གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་དང༌། ཤེར་ཕྱིན་ལས། གཟུགས་ཀྱང་གཞན་ལ་གཟུགས་ཀྱི་དེ་བཞིན་ཉིད་ཀྱང་གཞན་མ་ཡིན་ཏེ། དེ་ལྟ་བས་ན་གཟུགས་དང་གཟུགས་ཀྱི་དེ་བཞིན་ཉིད་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་སོ་སོར་མ་ཡིན་ཐ་མི་དད་དོ།། ཞེས་གསུངས་པ་ལྟར་འདི་ལྟར་སྣང་བའི་ཆོས་ཐམས་ཅད་བརྡར་བཏགས་ཀུན་རྫོབ་ཀྱི་བདེན་པ། དེ་ལ་འཛིན་མེད་མ་བཅོས་རང་གར་བཞག་པས་སྣང་བ་སྟོང་པའི་རང་བཞིན་ཅན་དང༌། སྟོང་བ་སྣང་བའི་རྣམ་པ་ཅན་དབྱེར་མི་ཕྱེད་པའི་སྣང་སྟོང་བདེན་གཉིས་ཟུང་འཇུག་གི་ཆོས་སྐུ་མངོན་དུ་བྱེད་པ་ནི་དཔལ་ནཱ་རོ་དང་མཻ་ཏྲིའི་ཁྱད་ཆོས་ཏེ། པཎ་ཆེན་ནཱ་རོའི་ཚིག་བསྡུས་ལས། སྣང་བ་རང་གྲོལ་ཆོས་ཀྱི་སྐུ། །གང་གིས་དེ་ཉིད་མཐོང་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ།། ཞེས་དང༌། མཻ་ཏྲི་པས། སྣ་ཚོགས་སྣང་བ་སེམས་ཀྱི་ངོ་བོ་འདི། །ཐུག་ཕྲད་ཙམ་གྱིས་མ་གྲུབ་ཕྱག་རྒྱ་ཆེ།།ཞེས་དང༌། རྗེ་མར་པས། ཕྱི་སྣང་བ་སྒྱུ་མའི་འཕྲུལ་འཁོར་འདི།། སྐྱེ་མེད་ཕྱག་རྒྱ་ཆེན་པོར་རྟོགས།། ཞེས་དང༌། དཔལ་མཁའ་སྤྱོད་དབང་པོས། དུས་ད་ལྟའི་སྣང་རིག་གསལ་ཙམ་འདི། །ཆོས་ཀུན་རྫོབ་བདེན་པའི་རང་ངོ་ཡིན། །དེ་མ་བཅོས་རང་གའི་གནད་ཤེས་ན། །དོན་དམ་པའི་བདེན་པའང་དེ་ཁོ་ན། །གཞུང་ཐ་སྙད་མཁན་གྱི་བདེན་གཉིས་ཏེ། །ལུང་རིགས་པ་མང་ཡང་གནད་མ་གོ། །གཉིས་ཐ་དད་དུ་བཟུང་བས་གཉིས་མེད་ཉམས།། ཞེས་གསུངས་པ་ལྟར་རོ།། གནས་ལུགས་དེ་ཡི་མཐའ་བྲལ་ཚུལ་ཀྱང་བློས་བྱས་ཀྱི་མཐའ་བྲལ་ཙམ་མིན་ཏེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཀུན་བྱེད་བྱང་ཆུབ་སེམས་རྟོགས་ན། །རང་བྱུང་བྱང་ཆུབ་སེམས་དེ་ཡིས། །རྟག་ཆད་གཉིས་ཀྱི་མཐའ་བསལ་ཏེ། །མ་སྐྱེས་གཟུང་འཛིན་བྲལ་བ་ཡིས། །རྟག་པ་དངོས་པོའི་མཐའ་བསལ་ལ། །རང་བྱུང་ཡེ་ཤེས་འགྱུར་མེད་པས། །མེད་པ་ཆད་པའི་མཐའ་ཡང་བསལ།། ཅེས་གསུངས་པ་ལྟ་བུའི་རང་རིག་ཡེ་ཤེས་མངོན་དུ་གྱུར་པ་ན་སངས་རྒྱས་ཀྱི་ས་ཡང་འཐོབ་པར་གསུངས་ཏེ། ལང་གཤེགས་པས། རང་རིག་ཡེ་ཤེས་རྣམ་པར་དག །དེ་ནི་ང་ཡི་ས་ཡིན་ནོ།། ཞེས་གསུངས་པའི་ཕྱིར་སྒོམ་མེད་ཆེན་པོ་སངས་རྒྱས་ཀྱི་སར་དྭགས་པོ་རིན་པོ་ཆེས་བཞེད་པ་ཡིན་ནོ།། དེ་ལྟ་བུའི་གཉུག་མ་ལྷན་ཅིག་སྐྱེས་པ་དེ་གཞི་ཕྱག་རྒྱ་ཆེན་པོ་སྟེ། དེ་ཉིད་སྦྱང་གཞིར་གདོད་ནས་རང་བཞིན་རྣམ་དག་ཏུ་བཞུགས་ལ། གང་སྦྱང་བྱ་བག་ཆགས་གློ་བུར་འཁྲུལ་པའི་དྲི་མ། དེ་སྦྱོང་བྱེད་ལམ་ཕྱག་རྒྱ་ཆེན་པོ་ཟབ་གསང་རྡོ་རྗེའི་རྣལ་འབྱོར་གྱིས་སྦྱང་པ་ཡིན་ལ། དེ་ལྟར་སྦྱངས་པའི་འབྲས་བུ་གདོད་ནས་རང་ལ་བཞུགས་པའི་གནས་ལུགས་མ་བཅོས་པ་དེ་ཉིད་མངོན་དུ་གྱུར་པ་ན། དྲི་བྲལ་དག་པ་གཉིས་ལྡན་གྱི་ཆོས་སྐུ་འབྲས་བུའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། དཔལ་རང་བྱུང་པའི་ཞལ་ནས། སྦྱང་གཞི་སེམས་ཉིད་གསལ་སྟོང་ཟུང་འཇུག་ལ། །སྦྱོང་བྱེད་ཕྱག་ཆེན་རྡོ་རྗེའི་རྣལ་འབྱོར་ཆེས། །སྦྱང་བྱ་གློ་བུར་འཁྲུལ་བའི་དྲི་མ་རྣམས། །སྦྱངས་འབྲས་དྲི་བྲལ་ཆོས་སྐུ་མངོན་གྱུར་ཤོག། ཅེས་དང༌། དཔལ་རྡོ་རྗེ་འཆང་ཆེན་གྱི་རྡོ་རྗེའི་ཚིག་རྐང་ལས། གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །སྐྱེ་འཆི་མེད་པ་ནམ་མཁའི་ཀློང་ཡངས་སུ། །འཕོ་འགྱུར་མེད་པ་ཆོས་སྐུའི་ལུས་མཐོང་འགྱུར།། ཅེས་གསུངས་པ་ལྟ་བུའི་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ཚུལ་བཞིན་དུ་རྟོགས་པར་བྱེད་པའི་ཐབས་ནི། བླ་མའི་ཞལ་གྱི་གདམས་པ་དང་བྱིན་རླབས་འཕོ་བའི་ལམ་ཁོ་ན་ལ་རགས་ལས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དོན་གྱི་རྒྱུད་ལས། བླ་མའི་ཞལ་ལ་དྲིས་ན་སྐྱེས། །རྟོགས་ན་རྣལ་འབྱོར་སྐྱེས་བུ་དེ། །ནམ་མཁའི་རྡུལ་ཕྲན་སྟོན་པར་འགྱུར། །མ་རབས་སྒྱུ་མའི་ཚིག་ལ་འཛིན། །ལྷན་ཅིག་སྐྱེས་པ་མཐོང་ངམ་ཅི། །གལ་ཏེ་མཐོང་ན་བརྟག་པར་འགྱུར། །བརྟགས་ན་ཡེངས་ཏེ་འཁྱམ་པར་འགྱུར།། ཅེས་དང༌། མཻ་ཏྲི་པའི་དེ་ཁོ་ན་ཉིད་བཅུ་པ་ལས། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་ཙམ་ཉིད་དུ་སྣང༌།། ཞེས་གསུངས་པ་ལྟར་བརྒྱུད་ལྡན་གྱི་བླ་མའི་མན་ངག་ལ་བརྟེན་ཏེ་སྤྲོས་བྲལ་གྱི་སྟོང་ཉིད་གཏིང་ཕེབས་པར་བྱུང་ན་མཐར་ཐུག་ངེས་པའི་ཐེག་པ་གཅིག་ལས་མེད་དེ། ཀུན་འདུས་རིག་པའི་མདོ་ལས། དཔག་མེད་བརྒྱད་ཁྲི་བཞི་སྟོང་སྒོ། །གྲགས་པའི་རྣམ་གྲངས་བསམ་ཡས་ཀྱང༌། །ངེས་པའི་ཐེག་པ་གཅིག་ལས་མེད།། ཅེས་དང༌། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཀུན་གྱི་རྣམ་དག་ལམ་ནི་གཅིག་པུ་འདི་ཡིན་ཏེ། །རྣམ་པར་དག་པའང་གཅིག་སྟེ་གཉིས་པ་གང་ཡང་མེད།། ཅེས་གསུངས་པ་ལྟར། སྤྲོས་བྲལ་གྱི་ཡེ་ཤེས་དེ་ལ་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ་སྟེ། དྲུག་པ་རྡོ་རྗེ་འཆང་གི་རྡོ་རྗེའི་ཚིག་རྐང་ལས། ཕྱག་ནི་༼གཟུང་འཛིན་༽གཉིས་མེད་ཡེ་ཤེས་ངོ་ཡིས་ཟིན། །རྒྱ་ནི་འཁོར་བའི་མདུད་པ་དྲལ་བས་བདེ། །ཆེན་པོ་༼སྣང་སྟོང་༽ཟུང་འཇུག་སྒྲོན་མེ་བལྟམས་པ་ལས། །གཞན་གྱིས་མ་ཡིན་རང་གྲོལ་ཆོས་སྐུའོ།། ཞེས་གསུངས་པ་ལྟར་དང༌། དེ་ལ་རྫོགས་པ་ཆེན་པོ་ཞེས་ཀྱང་བྱ་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཨ་ནི་མ་སྐྱེ་ཆོས་ཉིད་རྣལ་དུ་བཞག །ཏི་ནི་མ་བཙལ་ལྷུན་གྱིས་གྲུབ་པར་བསྟན། །ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ།། ཞེས་དང༌། གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱིས་བྱས་པར་རྫོགས། །ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས།། ཞེས་གསུངས་ལ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་ཏེ། ཀུན་འདུས་རིག་པའི་མདོ་ལས། ཀུན་གྱི་རྩ་བ་འདིར་བཤད་པས། །འདི་དོན་གང་ཞིག་ཐོས་པའི་མཆོག །ཐམས་ཅད་འདི་ལས་བྱུང་བ་ན། །འདི་ཤེས་ཀུན་ཤེས་ཤེས་རབ་མཆོག། ཅེས་གསུངས་པ་རྣམས་ཀྱི་ཕྱིར་ན། ཀུན་མཁྱེན་རང་བྱུང་རྒྱལ་བས། ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །མཐའ་དང་བྲལ་བ་དབུ་མ་ཆེན་པོ་ཡིན། །འདིར་ནི་ཀུན་འདུས་རྫོགས་ཆེན་ཞེས་ཀྱང་བྱ། །གཅིག་ཤེས་ཀུན་དོན་རྟོགས་པའི་གདིང་ཐོབ་ཤོག ཅེས་གསུངས་པ་ལྟར་རོ།། འོ་ན་སྔགས་དང་ཕར་ཕྱིན་གྱི་ལམ་ལ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། ལམ་དེ་ཉིད་སྐད་ཅིག་གིས་བགྲོད་པ་དང་ཡེ་ཤེས་བཙན་ཐབས་སུ་ཤར་བར་བྱེད་པའི་ཐབས་ལ་སྔགས་ཀྱི་ལམ་ཁྱད་པར་དུ་འཕགས་པ་ཡིན་ལ། མཐར་ཐུག་གི་སྤྲོས་བྲལ་ལ་ནི་སྔགས་དང་ཕར་ཕྱིན་ལ་མཆོག་དམན་མེད་ཕྱིར། དབུ་མ་ལས་ལྷག་ལྟ་ཡོད་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར།། ཅེས་གསུངས་པ་ལྟར་རོ།། ཇི་སྐད་བཤད་པའི་རང་བྱུང་འོད་གསལ་བདེ་གཤེགས་སྙིང་པོ་དེ་བསྒོམས་པའི་ཕན་ཡོན་ནི། མདོ་ལས། ང་ནི་མྱ་ངན་འདས་ཕྱི་ན། །མི་ཡི་ནང་ནས་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཡོད་དོ་ཞེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན།། ཅེས་དང༌། ངེས་དོན་སོར་ཕྲེང་གི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་དེ་ཉོན་མོངས་པ་དང་བཅས་པའམ་ཉོན་མོངས་པ་མེད་པའམ་སུ་ཡང་རུང་སྟེ་རྫོགས་པའི་ སངས་རྒྱས་ཞེས་བྱའོ།། ཞེས་དང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས། ནད་མེད་པ་དང་འཚེ་བ་མེད་པ་དང་ཚེ་རིང་བ་དང༌། འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ།། ཞེས་དང༌། མྱ་ངན་འདས་མདོ་ཆེན་པོ་ལས། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་པར་བྱེད་པའི་སེམས་ཅན་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཏེ། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་ནི་སྡིག་པའི་ལས་གྲངས་མེད་པར་བྱས་པ་རྣམས། ཀླད་པ་ན་བ་དང༌། རིམས་ཀྱིས་བཏབ་པ་དང༌། ཟུག་རྔུ་དང༌། སྐུར་པ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་རོ།། ཞེས་དང༌། སྤྱིར་མདོ་དགོངས་པ་འདུས་པ་ལས། མར་མེ་གཅིག་གིས་སྣང་བ་ཡིས། །བསྐལ་བའི་མུན་ནག་སེལ་བ་ལྟར། །སྙིང་པོའི་དོན་རིག་སྐད་ཅིག་མས། །བསྐལ་པར་གནས་པའི་སྒྲིབ་པ་སེལ།། ཅེས་དང༌། ལང་ཀར་གཤེགས་པ་ལས། བདེ་གཤེགས་ཡེ་ཤེས་ཟག་མེད་པ། །རྟག་ཏུ་ཞི་བ་རྣམ་བསྒོམས་པ། །དེ་ལ་བདག་ནི་སྐྱབས་སུ་མཆི།།ཞེས་དང༌། ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་ལས། བསྐལ་པ་དམན་པས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་ཟར་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང༌། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར།། ཅེས་སོགས་ཕན་ཡོན་མཐའ་ཡས་པར་གསུངས་པ་ལས་འདིར་མཚོན་པ་ཙམ་མོ།། །། གཞན་སྟོང་གི་མཚན་གཞི་དང་དེའི་སྲོལ་འབྱེད་འཕགས་བོད་དུ་བྱུང་ཚུལ། བདུན་པ་གཞན་སྟོང་གི་མཚན་གཞི་དང་སྲོལ་འབྱེད་ཀྱི་སློབ་དཔོན་འཕགས་བོད་དུ་བྱུང་ཚུལ་ནི། གངས་ཅན་ལྗོངས་སུ་མ་ཕམ་གཉིས་པའི་གཟུགས།། ཀུན་མཁྱེན་ཡུ་མོ་བ་དང་དོལ་པོའི་ཞབས།། པད་དཀར་འཆང་པ་རང་བྱུང་རྡོ་རྗེ་སོགས།། འཛམ་གླིང་བསྟན་པའི་རྒྱན་གྱུར་འདི་རྣམས་ཀྱི།། ཐུགས་དམ་ཉམས་བཞེས་རྩ་བ་ཡིན་པས་ན།། ཡང་དག་ལམ་བཟང་ཚོགས་རྣམས་མཁྱེན་པར་མཛོད།། ཅེས་པ་སྟེ། དེའང་དབུ་མ་གཞན་སྟོང་ཞེས་གྲགས་པའི་མཚན་གཞི་གང་ལ་བསྟེན་ཏེ་བྱུང་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པར་གོས་པ་མེད། །རིང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱི་བགྲོད་པར་གནས།། ཞེས་དང༌། ངེས་དོན་དཔལ་ཕྲེང་གི་མདོ་ལས་གསུངས་པ་ལྟར་རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན།། ཅེས་པ་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་པ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེགས། །དེ་ཉིད་འོད་གསལ་མ་ཡིན་ནོ།། ཞེས་དང༌། སློབ་དཔོན་ཨཱརྱ་དེ་ཝའི་སེམས་ཀྱི་སྒྲིབ་སྦྱོང་ལས། ཤེས་རབ་མཚོན་གྱིས་ཀུན་གཏུབས་ལ། །མ་རིག་སྦུབས་ཀྱིས་གཡོགས་པ་ཡི། །ཆོས་ཀྱི་དབྱིངས་ནི་བླང་བར་བྱ། །བཏགས་པའི་བུམ་པ་སྐད་ཅིག་གི། །ཤེས་རབ་ཐོ་བས་བཅག་ན་ནི། །རང་བཞིན་དྲི་མེད་གསལ་པར་འགྱུར།། ཅེས་དང༌། དཔལ་ནཱ་རོ་བའི་རིན་ཆེན་འོད་ལས། དུས་གསུམ་འགྱུར་མེད་ཀུན་ཏུ་བཟང༌། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །འཁོར་བ་ཉིད་ན་རང་བཞིན་དག །རིན་ཆེན་དག་པ་ས་ཇི་བཞིན། །ཇི་ལྟར་བཅོས་ཀྱང་འགྱུར་བ་མེད། །རང་བཞིན་ཆོས་ཉིད་ངོ་བོ་ལ། །སྒྲོ་སྐུར་སྤྲོས་པ་ངང་གིས་མེད། །འཛིན་པའི་སྤྱོད་པ་ལོག་པས་བསླད། །རང་བཞིན་རིག་པའི་དོན་མ་རྟོགས། །རང་བྱུང་ཀུན་མཁྱེན་རིག་པའི་རྒྱུད། །འགྱུར་མེད་འགྲོ་བ་ཀུན་ལ་གནས།། ཞེས་དང༌། མཻ་དྲི་པའི་ལྷན་སྐྱེས་དྲུག་པ་ལས། གང་ཕྱིར་ལྷན་ཅིག་སྐྱེས་མ་བཅོས། །དེ་ཕྱིར་དོགས་མེད་ལྷན་ཅིག་སྐྱེས།། །བདེ་ལས་ལྷན་ཅིག་སྐྱེས་གཞན་མིན། །བདེ་བ་དོགས་པ་མེད་མཚན་ཉིད། །ཤེས་ཕྱིར་དོགས་པ་མེད་པའི་བདག །དབྱེར་མེད་རྟོགས་པ་དམ་པ་སྟེ། །སྣ་ཚོགས་རང་རིག་རྟོགས་བྱས་པས། །ལྷན་ཅིག་སྐྱེས་པའི་རྒྱ་མཚོར་ནུབ།། ཅེས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་གདོད་ནས་བསྟན་པ་ལྟར། ཀུན་རྫོབ་འཁྲུལ་སྣང་རྣམ་པར་བཅད་པས་དོན་དམ་ཡོངས་གཅོད་དུ་གྲུབ་ཕྱིར། སྟོང་གཞི་ཡེ་ནས་ཡོངས་གྲུབ་བདེ་བར་གཤེགས་པའི་སྙིང་པོ་ཉིད། ཀུན་རྫོབ་འཁྲུལ་སྣང་ཀུན་བརྟགས་དང་གཞན་དབང་གི་དྲི་མས་སྟོང་པར་གསུངས་པ་དང་མིང་དོན་འབྲེལ་བའི་དབང་གིས་གཞན་སྟོང་གི་ཐ་སྙད་བྱུང་བ་ཡིན་ཀྱང༌། ཁ་ཅིག་གིས་བོད་ཀྱི་བློས་བཏགས་ཙམ་དུ་འདོད་པ་ནི་བབ་ཅོལ་གྱི་གཏམ་དུ་ཟད་དེ། དཔེར་ན་ཐལ་འགྱུར་བའི་ལུགས་ལ་ཡང་སྟོང་གཞི་ཆོས་ཅན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་དཔྱད་ན། རང་རང་ངོ་བོས་མི་སྟོང་པ་མེད་ཕྱིར་མིང་དུ་རང་སྟོང་དང་ངོ་བོ་ཉིད་མེད་པའི་དབུ་མར་འདོགས་པ་དང་རྒྱུ་མཚན་མཚུངས་ཏེ། གཉིས་ཀ་སྟོང་ཚུལ་མཚན་གཞི་ལ་ལྟོས་ནས་བཏགས་པ་ཙམ་ལས། མདོ་རྒྱུད་རྣམས་སུ་དངོས་སུ་ཐ་སྙད་ཀྱི་མིང་དེ་ལྟར་མི་འབྱུང་བ་གཉིས་ཀ་ལ་མཚུངས་སོ།། དེར་མི་མཚུངས་ཏེ་ཐལ་རང་གཉིས་ནི་འཕགས་ཡུལ་དུ་ཡོངས་སུ་གྲགས་པ་ཡིན་ལ། རྣལ་འབྱོར་སྤྱོད་པ་ལས་གཞན་སྟོང་ཞེས་མ་གྲགས་སོ་སྙམ་ན། སློབ་དཔོན་ལེགས་ལྡན་ཞབས་ཀྱི་རིན་ཆེན་སྒྲོན་མར། །རགས་པ་ཕྱི་ཡི་དབུ་མ་ཐལ་རང་གཉིས། །ཕྲ་བ་ནང་གི་དབུ་མ་གཞན་སྟོང་སྟེ། །སྔ་མ་རྩོད་པའི་དུས་དང་ཕྱི་མ་ནི། །རང་གི་རྣལ་འབྱོར་ཉམས་སུ་ལེན་ལ་མཆོག། ཅེས་གསུངས་པས་གསལ་ལོ།། དེ་ལྟར་ནང་གི་རྣལ་འབྱོར་གྱི་ཉམས་ལེན་དང་མཐུན་པས་རྣལ་འབྱོར་སྤྱོད་པའི་དབུ་མའམ་གཞན་སྟོང་པར་གྲགས་པའི་ཐོག་མ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་སྐོར་རྣམས་དང༌། དུས་འཁོར་བསྡུས་རྒྱུད་ལས་ལུང་གིས་བསྟན་ཅིང༌། འཕགས་པ་ཀླུ་སྒྲུབ་ཀྱིས་བསྟན་པ་གཏད་པའི་སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝས་རྣལ་འབྱོར་སྤྱོད་པའི་གཞུང་བཞི་བརྒྱ་པ་༼ར༽རབ་བྱེད་བཅུ་དྲུག་ཡོད་པ་དང༌།ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་སོགས་མཛད་པའི་གཞུང་རྣམས་དང༌། འཕགས་པ་ཐོགས་མེད་ཀྱི་བྱམས་ཆོས་རྣམས་ལ་བརྟེན་ཏེ་བྱུང་བ་བོད་དུ་ལོ་ཙཱ་བ་གཟུ་དགའ་བའི་རྡོ་རྗེ་དང༌། བཙན་དྲི་མེད་གཉིས་ཀྱིས་འགྱུར་ཏེ་རིམ་པར་བརྒྱུད་པ་ཐུན་མོང་བ་དང༌། ཁྱད་པར་དུ་ཕྱིས་སུ་རྒྱུད་བླ་མ་དང་ཆོས་ཉིད་རྣམ་འབྱེད་གཉིས་རྒྱ་གར་དུ་བཀའ་རྒྱ་དམ་པའི་དབང་གིས་རྒྱུན་མི་སྣང་བར་གྱུར་ཚེ། མངའ་བདག་མཻ་ཏྲི་པས་མཆོད་རྟེན་ཞིག་གི་སེར་ཁ་ནས་འོད་འཕྲོ་བ་གཟིགས་པས། དེར་ཅི་འདུག་བཙལ་བས་རྒྱུད་བླ་མ་དང་ཆོས་ཉིད་རྣམ་འབྱེད་གཉིས་ཀྱི་གླེགས་བམ་བྱུང་བ་དང༌། དེར་རྗེ་བཙུན་བྱམས་པ་ལ་གསོལ་བ་བཏབ་པས། སྤྲིན་གྱི་མཐོངས་ནས་མངོན་པར་བྱོན་ཏེ་གདམས་པ་དང་ལུང་བཅས་བསྩལ་བའི་བརྒྱུད་པ། རྒྱ་གར་དབུས་ཀྱི་ཀ་ཆེན་རིན་ཆེན་རྡོ་རྗེ་ལ་གནང༌། དེས་པཎྚི་ཏ་དགའ་བའི་རྡོ་རྗེ་ལ་གནང༌། དེས་ཁ་ཆེའི་སློབ་དཔོན་པྲ་ཛྙ་ན་ཏེ་སྐྱེས་མཆོག་ཏུ་གྲགས་པ་ལ་གནང་སྟེ་རིམ་པར་བརྒྱུད་པ་ཐུན་མོང་པ་དང༌། ཁྱད་པར་བ་ནི་མངའ་བདག་མཻ་ཏྲི་པས་བྱིན་རླབས་འཕོ་བའི་དབང་བསྐུར་གྱི་ལམ་ནས་རྗེ་བཙུན་ལྷོ་བྲག་པ་ལ་བརྩལ་བའི། མདོ་སྔགས་ཟུང་འཇུག་གི་ལྟ་བ་འོད་གསལ་ཕྱག་རྒྱ་ཆེན་པོ་ཞེས་དོན་བརྒྱུད་འཛིན་པ་ཡོངས་ལ་གྲགས་པ་འདི་ཉིད་དེ། རྡོ་རྗེའི་མགུར་ལས། རྗེ་སངས་རྒྱས་དེ་ཡི་ཞལ་སྔ་ནས། །ཐེག་པའི་མཐར་ཐུག་སྙིང་པོའི་དོན། །ཆོས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་བགྱིས།། ཞེས་གསུངས་པ་ལྟར་ལ། བྲེ་བྲག་ཏུ་གངས་ཅན་ལྗོངས་འདིར་ཤིང་རྟའི་སྲོལ་ཆེར་འབྱེད་པ་པོ་ནི། མི་ཕམ་ཐོགས་མེད་གཉིས་པའི་ཕྲིན་ལས་ཅན་མི་སྲིད་ཀྱི་གཟུགས་ཉེ་བར་བཟུང་བ། ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་ཀུན་མཁྱེན་ཆེན་པོ་རྣལ་འབྱོར་པ་མི་བསྐྱོད་རྡོ་རྗེའམ་ཡུ་མོ་གསལ་བྱང་དུ་སྐུ་འཁྲུལ་པས་གྲུབ་ཆེན་ཡུ་མོ་བ་ཞེས་ཀྱང་གྲགས་པས། བསྟན་བཅོས་གསལ་སྒྲོན་སྐོར་བཞི་རུ་གྲགས་པ་མཛད་པ་ནས་བརྩམས་ཏེ་དབུ་མ་གཞན་སྟོང་ཞེས་ཡོངས་སུ་གྲགས་པ་བྱུང་བ་དང༌། དེ་བཞིན་དུ་མདོ་སྡེ་རྔ་བོ་ཆེ་ལས། ང་ཡི་མིང་འཆང་བའི་དགེ་སློང་ཞེས་ལུང་གིས་བསྟན་པའི་རྟོན་པ་བཞི་ལྡན་ཀུན་མཁྱེན་དོལ་པོ་སངས་རྒྱས་པའི་ཞབས་ཀྱིས་རང་བཞིན་གསུམ་གྱི་རྣམ་གཞག་སེམས་ཙམ་ལས་འདས་པ་གསལ་བར་མཛད་ཅིང་ལེགས་པར་གཏན་ལ་ཕབས་པར་མཛད་པ་དང༌། ཁྱད་པར་དུ་ཀུན་འདུས་རིག་པའི་མདོ་ལས། །རང་བཞིན་འདོ་གསལ་སྤྲོས་བྲལ་བའི། །བསྟན་པ་རྒྱ་མཚོའང་དེ་ཉིད་ལས། །རང་བྱུང་སེངྒེ་རྩལ་གྱིས་ནི། །ཀུན་ཏུ་སྣང་ཞིང་འབར་བར་བྱེད།། ཅེས་ལུང་བསྟན་པ་དང་རྗེས་སུ་མཐུན་པར། གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང་བ་ཉིད་མིའི་ཟོལ་དུ་སྣང་བ། ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་ཆེན་པོ། རྒྱལ་བ་གཉིས་པའི་ཕྲིན་ལས་ཅན། རྒྱལ་པའི་དབང་པོ་དཔལ་རང་བྱུང་རྡོ་རྗེས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་དང༌། སེམས་ཙམ་དང་གཞན་སྟོང་གི་རབ་དབྱེ་ལ་རྣམ་ཤེས་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་སོགས་མཛད་དེ་ངེས་དོན་སེངྒེའི་སྒྲ་ཆེན་སྒྲོག་པར་མཛད་པ་ཡིན་ནོ།། སོགས་ཁོངས་ནས་གཞན་ཡང་གསང་བདག་ཏཱ་ར་ནཱ་ཐ། ཀུན་བཟང་ཀློང་ཆེན་རབ་འབྱམས་པ། རྗེ་སྨིན་གླིང་གཏེར་ཆེན་སྐུ་མཆེད། ཀཿཐོག་རིག་འཛིན་ཆེན་པོ། བྱམས་མགོན་བསྟན་པའི་ཉིན་བྱེད་ཡབ་སྲས་ནས་བཟུང་སྟེ། བདག་ཅག་གི་འདྲེན་མཆོག་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་ཀུན་གྱི་དོན་མང་བྱེད་འགྱུར་བ། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན།། ཅེས་སོགས་བཀའ་གཏེར་མང་པོ་ནས་ལུང་གིས་ཟིན་པའི་འཇམ་པའི་དབྱངས་དངོས་རྗེ་བཙུན་བློ་གྲོས་མཐའ་ཡས་སློབ་ཚོགས་དང་བཅས་པས་བཞེད་དོ།། དེ་ལྟར་འཕགས་པའི་ས་ལ་བཞུགས་ཤིང་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་དུ་བྱོན་པ། ཕྱོགས་རེར་མ་ལྷུང་བའི་ཆོས་སྤྱན་ཡང་དག་པ་མངའ་པས་འཛམ་གླིང་བསྟན་པའི་རྒྱན་མཆོག་ཏུ་གྱུར་པ། རིས་མེད་བསྟན་པའི་སྒྲོན་མེ་འདི་རྣམས་ཀྱི་ཐུགས་དམ་དང་ཉམས་བཞེས་ཀྱི་རྩ་པ་ངེས་དོན་དབུ་མ་གཞན་སྟོང་འདི་རང་ཡིན་པས་ན། ངེས་དོན་ ཡང་དག་གི་ལམ་བཟང་ཡངས་པོ་ལ་འཇུག་པར་འདོད་པའི་སྐལ་པ་མཆོག་དང་ལྡན་པའི་བསྟན་འཛིན་སྐྱེས་བུའི་ཚོགས་རྣམས་ཀྱིས་མཁྱེན་པར་མཛོད་ཅིག ཅེས་བསྐུལ་བར་མཛད་དོ།། གྲུབ་མཐའ་མདོར་བསྡུས་ལས་ངེས་དོན་དབུ་མའི་རྣམ་གཞག་མདོར་བསྡུས་པའོ།། ཞེས་པས་མཇུག་ཉེ་བར་བསྡུས་སོ།། །། བསྟན་བཅོས་གྲུབ་པའི་བྱ་བ། གསུམ་པ་ཐ་མར་དགེ་པ་མཇུག་གི་དོན་ལའང་གསུམ་སྟེ། དེ་ལྟར་བརྩམས་པའི་དགོས་དོན་མདོར་བསྡུས་པ། བརྩམས་པ་མཐར་ཕྱིན་ཏེ་རྨོན་ལམ་གྱིས་མཐའ་བརྒྱན་པ། མཇུག་ཡོངས་སུ་རྫོགས་པའི་བྱ་བ་སྦྱར་བྱང་སྨོས་པའོ།། དེ་ལྟར་བརྩམས་པའི་དགོས་དོན་མདོར་བསྡུས་པ། དང་པོ་དེ་ལྟར་བརྩམས་པའི་དགོས་དོན་བསྟན་པ་ནི། དེ་ལྟར་ཕྱི་ནང་བཞེད་གཞུང་མདོར་བསྡུས་འདིར།། དམ་པ་དགྱེས་པའི་མཆོད་སྤྲིན་མ་ལགས་ཀྱང༌།། སྙིང་ནས་ཆོས་ལ་གུས་པའི་བློ་ཆུང་རྣམས།། ཅི་དགར་སྤྱོད་པའི་དགའ་སྟོན་མཚོན་བྱེད་ཡིན།། ཅེས་པ་སྟེ། དེ་ལྟར་ཕྱི་ནང་གི་གྲུབ་མཐའི་བཞེད་གཞུང་མཐའ་ཡས་པར་གསུངས་པ་རྣམས་ཀྱི་དོན་མདོར་བསྡུས་པ་འདི་ཉིད། མང་ཐོས་ཀྱི་ཡོན་ཏན་དང་ལྡན་པའི་སྐྱེས་བུ་ཟབ་རྒྱས་ཆོས་ཀྱི་མཛོད་ལ་དབང་བརྒྱུར་བའི་དམ་པ་རྣམས་མཆོག་ཏུ་དགྱེས་པར་བྱེད་པའི། ལེགས་བཤད་ཀྱི་མཆོད་སྤྲིན་བདུད་རྩིའི་རྒྱ་མཚོ་ལྟ་བུ་ཞིག་མ་ལགས་ཀྱང༌། སྙིང་ནས་དམ་པའི་ཆོས་ལ་གུས་པའི་གང་ཟག་ཡིན་ཀྱང༌། གཞུང་ལུགས་རྒྱ་ཆེན་ལ་བལྟ་བའི་ཤེར་བརྩོན་དམན་པའི་བློ་ཆུང་ལས་དང་པོ་བ་རྣམས། ཚུལ་འདི་ཉིད་ཅི་དགར་ལོངས་སྤྱོད་པའི་ཕྱིར་ལེགས་བཤད་བདུད་རྩིའི་དགའ་སྟོན་གྱི་སྐྱེས་མཚོན་བྱེད་ཙམ་ཡིན་ལ། སླད་ནས་དོན་གཉེར་གྱི་བློ་ཅན་ཡོད་ན། རྒྱས་པར་སྤྲོས་ཆོག་པའང་ཤུགས་བསྟན་ལས་ཐོན་པའོ།། བརྩམས་པ་མཐར་ཕྱིན་ཏེ་སྨོན་ལམ་གྱིས་མཐའ་བརྒྱན་པ། གཉིས་པ་བརྩམས་པ་མཐར་ཕྱིན་ཏེ་སྨོན་ལམ་གྱིས་མཐའ་བརྒྱན་པ་ནི། འདི་འཆད་རྣམ་དཀར་ཉིན་བྱེད་གསར་པ་ཡིས།། ཐེག་གསུམ་སྦྲང་རྩིའི་རྒྱལ་མཚན་རྒྱས་གྱུར་ཏེ།། ཐུབ་བསྟན་ཕྱོགས་ཀུན་སྣང་བས་ཡིད་འཕྲོག་རོས།། སྐལ་བཟང་འགྲོ་ཀུན་ཚིམ་པའི་རྒྱུར་གྱུར་ཅིག། ཅེས་པ་སྟེ། འདི་ལྟར་འཆད་པའི་ལེགས་བྱས་ཀྱི་དགེ་བ་རྣམ་པར་དཀར་བ། ཉེས་པའི་སྨག་དང་བྲལ་བའི་ཉིན་བྱེད་གསར་པ་ལྟ་བུ་ཡིས། ཐེག་གསུམ་སྟེ་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་གྱི་རིང་ལུགས་སྦྲང་རྩིའི་རྒྱལ་མཚན་ཏེ་པདྨ་ལྟ་བུ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་རབ་ཏུ་རྒྱས་པར་གྱུར་ཏེ། གང་དག་ཐུབ་བསྟན་འཛིན་པའི་ཕྱོགས་ཀུན་ཏུ་ཡང་དེ་ཉིད་ཡུན་རིང་དུ་སྣང་བས་ཁྱབ་སྟེ། དེ་ཡིས་སྐལ་བཟང་བུང་བའི་ཁྱུ་ཚོགས་རྣམས་ཀྱང་ཡིད་རབ་ཏུ་འཕྲོག་སྟེ། ལུང་རྟོགས་ཆོས་ཀྱི་བདུད་རྩིའི་ཟིལ་དངར་གྱི་དཔལ་ལ་རྟག་ཏུ་རོལ་ཅིང༌། དེ་ཡི་མཐུ་ལ་བརྟེན་ཏེ་སྐལ་བཟང་འགྲོ་བ་ཀུན་ཀྱང་དམ་པའི་ཆོས་ཀྱི་དགའ་སྟོན་གྱི་བདུད་རྩིས་ཡིད་རབ་ཏུ་ཚིམས་པར་གྱུར་ནས། རིམ་གྱིས་མཐར་ཐུག་རྣམ་གྲོལ་འབྲས་བུའི་ས་ལ་འགོད་པའི་རྒྱུར་གྱུར་ཅིག ཅེས་སོ།། མཇུག་ཡོངས་སུ་རྫོགས་པའི་བྱ་བ་སྦྱར་བྱང་སྨོས་པ། གསུམ་པ་བསྟན་བཅོས་ཡོངས་རྫོགས་གྲུབ་ཟིན་པའི་བྱ་བ་སྦྱར་བྱང་སྨོས་པ་ནི། ཞེས་པ་འདིའང་ཤཱཀྱའི་དགེ་སློང་འཇམ་དབྱངས་བློ་གྲོས་གཞན་ཕན་མཐའ་ཡས་ཀྱིས་རྡོ་གཡུ་ཐོག་དགོན་དུ་ཕྱི་དྲོའི་ཐུན་མཚམས་ཞིག་ལ་བྲིས་པའོ།། ཅེས་པ་སྟེ། གང་རྩོམ་པ་པོའི་མཚན་དོན་གྱི་བྱུང་འབྲེལ་ནི། མཉམ་མེད་སྟོན་པ་མཆོག་གི་བསྟན་པ་ལ་རབ་ཏུ་བྱུང་བའི་ཡང་དག་དགེ་བའི་བཤེས་གཉེས་ཡིན་པས་ན། ཤཱཀྱའི་དགེ་སློང༌། ཤེས་བྱ་ཀུན་གཟིགས་འཇམ་པའི་དབྱངས་ཉིད་ངུར་སྨྲིག་འཛིན་པའི་ཚུལ་དུ་སྣང་བས་ན་འཇམ་དབྱངས། ཆོས་རབ་རྣམ་པར་འབྱེད་པའི་དྲི་མེད་ཀྱི་བློ་གྲོས་ཕུན་སུམ་ཚོགས་པས་ན་བློ་གྲོས། རང་དོན་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་མཐར་ཕྱིན་གཞན་དོན་འཆད་རྩོད་རྩོམ་པའི་ཕྲིན་ལས་ཉི་འོད་ལྟར་བརྡལ་བས་བསྟན་དང་འགྲོ་བ་ཡོངས་ལ་སྨན་པའི་གཞན་ཕན་གྱི་མཛད་པ་མཐའ་ཡས་པ་དང་ལྡན་པས་ན་གཞན་ཕན་མཐའ་ཡས་ཞེས་བྱའོ།། གྲུབ་དོན་སྨོན་ཚིག འདིར་སྨྲས་པ། དམ་པའི་གཞུང་བཟང་རྒྱ་ཆེན་པདྨོའི་ཚལ། ། ལེགས་བཤད་ཉི་མས་ཕྱེ་བའི་མཐུ་དམན་ཡང༌། ། འདིར་ནི་འཇམ་མགོན་སྨྲ་བའི་སེངྒེ་ཆེ། ། ཤེས་བྱ་ཀུན་གཟིགས་ཡོན་ཏན་རྒྱ་མཚོའི་གཏེར། ། རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་ཀྱི། ། གསུང་གི་བདུད་རྩིས་ཡང་ཡང་བྲན་པ་ཡི། ། བདུད་རྩིའི་ཆ་ཤས་ཅུང་ཟད་བླངས་པ་ལས། ། རང་བཟོའི་དྲི་མས་བསླད་སྙམ་དགོས་མེད་ཀྱང༌། ། དམན་བློས་ཉེས་མཆིས་ཆོས་སྤྱན་མངའ་བར་བཤགས། ། ཆོས་དབྱིངས་འོད་གསལ་རྒྱལ་བའི་སྙིང་པོ་ཉིད། ། སྟོན་དང་འཛིན་ལ་བསོད་ནམས་དཔག་མེད་དུ། ། གསུང་ཕྱིར་བདག་ལྟ་སྐལ་པ་ཕྲ་ན་ཡང༌། ། སྙིང་པོའི་ཚུལ་ལ་མི་ཕྱེད་དད་པ་ཡིས། ། དཀར་པོའི་ས་བོན་རྒྱུད་ལ་བཞག་པའི་དགེས། ། མཐའ་ཡས་འགྲོ་པའི་རིགས་ཁམས་ས་བོན་ཉིད། ། སྨིན་གྲོལ་གདམས་པས་ཡོངས་སུ་སྨིན་བྱས་ཏེ། །དྲི་བྲལ་སྐུ་བཞིའི་འབྲས་བུ་མངོན་གྱུར་ཤོག། མཛད་བྱང་། ཅེས་པ་འདིའང་ལྷོ་རྗེ་དྲུང་རིན་པོ་ཆེའི་ཡོངས་འཛིན་ཀརྨ་བློ་གྲོས་ནས་འདི་ལ་འགྲེལ་བ་དགོས་ཞེས་ལྷ་རྫས་དྲི་མེད་དང་བཅས་གསུང་བསྐུལ་ནན་ཆེར་མཛད་པ་དང༌། ལྷག་ཏུ་འཇམ་པའི་དབྱངས་དངོས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་སྤྲུལ་བའི་སྐུ་མཆོག་འདི་ཉིད་ཀྱི་གསུང་རྩོམ་རྣམས་གཞན་དང་མི་འདྲ་བར་ཁྱད་པར་འཕགས་པར་མ་ཟད། མཐར་ཐུག་གི་ལྟ་བ་ངེས་དོན་དབུ་མ་གཞན་སྟོང་ལྟར་མཛད་ཅིང་བླ་མའི་བཞེད་དགོངས་སློབ་མས་སྐྱོང་བར་མཛད་པའི་འོས་པ་བདུད་རྩི་ལྟ་བུའི་གསུངས་དེ་ཕེབས་འདུག་པས་སྤྲོ་ཆེས་པས་མཚམས་སྦྱར་བ་དང༌། ཉེ་ཆར་བསླབ་གསུམ་མཛོད་མངའ་ཆོས་ཀྱི་སྤྱན་རས་ཡངས་པ་ཀརྨ་ལྷག་བསམ་ནས་ཀྱང༌། འཕྲལ་དུ་བྲིས་ཞེས་དང་ཅུང་ཟད་རྒྱས་དགོས་ཚུལ་གསུངས་པ་ལ་བརྟེན་ཏེ། ཐམས་ཅད་མཁྱེན་པ་དྷརྨཱ་ཀ་རའི་གསུང་གསང་རྣམས་དང༌། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གྲུབ་མཐའི་རྣམ་གཞག་ངེས་དོན་སྒོ་འབྱེད་དང༌། ཁྱད་པར་ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཤེས་བྱ་མཛོད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་མོས་ཏེ། བྱང་ཕྱོགས་ཀྱི་ཆར་གཏོགས་བྱེ་བྲག་དགེ་རྒྱལ་གྱི་ཡུལ་དབུས་སུ་སྐྱེས་པའི་སྡོང་རིགས་ཀྱི་བཙུན་པ་དཀོན་མཆོག་བསྟན་འཛིན་དུ་འབོད་པས་ཐུན་མཚམས་རྣམས་སུ་ཅུང་ཟད་རེ་ཙམ་ནར་མར་བྲིས་པ་ལ། སླར་ཡང་སྟེས་དབང་གིས་ལུང་རིགས་ཀྱི་མཐའ་དཔྱོད་ཀྱང་ཅུང་ཟད་བཅས་སྔ་མ་ལས་རྒྱས་སུ་བཏང་སྟེ་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་བཟང་པོར་འཕྲོས་གྲུབ་པར་བགྱིས་པ་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཡོངས་སུ་ཁྱབ་པར་གྱུར་ཅིག སརྦ་དཱ་མངྒ་ལཾ།། དཔར་བྱང་སྨོན་ཚིག བློ་འདས་ཟག་པ་བྲལ་བའི་ཡེ་ཤེས་དབྱིངས།། མཐའ་ལ་མི་གནས་མངོན་པར་བྱང་ཆུབ་བཞིན།། སྲིད་པར་རྗེས་སུ་ཆགས་པས་གཟུགས་ཀྱི་སྐུས།། མཐའ་ཡས་རྣམ་པར་འདྲེན་ཀུན་དད་པ་བརྙེན།། གང་ཞིག་ཐོས་པས་ཆོས་རབ་རྣམ་འབྱེད་ཀྱི།། ཤེས་རབ་བསྐྱེད་སྟེ་ཡང་དག་ལམ་བཟང་པོ།། ངེས་པར་རྟོགས་ནས་ཞི་བ་བརྙེས་བསླད་དུ།། རང་གཞན་གྲུབ་མཐའི་རྣམ་པར་བཞག་འདི་བརྩམས།། དེ་བས་ཚུལ་འདི་དོན་དང་ལྡན་རིགས་ཏེ།། ཉེ་བར་གནས་པ་ཀརྨ་ཕུན་ཚོགས་དང༌།། དགེ་སློང་པད་བཀར་ཟུང་གིས་ཡོན་སྦྱར་ཏེ།། སྤར་དུ་བསྐྲུན་ལས་དགེ་བར་གང་ཐོབ་དེས།། གསར་བའི་བློ་ལ་དད་བརྩོན་ཤེས་རབ་ཀུན།། མྱུར་དུ་སྐྱེས་ནས་རྒྱ་ཆེན་གཞུང་ལུགས་ལ།། རིམ་གྱིས་ཐོས་བསམ་སྒོམ་པ་མཐར་ཕྱིན་ཏེ།། བསྟན་འཛིན་སྐྱེས་བུའི་ས་སྟེང་ཀུན་ཁྱབ་ཤོག། ཅེས་པའང་སྤར་བྱང་དུ་མཁྱེན་སྤྲུལ་པས་བྲིས་པའོ།། དགེ་ལེགས་འཕེལ།