གྲིབ་སྐྱོན་

ཡོང་ཁུངས་Wikipedia

གྲིབ་སྐྱོན་ཞེས་པའི་བརྡ་ཆད་འདི་ཀོ་བོད་ཀྱི་གསོ་རིག་བསྟན་བཅོས་ཆེན་པོ་རྣམས་སུ་དངོས་སུ་བསྟན་པ་ནི་ད་བར་འདྲེན་བྱེད་ཀྱི་ཡུལ་དུ་མ་འགྱུར་ཡང་། བརྡ་ཆད་འདི་ད་ལྟ་ཁྱབ་གདལ་ཆེར་སོང་སྟེ་ཀུན་གྱིས་གོ་ཐུབ་པ་ཞིག་ཏུ་འཕེལ་རྒྱས་ཕྱིན་ཡོད། བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་གསོ་བ་རིག་པའི་སྐབས་འདིར་ནད་མིང་དང་སྨན་མིང་སོགས་ཀྱི་བརྡ་ཆད་གང་འདྲ་ཞིག་ཡིན་ཀྱང་དེའི་འབྱུང་ཁུངས་དང་ངེས་ཚིག་སོགས་ཡང་དག་གསལ་འགྲེལ་ཐུབ་པ་བྱ་རྒྱུ་ནི་བརྡ་ཆད་རིག་པའི་གཞུང་ལུགས་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན།

དེ་ཡང་ཐོག་མར་བརྡ་ཆད་འདིའི་ཚིག་གི་གྲུབ་ཚུལ་ལས་འགོ་བཙུགས་ཏེ་ཅུང་ཟད་དཔྱད་ན། གྲིབ་ཅེས་པ་མི་གཙང་བའི་མནོལ་ཕོག་པའམ་ཡང་ན་ལུས་པོའི་སྲོག་རྩ་དཀར་ནག་གི་བྱ་བ་ཉམས་པར་བྱེད་པའི་ནད་ཀྱི་སྤྱི་མིང་སྟེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་བ་རིག་པའི་མིང་ཚིག་འགའ་ཞིག་གི་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང་ལས། ཚེ་སྲོག་སེམས་ཀྱི་རྟེན་བྱེད་པའི། ལུས་ཀྱི་རྩ་དཀར་རྩ་ནག་རྣམས། འགྲིབ་ཅིང་ཉམས་པར་གྱུར་བའི་ཕྱིར། དེ་ལ་གྲིབ་ཅེས་བཤད་པ་ཡིན། ཞེས་པ་ལྟར་དང་། དེ་ཡང་ལུས་སྤྱི་དང་ལྷག་པར་ཡན་ལག་གི་རྩ་ལ་ཞུགས་ཏེ་དེའི་བྱ་བ་ཉམས་པར་བྱེད་པ་རྩ་གྲིབ་ལྟ་བུ་དང་། གཟའ་གདོན་གྱི་མནོལ་ཕོག་པའམ་ཀླད་སྐྱོན་དབང་གིས་ནད་འགྱུར་གྱི་རྣམ་པ་ལུས་པོའི་གཞོགས་ཕྱེད་བཤལ་བ་སོགས་ཀྱི་རྟགས་ཐོན་པ་ལ་གཟའ་གྲིབ་བམ་སྟེང་གྲིབ་ལྟ་བུའི་ཐ་སྙད་བཞག་པ་ཡིན་ལ། ལར་གསོ་རིག་གི་སྐབས་འདིར་གྲིབ་ཅེས་པའི་ཚིག་འདི་ལ་དོན་གི་ཆ་ནས་རྣམ་པ་མི་འདྲ་བ་ལ་འཇུག་པ་མང་སྟེ། གོང་དུ་གསུངས་པའི་གྲིབ་ཀྱི་ངེས་ཚིག་སྐབས་སུ་འཕེལ་བ་ལས་གོ་ལྡོག་པའི་འགྲིབ་ཅིང་ཉམས་པར་འགྱུར་བའི་དོན་གཙོ་བོར་སྟོན་པ་སྟེ་ལུས་པོའི་རྩ་དཀར་ནག་གི་བྱ་བ་ཉམས་པའི་དོན་དང་།གཟའ་གྲིབ་དང་སྟེང་གྲིབ་གཉིས་ཀྱི་སྐབས་འདིར་ནི་མི་གཙང་དུག་དང་དམེ་བཙོག་སོགས་ཀྱི་དོན་གཙོ་བོར་སྟོན་པ་སྟེ་གཟའ་ཆེན་པོ་རཱ་ཧུ་ལའི་གནོད་དུག་གི་དོན་སྟོན། དེས་ན་ནད་གཞི་འདིས་ཟིན་པ་ལའང་གཟའ་ཕོག་གམ་གྲིབ་ཕོག་ཅེས་པའི་བརྗོད་སྟངས་ཤིག་རིམ་པས་ཆགས་ལ། གྲིབ་ཅེས་པའི་ཚིག་འདི་ཡང་དངོས་སུ་ཁྱབ་གདལ་བྱུང་བ་སྟེ། གོང་སྨན་དཀོན་མཆོག་བདེ་ལེགས་ཀྱི་མཁས་པའི་མན་ངག་ཀུན་འདུས་དགོས་པ་ཀུན་འབྱུང་ཞེས་བྱ་བའི་ནང་། གྲིབ་ཕོག་ནི། དཔེར་ན་བྱ་ནམ་མཁའ་ལ་ལྡིང་བ་བཞིན། རྒྱུག་པ་དེའི་གྲིབ་མའི་འོག་ཏུ་ཚུད་པ་ཡིན། ཞེས་དང་། གླིང་སྨན་བཀྲིས་འབུམ་པའི་གཅེས་པར་བསྡུས་པ་འཆི་མེད་བུམ་བཟང་ཞེས་བྱ་བའི་ནང་། གྲིབ་ཀྱི་ནད་རིགས་གང་ལ་ཡང་། གྲིབ་རེད་ཟེར་ལ་ནད་པས་མ་ཐོས་པར་དེ་མ་ཐག་ཏུ་སྤོས་དཀར་ཐང་ཞག་གསུམ་བཏང་། ཞེས་དང་། ཀརྨ་ཚུལ་ཁྲིམས་མཆོག་གི་མན་ངག་རིན་ཆེན་གསེར་སྒྲོམ་མམ་སྒེའུ་རྣའི་གསེར་སྒྲོམ་ཞེས་པའི་ནང་། གྲིབ་བདག་ནག་པོ། ཉི་མའི་ཟེར་གྲིབ། ཟླ་བའི་ཉ་གྲིབ། ནག་པོ་ཐང་གྲིབ་ལ་སོགས་པའི་གྲིབ་ཀྱི་ཐ་སྙད་མང་པོ་བྱུང་ལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་འཚོ་བྱེད་ལས་དང་པོ་བ་ལ་ཉེ་བར་མཁོ་བའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩིའི་ཐིགས་པ་ཞེས་པའི་གཟའ་བཅོས་ཀྱི་སྐབས་སུའང་། གྲིབ་ཕོག་དུས་ཐོག་མར་སྤོས་དཀར་གྱི་ཐང་བཏང་ན་བཅོས་སླ། ཞེས་སོགས་གྲིབ་ཀྱི་ཐ་སྙད་དངོས་སུ་བྱུང་།

གང་ལྟར་ནའང་ཐོག་མར་གྲིབ་ཅེས་པའི་ཚིག་འདིའི་འབྱུང་ཁུངས་གཙོ་བོ་ནི་གཟའ་གདོན་གྱི་ནད་དང་སྦྱར་ནས་གཙོ་བོར་འབྱུང་བ་ཞིག་སྟེ། ཀརྨ་ངེས་ལེགས་བསྟན་འཛིན་གྱི་ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་གསར་རམ་སྨན་བསྡུས་ཨེ་ལས། འོན་ཀྱང་དེང་སང་གཟའ་གྲིབ་དུ་ངོས་འཛིན་པ་འདི་འདྲ་རླུང་ནད་ཀྱི་རིགས་ཀྱང་ཡིན་ཏེ། ཁ་ཡོ་བ་དང་ལྐུགས་པ་སོགས་ཀྱང་རླུང་ནད་དུ་བཤད་པའི་ཕྱིར། དེ་བས་ན་རླུང་ནད་དང་གཟའ་གྲིབ་ཀྱི་དབྱེ་བའང་ཟོན་ཆུབ་པར་བྱེད་དགོས། ཞེས་དང་།ཡང་དེ་ཉིད་དུ་དྲན་འཛིན་ལྕགས་ཀྱུ་ལས་ལུང་དྲངས་པར། གྲིབ་གཟའ་ཡི་པའི་རྟགས་སུ། སྦྲིད་དང་བེམ་དང་ཚག་ཚག་དང་། སྐྱུག་དང་བཤལ་དང་ཚོགས་འཁོར་འོད།ལ་སོགས་པ་ཡིན་མཐོང་སྣང་འབྱུང་། དེ་གྲིབ་གཟའ་ནག་པོ་གཡོན་ཅན་ཡིན། ཞེས་དང་། སྐྱེམ་པ་ཚེ་དབང་མཆོག་གི་མན་རྒྱུད་རྣམ་བཤད་བདེ་བའི་འདོད་འཇོར་གཟའ་ཆེན་པོ་ར་ཧུ་ལའམ་སྒྲ་གཅན་གྱི་བྱུང་བ་བརྗོད་པའི་གཏམ་རྒྱུད་དུ། སྨོན་ལམ་གྱི་མཐུས་ཕ་ལྷ་སྲིན་མ་ཀླུ་མོ་ལས་སྐྱེས་པའི་བུ་གླིང་བཞིའི་ཕྱེད་ཁྱབ་ཅིང་སྲིད་པ་གསུམ་ན་ལུས་དང་མཐུ་ཆེ་བར་གྲགས། སེམས་དུལ་བར་མི་གྱུར་པས་གྲིབ་ཀྱི་དུག་འཛིན་ཞིང་གནོད་པ་དང་བཅས་པར་སོང་། ཞེས་སོགས་གཟའ་འདི་ལ་གྲིབ་ཀྱི་དུག་དང་ལྡན་པར་བསྟན་ལ་འདིས་གཏོང་བར་གྲགས་པའི་གདོན་ནད་ལ་ནད་ཀྱི་བདག་པོ་དང་རྒྱུའི་མིང་གཉིས་ནད་ལ་སྦྱར་བའམ་ཡང་ན་གཟའི་དུག་གྲིབ་ཕོག་པ་ནད་ཀྱི་རྒྱུ་རྐྱེན་ནམ་ངོ་བོར་གཞིགས་ནས་གཟའ་གྲིབ་ཅེས་པའི་ཐ་སྙད་བྱུང་བ་དང་། ཡང་གཟའ་སྐར་རིགས་ཀྱི་གདོན་ལ་གནས་ཀྱི་དབང་གིས་སྟེང་གདོན་ཞེས་ཀྱང་བྱ་བས་དོན་གཅིག་མིང་གི་རྣམ་གྲངས་སུ་སྟེང་གྲིབ་ཅེས་པའི་མིང་བྱུང་བ་ཡིན་ལ། དུས་ཕྱིས་སུ་ནད་གཞི་འདིའི་རྒྱུ་རྐྱེན་འགྱུར་ཚུལ་སོགས་ཀྱི་རྣམ་པ་གཙོ་ཆེ་བ་ནི་ཀླད་རྩའི་ནད་འགྱུར་དང་འབྲེལ་བ་ཤུགས་ཆེན་ལྡན་པ་གསལ་རྟོགས་བྱུང་སྟེ་གོང་གི་གྲིབ་ཅེས་པའི་ཐ་སྙད་ཀྱི་རྨང་གཞིའི་ཐོག་ནད་རྒྱུ་གཙོ་བོ་ཀླད་སྐྱོན་ཞུགས་པ་གང་ཞིག་སྐྱེས་བུའི་ཚེ་སྲོག་མྱུར་དུ་འཇོམས་པར་བྱེད་པ་སོགས་ཀྱི་ཉེས་སྐྱོན་ཆེན་པོ་དང་ལྡན་པའི་ནད་ལ་གྲིབ་སྐྱོན་ཞེས་པའི་ཐ་སྙད་སྦྱར་བར་སེམས།

མདོར་ན་གྲིབ་སྐྱོན་ཞེས་པའི་ཐ་སྙད་འདིའི་འབྱུང་རིམ་རགས་པ་ཙམ་ནི་འདི་ལྟར་ཏེ། ཐོག་མར་གཟའ་གདོན་གྱི་གནོད་པ་དང་ལྡན་པར་གྲགས་པའི་ནད་ལ་གཟའ་ནད། དེ་ཡང་གཙོ་བོ་གཟའ་གང་གི་དུག་གྲིབ་ཕོག་པར་བལྟོས་ནས་གཟའ་གྲིབ། གཟའ་དང་སྟེང་གདོན་གཉིས་དོན་འདྲ་བར་བལྟོས་ནས་སྟེང་གྲིབ། ཀླད་རྩར་སྐྱོན་ཞུགས་པས་གྲིབ་ཀྱི་ནད་རྟགས་སྟོན་པ་ལ་གྲིབ་སྐྱོན་ཞེས་རིམ་པས་འབྱུང་བ་ཞིག་སྟེ། དཔལ་ལྡན་རྒྱུད་བཞིས་གཙོས་པའི་གསོ་རིག་བསྟན་བཅས་ཕལ་ཆེ་བའི་ནང་གཟའ་གདོན་གྱི་ནད་ཅེས་པའི་མིང་འབྱུང་བ་དང་། ཡང་དར་མོ་སྨན་རམས་པའི་གདམས་ངག་བཀའ་རྒྱ་མ་དང་། གོང་སྨན་དཀོན་མཆོག་ཕན་དར་གྱི་ཉམས་ཡིག་བརྒྱ་རྩ་སོགས་སུ་གཟའ་ནད་ཅེས་དང་། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་ལས་སྣ་ཚོགས་པའི་སྔགས་ཀྱི་བེའུ་བུམ་དགོས་འདོད་ཀུན་འབྱུང་གཏེར་གྱི་བུམ་པ་བཟང་པོ་དང་། ཀརྨ་ཚུལ་ཁྲིམས་མཆོག་གི་མན་ངག་རིན་ཆེན་གསེར་སྒྲོམ། ཀརྨ་ངེས་ལེགས་བསྟན་འཛིན་གྱི་ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་གསར་སོགས་སུ་གཟའ་གྲིབ། དེར་དྲན་འཛིན་ལྕགས་ཀྱུ་ལས་ལུང་དྲངས་པའི་ནང་གྲིབ་གཟའ། སློབ་དཔོན་པད་འབྱུང་གི་སྨན་ཡིག་གཅེས་བསྡུས་དང་། ཀརྨ་ངེས་ལེགས་བསྟན་འཛིན་གྱི་ཕན་བདེ་ནོར་བུའི་བང་མཛོད། ས་སྐྱ་སྨན་གྲོང་པའི་མན་ངག་ཐུན་མོང་མ་ཡིན་པ་དངུལ་བྲེ་ཆེན་མོ་སོགས་སུ་སྟེང་གདོན་དང་། སྟེང་གཟའ། སྟེང་གྲིབ། གླིང་སྨན་བཀྲིས་འབུམ་པའི་གཅེས་པར་བསྡུས་པ་འཆི་མེད་བུམ་བཟང་ཞེས་བྱ་བའི་ནང་ཐད་ཀར་གྲིབ་ནད་ཅེས་དང་། གཞན་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་པར་ལྷ་ལྡན་སྨན་རྩིས་ཁང་གི་རྩིས་རམས་པ་ཡེ་ཤེས་ཆོས་འཕེལ་མཆོག་གིས་གཟའ་ནད་དམ་སྟེང་གྲིབ། ལོ་རབས་བདུན་ཅུའི་མཇུག་ཏུ་དགེ་རྒན་ཆེན་མོ་བསམ་གཏན་མཆོག་གི་གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པའི་ནང་དུ་གྲིབ་སྐྱོན། ལོ་རབས་བརྒྱད་བཅུ་པའི་མཇུག་ཏུ་མཁས་དབང་ཐུབ་བསྟན་ཚེ་རིང་དང་། བྱམས་པ་འཕྲིན་ལས། ཁྲོ་རུ་ཚེ་རྣམ་སོགས་མཁས་མང་འདུས་ཏེ་རྩོམ་སྒྲིག་གནང་བའི་ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ་ཞེས་པའི་ནང་དུ་སྟེང་གྲིབ་བམ་གྲིབ་སྐྱོན་ཞེས་པ་སོགས་མིང་གི་རྣམ་པ་མི་འདྲ་བ་རིམ་པར་འབྱུང་ལ། དེང་གི་ཆར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གཙོ་བོར་འགྱུར་པའི་བོད་ལུགས་གསོ་རིག་སྨན་ཁང་ཁག་གི་ནད་དེབ་སོགས་སྨན་བཅོས་ཡིག་རིགས་ནང་དུ་ནད་གཞི་འདིར་དངོས་སུ་གྲིབ་སྐྱོན་ཞེས་པའི་མིང་འདི་སྤྱོད་དང་སྤྱོད་བཞིན་མཆིས་ལ། ཚེ་ཡི་རིག་བྱེད་འཛིན་པ་རྣམས་དང་ཁྱད་པར་རྒྱ་ཆེའི་མང་ཚོགས་ཁྲོད་དུའང་མིང་འདི་ཉིད་བརྗོད་བདེ་གོ་བདེའི་ཁྱད་ཆོས་ལྡན་པ་ཞིག་ཏུ་འགྱུར་ཟིན་ཏོ།།