གྲི་གུ་རྩྭ་ཐང་

ཡོང་ཁུངས་Wikipedia

བོད་མིའི་འབྱུང་གནས་སུ་གྲགས་པའི་རྩེད་ཐང་གྲོང་བརྡལ་ནས་ལྷུང་ལྷུང་འབབ་པའི་དྭངས་གཙང་ཤམ་ཆུ་བརྒྱུད་ལྷོ་ཕྱོགས་སུ་ཆས་ཚེ་སྲིད་པའི་ལ་དགུའི་ཡ་གྱལ་གངས་རི་ཆེན་པོ་ཡར་ལྷ་ཤམ་པོའི་ཉེ་འདབས་སུ་འབྱོར་ཞིང་། དེ་ནས་ནུབ་ཕྱོགས་སུ་ཁ་གཏད་དེ་ཕྱིན་ན་མཚོ་སྨད་རྫོང་གི་མངའ་ཁོངས་སུ་གཏོགས་པའི་འཁར་ཞེས་པའི་གྲོང་ཚོར་སླེབས། གྲོང་ཚོ་དེའི་ཕུར་བྱེ་ལ་ཞེས་པའི་ལ་ཞིག་ཡོད་ཅིང་། དམངས་ཁྲོད་ཀྱི་ཤོད་རྒྱུན་དུ། སྔོན་ལ་མོ་དེ་ཉིད་ཧ་ཅང་མཐོ་བས་ཡུལ་དེའི་མི་རྣམས་ལ་མོ་དེ་བརྒལ་ནས་ཡུལ་གཞན་དུ་འགྲོ་འོང་བྱེད་ཚད་དཀའ་ཚེགས་ཤིན་ཏུ་ཆེ་བའི་གནས་ཚུལ་དེ་རྒྱ་བཟའ་ཀོང་ཇོས་མཁྱེན་རྗེས་རི་བོ་དེར་གསེང་ཁ(ཕུག་ལམ)གཏོད་དགོངས་ཀྱང་ཕྱིས་སུ་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་གསེང་ཁ་གཏོད་རྒྱུ་མ་བྱུང་བར་གྲགས་ཤིང་ལ་དེའི་རྩེ་མོར་སླེབས་ཚེ། ད་གཟོད་གྲི་གུ་རྩྭ་ཐང་དེ་ཉིད་མིག་ལམ་དུ་ཁྲ་ལམ་མེར་མངོན་ཐུབ།

རྒྱང་རིང་ནས་བལྟས་ཚེ། གྲི་གུ་རྩྭ་ཐང་དེ་ཉིད་ནི་རབ་དཀར་དར་གྱི་ཐོར་ལྕོག་བཅིངས་ཤིང་སྔོ་ལྗང་ན་བཟའ་ཀུན་ནས་བཀླུབས་པའི་ཡིད་དུ་འོང་བའི་ལྷ་ཡི་བུ་མོ་ཞིག་གིས་དྭངས་ཤིང་གསལ་བའི་མེ་ཏོག་ཅིག་ཕྱག་ཏུ་བསྣམས་ནས་མི་ཡུལ་དུ་ལྟད་མོར་ཕེབས་པ་དང་གཉིས་སུ་མེད། རྩྭ་ཐང་དེའི་ཕྱོགས་བཞི་ན་ཤེལ་གྱི་མཆོད་རྟེན་བཞེངས་འདྲའི་གངས་རི་དཀར་པོ་དང་། རྩེ་མོ་གནམ་ལ་ཟུག་འདྲའི་རྫ་རི་སྨུག་པོ། གཡུ་ཡི་མཎྜལ་སྤུངས་འདྲའི་སྤང་རི་སྔོན་པོ་སོགས་ཚར་དུ་དངར་བའི་རི་ཚོགས་ཀྱིས་བསྐོར་བ་དང་། དེ་དག་གི་བར་ན། དྭངས་བསིལ་བརྒྱད་ལྡན་གཙང་ཆབ་ཀྱིས་བཀང་བའི་མཚེའུ་དུ་མ་སྔོ་ལྷེམ་མེར་འཁྱིལ། རྩྭ་ཐང་དེའི་སྟེང་ན་ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་དྭངས་མོའི་འགྲམ་གྱི་སྔོ་ལྗང་ནེའུ་གསིང་ཐོག་དཀར་སེར་དམར་སྔོའི་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་བུང་བ་གཞོན་ནུས་དར་དིར་གྱི་གཤོག་གླུ་སྙན་མོ་ལེན་པ་དང་ཕྱེ་ལེབ་བུ་མོས་ལྷབ་ལྷེབ་ཀྱི་བྲོ་གར་མཚར་པོ་འཁྲབ་ནས་སྐྱེ་བོ་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་པར་བྱེད་ཀྱིན་ཡོད། སྐར་ཚོགས་ས་ལ་བབས་འདྲའི་གཡང་དཀར་གྱི་ཁྱུ་ཚོགས་དང་། བྲེ་སེར་འབྲོང་སྟོབས་ལ་འཁུ་བའི་འབྲི་གཡག་གི་ཁྱུ་ཚོགས་ནི་རྩྭ་ཐང་གི་རྒྱན་ཆ་དང་འབྲོག་པའི་འཚོ་རྟེན་ལགས་ཤིང་། ད་དུང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་ཀྱི་སྲོག་ཆགས་སུ་གཏོགས་པའི་ཁ་དཀར་རྐྱང་གི་ཁྱུ་ཚོགས་དང་། གཞན་ཡང་གནའ་བ་དང་། གཉན། དགོ་བ་སོགས་ཀྱི་རི་སྐྱེས་སྲོག་ཆགས་རྣམས་ཅི་འདོད་རྩྭ་ཆུར་རོལ་ཞིང་བག་ཕེབས་དལ་གྱི་རྒྱུ་བ་ནི་རང་བྱུང་ཁམས་ཆེན་པོ་བདེ་བའི་ཆང་གིས་མྱོས་པ་མིན་ན་ཅི་ཞིག་ཡིན། ཡང་སྒོས་སུ་དང་ར་གཡུ་མཚོ་དེ་ཉིད་ནི་གྲི་གུའི་རྩྭ་ཐང་འདི་ཀོ་ཡུལ་གཞན་ལས་ཁྱད་དུ་འཕགས་པའི་མཚོན་རྟགས་སུ་འཁུམས་ཤིང་། གཡུ་མཚོའི་གཏིང་ན་ལྟོ་དཀར་ཉ་མོའི་ཚོགས་ཀྱིས་འཁྱུག་འཁྱུག་གར་ལ་རོལ་ཅིང་། གཡུ་མཚོའི་ཁ་ནང་ངང་པ་དང་། ངུར་པ། ཁྲུང་ཁྲུང་སོགས་ཆུ་བྱ་སྣ་ཚོགས་ཀྱིས་མགྲིན་པའི་རྫ་རྔ་བར་མེད་དུ་འཁྲོལ་བ་ནི་སྙན་ཞིང་འཇེབས་པའི་མཉམ་སྒྲོག་རོལ་དབྱངས་ཤིག་དཀྲོལ་བ་དང་ཀུན་ནས་མཚུངས། སྔོ་ལྗང་རྩྭ་ཐང་དེའི་བར་བར་ན་འབྲོག་པའི་སྦྲ་གུར་ཚོམ་བུ་ཚོམ་བུར་ཕུབ་པ་དེ་དག་གི་ནང་དུ་དཀར་པོ་འོ་མའི་རྒྱ་མཚོ་འཁྱིལ་ཞིང་། སེར་པོ་མར་གྱི་རྩིག་པ་བརྩིགས་པ་དང་། ནག་པོ་རྩིད་པའི་སྤྲིན་ནག་གཡོ་ཞིང་དཀར་པོ་བལ་གྱི་སྤྲིན་དཀར་ལང་ལོང་དུ་འཕྱུར།

ད་དུང་གྲི་གུའི་འབྲོག་དམངས་གཏན་སྡོད་བྱ་ཡུལ་གྱི་ཤར་ལྷོའི་མཚམས་ན་རི་ཆུང་ཞིག་ཡོད་པ་དེའི་སྟེང་གི་བྱང་ཤར་ན་མངོན་མཐོ་དང་ངེས་ལེགས་ཀྱི་ནོར་བུ་ཡིད་བཞིན་དུ་འཇོ་བའི་ཇོ་བོ་བསམ་འཕེལ་ནོར་བུ་བཞུགས་པའི་གཙུག་ལག་ཁང་དེ་ཉིད་བརྗིད་ཆགས་གེར་འགྱིང་ཞིང་། རི་ཆུའི་དེའི་སྟེང་གི་ནུབ་བྱང་ངོས་ནི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་མཆོག་གིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་བརྩམས་སྒྲུང་རིང་གྲས་ཨང་དང་པོ་ཡིན་པའི་གྲགས་རྩོམ《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དབུ་རྩོམ་སའི་བྱིན་ཆེའི་གནས་མཆོག་ལྕགས་རྩེ་གྲི་གུའི་རྫོང་ཤུལ་ཡིན། གྲི་གུ་གྲོང་ཚོའི་བྱང་ངོས་ནས་ལྷོག་ལྷོག་ཏུ་འཁོལ་བའི་རང་བྱུང་ཆུ་ཚན་ཞིག་ཡོད་ཅིང་། མི་ཚོས་ཆུ་ཚན་དེར་ཁྲུས་ལ་ཞུགས་ན་གྲུམ་བུ་སོགས་ཀྱི་ནད་བཅོས་ཐུབ་པར་གྲགས།

གཞན་ཡང་། ལོ་རེའི་སྤྱི་ཟླ་དགུ་པའི་ཟླ་སྟོད་དུ་ཡུལ་དེའི་འབྲོག་པ་རྣམས་ཀྱིས་ཉིན་གསུམ་ནས་ལྔ་བར་དབྱར་སྐྱིད་གཏོང་ཞིང་། དབྱར་སྐྱིད་དེ་ནི་ཡུལ་དེར་མཚོན་ན་ལོ་རེའི་བོད་ཀྱི་ལོ་གསར་ཕུད་པའི་དུས་ཆེན་རྒྱས་ཤོས་ཤིག་ཡིན། དེའི་ཚེ་དེའི་དུས་ན་འབྲོག་པ་རྣམས་ཀྱིས་ལུས་ལ་གཟབ་མཆོར་ཀྱིས་སྤུད་དེ་རྟ་རྒྱུགས་དང་། འཕྲུལ་རྟ་དང་རྐང་འཁོར། ཐག་པ་འཐེན་པ། སྒོར་གཞས་རྒྱུག་རྒྱུ། བྱེ་བ་འགྱོགས་པ་སོགས་ཀྱི་འགྲན་བསྡུར་བྱེད་ཅིང་། ཕོ་གཞོན་རྣམས་ལ་མཚོན་ན་དུས་དེ་ནི་རང་གི་དཔའ་རྩལ་ངོམ་པའི་དུས་སྐབས་ལེགས་ཤོས་ཤིག་དང་། མོ་གཞོན་རྣམས་ལ་མཚོན་ན་དུས་དེ་ནི་རང་གི་ལང་ཚོའི་དཔལ་ཡོན་དང་སྙན་འཇེབས་མགྲིན་གླུ་ངོམས་པའི་དུས་སྐབས་ལེགས་ཤོས་ཤིག་ཡིན། དེའི་ཚེ་སྐུ་ཉིད་གྲི་གུར་ཕེབས་ན་སྦག་བཙོག་གི་གཡའ་དང་བྲལ་བའི་ཟས་རིགས་ཏེ། ཤ་མར་ཐུད་གསུམ་དང་། ཞོ་དང་། འོ་མ། མར་ཟན་སོགས་ཅི་འདོད་ལོངས་སུ་སྤྱོད་རྒྱུ་ཡོད་ཅིང་། དེའི་ཚེ་དེའི་དུས་ན་སྐུ་ཉིད་ཀྱིས་ད་གཟོད་རང་བྱུང་ཁམས་ཆེན་པོའི་བདེ་བ་ལོངས་སུ་སྤྱད་ཆོག་ལ། ངོ་མཚར་ཡིད་དུ་འོང་བའི་རྩྭ་ཐང་གི་མཛེས་ལྗོངས་ལ་འདྲེན་བྱེད་དབང་པོས་ཅི་འདོད་ཚིམ་པར་རོལ་ཆོག་པ་མ་ཟད། འབྲོག་པའི་སྔར་གྱི་ཡུལ་སྲོལ་དང་དེང་གི་དར་སྲོལ་གཉིས་ཀར་ལོངས་སུ་སྤྱད་ཆོག