གྲངས་ཅན་པའི་གྲུབ་མཐའ་
གྲུབ་མཐའ་འདིའི་སྲོལ་གཏོད་པ་པོ་ནི་དྲང་སྲོང་སེར་སྐྱ་ཞེས་པ་ཁོང་ཡིན་པ་ནི་ནང་པའི་གཞུང་དུ་གྲགས་ཤིང་། ཁོང་ནི་བསྐལ་བ་རྫོགས་ལྡན་གྱི་དུས་སུ་སྐྱེ་དགུའི་བདག་པོ་ཀརྡམ་ཞེས་དང་། དྲང་སྲོང་ཡིད་ལས་སྐྱེས་མ་ནུ་ཞེས་བྱ་བའི་བུ་མོ་དེ། དེཥཏུ་ཏཱི་ཞེས་བྱ་བ་གཉིས་ཀྱི་སྲས་ཡིན་པར་བཤད་ལ། ཁོང་སྐྱེ་བའི་ས་གནས་ཀྱང་བིནྡུསརོཝར་ཞེས་བྱ་བ་དེ་ཡིན་པར་བཤད་དོ། །གཞུང་གཞན་ཞིག་ཏུ་དྲང་སྲོང་འདི་གྲངས་ཅན་གྱི་གྲུབ་མཐའི་སྲོལ་གཏོད་པ་པོ་མིན་པར་དྲང་སྲོང་སེར་སྐྱ་གཞན་ཞིག་བྱུང་བ་དེ་ཡིན་པར་བཤད་མོད་ཅེས་བཤད་འདུག་ཀྱང་བཤད་མཁན་སུ་ཡིན་དང་འཐད་མིན་སོགས་ནི་མ་ངེས་པས་མཁྱེན་ལྡན་དག་གིས་ཁ་སྐོང་གནོངས་ཤིག །ཁོང་ཕེབས་དུས་ནི་མུ་སྟེགས་པའི་གཞུང་ཕྱི་མོ་རྣམས་སུ་བསྐལ་བ་རྫོགས་ལྡན་དང་ཚེ་ལོ་དཔག་མེད་ཀྱི་དུས་ཡིན་པར་བཤད་ཡོད། ཅེས་ལྷ་རམས་པ་བསྟན་འཛིན་ཆོས་འཕེལ་སོགས་ཀྱིས་བཤད་ལ། ནང་པའི་གཞུང་དུ་གསུང་ཚུལ་ནི། «ཁྱད་པར་འཕགས་བསྟོད་པའི་རྒྱ་ཆེར་བཤད་པ»ལས། བསྐལ་པ་དང་པོའི་ཚེ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཚད་མེད་པ་ན། བྲམ་ཟེ་སེར་སྐྱ་ཞེས་བྱ་བ་ཞིག་བྱུང་སྟེ་བསྟི་གནས་ཀྱི་གནས་སུ་འདུག་ནས་དཀའ་ཐུབ་ཀྱི་ཁྱད་པར་ལས་ཐར་པ་འབའ་ཞིག་པ་ཐོབ་སྟེ། གཞན་དག་ལ་ལམ་ལེགས་པར་བསྟན་པའི་ཕྱིར་བསྟན་བཅོས་དག་བྱས་སོ། །ཞེས་སོ། །ཕྱིས་ཀྱི་གནའ་རབས་ཞིབ་འཇུག་པ་འགའ་ཞིག་གིས་ཕྱི་ལོ་མ་ཚུགས་གོང་གི་ལོ་༧༠༠ཡས་མས་ཞིག་ནས་བྱུང་བར་བཤད་པ་གསུངས་འདུག་མོད། གང་ལྟར་ད་བར་ཁོང་ཕེབས་དུས་ངེས་ཅན་ཞིག་རྙེད་མེད་པས་དཔྱད་ཙམ་དུ་མཆིས་སོ། །ཁོང་གི་སློབ་མ་ལྷ་མིན་སྐྱེས་དང་། དེའི་སློབ་མ་གཙུག་ཕུད་ལྔ་པ་ཡིན་ཏེ། «གྲངས་ཅན་གྱི་ཚིག་ལེའུ་བྱས་པ»ལས། དག་པའི་རྩེ་མོ་གྱུར་འདི་ཐུབ་པ་ཡི།། ལྷ་མིན་སྐྱེས་ལ་རྗེས་བརྩེས་རབ་ཏུ་སྦྱིན།། ལྷ་མིན་སྐྱེས་ཀྱིས་གཙུག་ཕུད་ལྔ་པ་ལའོ། །ཞེས་སོ། །དེ་དག་གི་རྗེས་སུ་རཱུ་དྲིལ་ཟེར་བའི་མཁས་པ་ཞིག་བྱུང་ཞིང་དེ་ནི་སློབ་དཔོན་དབྱིག་གཉེན་དང་ཕེབས་དུས་མཉམ་པའི་ཚོད་དུ་གསུངས་འདུག །དེ་ནས་བར་སྐབས་ཤིག་ལ་གྲངས་ཅན་པའི་མཁས་པའི་བརྒྱུད་རིམ་དེ་ཆེར་མི་མངོན་པ་ལྟར་གྱུར་ཀྱང་། དུས་རབས་བཅུ་དྲུག་པའི་ནང་ཝིཛྙཱན་བྷིཀྵ་ཞེས་པ་མཁས་པ་ཆེན་པོ་ཞིག་གིས་འདིའི་སྐོར་གཞུང་བཤད་མང་དུ་མཛད་པར་བཤད་དོ། ། དེ་ཀུན་གྱིས་དབང་ཕྱུག་ལྷར་མི་འདོད་ལ། ཕྱིས་སུ་དབང་ཕྱུག་ལྷར་ཁས་ལེན་པའི་སློབ་དཔོན་ཐོག་མ་ལྟ་བུ་གྲགས་པའི་དྲང་སྲོང་ཆུ་ཀླུང་ངམ་ཆུ་ལྷུང་ཞེས་པའི་སློབ་དཔོན་ཞིག་ཕེབས་པ་གྲགས་ཏེ། «མདོ་»ལས། གླང་ཆེན་འདུལ་བ་གཟུགས་མེད་ཕྲ་བའི་སེམས། །དྲང་སྲོང་ཆུ་ཀླུང་ཟ་བས་མ་ཐུལ་ན། །གང་གི་དབང་དུ་གཟུགས་མེད་སེམས་འགྱུར་ཏེ། །མི་ཡི་འཇིག་རྟེན་དག་ན་ཡོད་དམ་ཀྱེ། ། ཞེས་དང་། «ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད»ལས། གལ་ཏེ་ཡོངས་སུ་བགྲངས་པ་ཁོ་ན་ལ་ཞེས་བྱ་བ་ནི་གང་ལ་དགག་པ་འཇུག་པར་འདོད་པ་ཁོ་ན་ལ་དགག་པ་ལ་འཇུག་པ་སྟེ། དཔེར་ན་གྲངས་ཅན་གང་དག་དབང་ཕྱུག་མེད་པ་དག་ནི་གཙོ་བོ་འགའ་ཞིག་ལས་སྣ་ཚོགས་སྐྱེ་བར་འདོད་ལ། དེ་དག་ན་རེ་གྲངས་ཅན་རྣལ་འབྱོར་སྤྱོད་པ་ལ་དྲང་སྲོང་ཆུ་ཀླུང་ལ་སོགས་པ་དབང་ཕྱུག་ཏུ་སྨྲ་བ་དག་བཀག་པའི་ཕྱིར་དབང་ཕྱུག་མེད་དོ་ཞེས་བྱ་བ་ནི་གཏན་ཚིགས་མེད་པར་འཇུག་གི་མེད་པ་གཞན་ལ་ནི་མ་ཡིན་ཏེ། དེ་ལ་འཇུག་པར་མི་འདོད་པའི་ཕྱིར་རོ་ཞེས་ཟེར་བ་ལྟ་བུའོ། །ཞེས་སོ། །ཁོང་ནམ་ཕེབས་སོགས་ཀྱི་དུས་གཏན་ཁེལ་ཞིག་ནི་བཙལ་ཀྱང་མ་རྙེད་པས་དགོངས་སེལ་ཞུ། ། གཉིས་པ། བསྟན་བཅོས་ཀྱི་སྐོར། སྤྱིར་བསྟན་བཅོས་ཆེས་མང་པོ་ཞིག་ཡོད་པ་མངོན་ཏེ། «གྲངས་ཅན་གྱི་ཚིག་ལེའུ་བྱས་པ»ལས། དེས་ཀྱང་རྒྱུད་ནི་རྣམ་པ་མང་དུ་མཛད། །ཅེས་གཙུག་ཕུད་ལྔ་པའི་རྟོགས་པ་བརྗོད་པ་ལྟར་རོ། །འོན་ཀྱང་ད་ལྟར་རྩ་གཞུང་ལྟ་བུ་ལག་སོན་དུ་ཡོད་པ་ནི། གྲངས་ཅན་གྱི་མདོ་དང་། གྲངས་ཅན་གྱི་ཚིག་ལེའུ་བྱས་པ་དང་། སྟོན་པ་ཆུ་ལྷུང་ངམ་ཆུ་ཀླུང་གིས་མཛད་པའི་རྣམ་འབྱོར་གྱི་མདོ་དང་ནག་པོའི་རྒྱུད་སུམ་ཅུ་པ་དང་དྲུག་ཅུ་པ་སོགས་ཡོད། རྣམ་འབྱོར་གྱི་མདོ་འདིའི་ནང་དུ་རྣམ་འབྱོར་སྒོམ་ཚུལ་གཙོ་བོར་སྟོན་ཅིང་། ལྷ་དབང་ཕྱུག་སོགས་སྐྱེས་བུའི་བློ་ཡི་བཀོད་པ་མེད་པར་རྩ་བའི་རྒྱུ་སྤྱིའམ་གཙོ་བོ་ཁོ་ནས་རྣམ་འགྱུར་རྣམས་རྣམ་པ་ཐ་དད་དུ་འགྱུར་བ་དང་། སྐྱེས་བུའི་བློ་ཡིས་བཀོད་པ་མེད་པར་རྩ་བའི་རྒྱུ་སྤྱིའམ་གཙོ་བོ་ཙམ་གྱིས་རྣམ་འགྱུར་རྣམས་རྣམ་པ་ཐ་དད་དུ་འགྱུར་བ་མེད་པའི་བསམ་ཚུལ་གསར་དུ་གསུངས་པ་ལ་བརྟེན་ནས་གྲངས་ཅན་ལྷ་བཅས་སྨྲ་བ་ཐོག་མ་བྱུང་། དཔེར་ན། གྲངས་ཅན་ལྷ་བཅས་སྨྲ་བས་རྫ་མཁན་མེད་པར་འཇིམ་པ་ཁོ་ནས་རྫ་བུམ་གྲུབ་མི་ཐུབ་པ་དང་། འཇིམ་པ་མེད་པར་རྫ་མཁན་ཁོ་ནས་རྫ་བུམ་གྲུབ་མི་ཐུབ་པ་ལྟ་བུའོ་ཞེས། གཙོ་བོ་དང་དབང་ཕྱུག་གཉིས་རྣམ་འགྱུར་ཀུན་གྱི་བྱེད་པོར་སྨྲ་བ་གསུངས་སོ། །«དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ»ལས། དེ་ལྟར་རང་བཞིན་དབང་ཕྱུག་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གྲངས་ཅན་ཁ་ཅིག་ནི་གཙོ་བོ་འབའ་ཞིག་ལས་འབྲས་བུ་ཐ་དད་པ་འདི་དག་འཇུག་པ་མ་ཡིན་ཏེ། དེ་ནི་སེམས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སེམས་པ་མེད་པ་ནི་བྱིན་གྱིས་རློབ་པ་པོ་མེད་པ་རང་གི་འབྲས་བུ་རྩོམ་པར་བྱེད་པ་མ་མཐོང་ལ། སྐྱེས་བུ་བྱིན་གྱིས་རློབ་པ་པོར་ཡང་མི་རིགས་ཏེ། དེའི་ཚེ་མི་ཤེས་པའི་ཕྱིར་རོ། །འདི་ལྟར་བློ་ངེས་པའི་དོན་ཉིད་སྐྱེས་བུས་ཤེས་པར་བྱེད་དེ། འབྱིན་པའི་སྔར་བློ་འདི་ནི་མི་ཤེས་པ་ཁོ་ན་སྟེ། ནམ་ཡང་དོན་འགའ་ཡང་ཤེས་པ་མ་ཡིན་ནོ། །དོན་མི་ཤེས་པར་ཡང་འགའ་ཡང་བྱ་བར་མི་ནུས་པས་འདི་བྱེད་པ་པོ་མ་ཡིན་ནོ། །དེ་ལྟ་བས་ན་དབང་ཕྱུག་ཉིད་གཙོ་བོ་ལ་ལྟོས་ནས་འབྲས་བུ་ཐ་དད་པའི་བྱེད་པ་པོ་ཡིན་གྱི་འབའ་ཞིག་ནི་མ་ཡིན་ནོ། །ལྷ་སྦྱིན་ལ་སོགས་པ་གཅིག་པུ་སྐྱེད་པར་བྱེད་པ་ནི་མ་ཡིན་ལ། རྫ་མཁན་འབའ་ཞིག་ཀྱང་བུམ་པ་བྱེད་པ་མ་ཡིན་ནོ་ཞེས་ཟེར་རོ། ། ཞེས་སོ། །དེའི་གོང་གི་སློབ་དཔོན་དག་གིས་དེ་ལྟར་ཁས་མི་ལེན་པས་གྲངས་ཅན་ལྷ་མེད་པ་དང་། དྲང་སྲོང་ཆུ་ཀླུང་རྗེས་འབྲངས་དང་བཅས་པ་དག་ལ་གྲངས་ཅན་ལྷ་བཅས་པ་ཞེས་འདོགས། སྐབས་སྐབས་སུ་གྲངས་ཅན་ལྷ་མེད་པ་ལ་སེར་སྐྱ་པ་དང་། གྲངས་ཅན་ལྷ་བཅས་པ་ལ་གྲངས་ཅན་པ་ཞེས་པའི་ཐ་སྙད་ཀྱང་བྱུང་སྟེ། «ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ»ལས། གྲངས་ཅན་སྨྲ་རྣམས་ཡོན་ཏན་མེད། ། སེར་སྐྱ་རྣམས་ནི་སྟོང་པའི་ཚུལ། །ཞེས་དང་། «འགྲེལ་པ་འོད་ལྡན»ལས། དགེ་ཚུལ་གང་དག་གྲངས་ཅན་དང་སེར་སྐྱ་ལ་སོགས་པའི་བསྟན་བཅོས་ལ། དེ་ཁོ་ན་ཉིད་ཡིན་པའི་བློས་འདོན་པར་བྱེད་པ་དེ་དག་ལ་ནི་ཡུལ་འཁོར་གྱི་བསོད་སྙོམས་དུག་ཉིད་དུ་འགྱུར། ཞེས་སོ།།སཾཁྱཱ་ཀཱརི་ཀཱའམ་གྲངས་ཅན་པའི་ཚིག་ལེའུ་བྱས་པ་འདི་ནི་དུས་རབས་དྲུག་པའི་ནང་རྒྱ་ནག་སྐད་དུ་བསྒྱུར་ཅིང་སླར་ཡང་ལེགས་སྦྱར་སྐད་དུ་བསྒྱུར་པའི་ལོ་རྒྱུས་ཡོད་པའང་གསུངས་འདུག་གོ ། གསུམ་པ། གཞིའི་སྐོར། དྲང་སྲོང་སེར་སྐྱས་ཕྱི་དང་ནང་དང་ལྟ་ངན་གྱི་རྐྱེན་ལས་བྱུང་བའི་སྡུག་བསྔལ་གསུམ་གྱི་རྒྱར་ཚུད་པ་རྣམས་དེ་ལས་ཐར་པའི་ཕྱིར་གཞི་ཆོས་ཅན་གྱི་ཚུལ་དུ་བདག་གི་དེ་ཉིད་ནས་སའི་དེ་ཉིད་བར་སོ་སོར་ཕྱེས་ནས་ཤེས་བྱ་ཉེར་ལྔར་བཤད་དོ། །འགའ་ཞིག་གིས་ལུགས་འདིར་ཤེས་བྱ་ཐམས་ཅད་ཉེར་ལྔ་གྲངས་ངེས་པ་བཤད་པ་རྣམས་ནི་ཤེས་བྱ་ལ་རྟག་མི་རྟག་གཉིས་སུ་གྲངས་ངེས་པར་ལྟར་མིན་ཏེ། ཉེར་ལྔ་པོ་གང་ཡང་མིན་པའི་ཤེས་བྱ་མང་བའི་ཕྱིར་ཏེ། དཔེར་ན་ཡོན་ཏན་གསུམ་བཞིན་ནོ། །ཞེས་ཟེར་མོད། འོན་ཀྱང་། ཁུངས་ལུང་དང་སྒྲུབ་བྱེད་ཡང་དག་མ་རྙེད་པས་གནས་སྐབས་བཏང་སྙོམས་སུ་བཞག་གོ ། ཤེས་བྱ་ཉེར་ལྔ་པོ་གཏན་ལ་དབབ་ཚུལ་སྒོ་མང་དུ་མཆིས་ཤིང་དེའི་ནང་ནས་རྒྱུ་འབྲས་ཡིན་མིན་མུ་བརྩིས་པའི་སྒོ་ནས་གཏན་ལ་འབེབས་ན། «གྲངས་ཅན་གྱི་ཚིག་ལེའུ་བྱས་པ»ལས། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་པར་ལྟར། ཤེས་བྱ་ཉེར་ལྔ་ནི། དང་པོ་སྤྱིར་གཙོ་བོ་ནི་རང་བཞིན་རྒྱུ་ཁོ་ན་ཡིན་པ་དང་། བློའམ་ཆེན་པོ་དང་། ང་རྒྱལ་དང་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དེ་ཙམ་ལྔ་སྟེ་བདུན་ནི། རང་བཞིན་རྒྱུ་དང་རྣམ་འགྱུར་འབྲས་བུ་གཉིས་ཀ་ཡིན་པ་དང་། རྣ་བ་པགས་པ་མིག་ལྕེ་སྣ་སྟེ་ནང་བློའི་དབང་པོ་ལྔ་དང་། ལག་རྐང་འཕོངས་འདོམས་ངག་སྟེ་ཕྱི་ལས་ཀྱི་དབང་པོ་ལྔ་དང་།གཉིས་ཀའི་དབང་པོ་ཡིད་དེ་དབང་པོ་བཅུ་གཅིག་དང་། སའི་འབྱུང་བ་ནས་ནམ་མཁའི་འབྱུང་བ་བར་ལྔ་སྟེ་བཅུ་དྲུག་ནི་རྣམ་འགྱུར་འབྲས་བུ་ཁོ་ན་ཡིན་པ་དང་། ཐ་མ་བདག་ཤེས་རིག་གི་སྐྱེས་བུ་ནི་རང་བཞིན་རྒྱུ་དང་རྣམ་འགྱུར་འབྲས་བུ་གང་ཡང་མིན་ནོ། །རང་བཞིན་རྒྱུ་ལ་བྱེད་པ་དང་རྣམ་འགྱུར་འབྲས་བུ་ལ་བྱ་བ་ཞེས་པའི་ཐ་སྙད་ཀྱང་བྱུང་སྟེ། ཇི་སྐད་དུ། གཙོ་བོ་བྱེད་ཡིན་བྱ་བ་མིན། །ཆེན་པོ་སོགས་བདུན་བྱ་དང་བྱེད། །བཅུ་དྲུག་པོ་ནི་བྱ་བ་ཡིན། །ཤེས་རིག་བྱེད་མིན་བྱ་བའང་མིན། །ཞེས་སོ། ། རྒྱུ་འབྲས་རྣམས་འདྲ་ཆོས་དུ་མའི་སྒོ་ནས་མཚུངས་པར་བསྟན་ནས་བདག་ཤེས་རིག་གི་སྐྱེས་བུ་ནི་དེ་ལས་ལྡོག་པར་སྟོན་ཏེ། «གྲངས་ཅན་གྱི་ཚིག་ལེའུ་བྱས་པ»ལས། ཡོན་ཏན་གསུམ་ལྡན་རྣམ་པར་རིག་མིན་ཡུལ། །སྤྱི་དང་སེམས་མེད་སྐྱེད་པའི་ཆོས་ཅན་ཏེ། གསལ་བ་དང་ནི་དེ་བཞིན་གཙོ་བོ་སྟེ། །དེ་ལྟར་དེ་ལས་ལྡོག་པ་སྐྱེས་བུའོ། །ཞེས་སོ། །འདྲ་ཆོས་དྲུག་ནི། ཡོན་ཏན་དང་ལྡན་པ། དེ་གསུམ་ལས་སོགས་སུ་དབྱེར་མི་ནུས་པ་དང་། ལོངས་སྤྱད་པར་བྱ་བ་ཡིན་པས་ཡུལ་དང་། སྤྱི་དང་། སེམས་མེད་དང་། སྐྱེད་པའམ་སྐྱེ་བའི་ཆོས་བཅས་སོ།།འབྲས་བུ་རྣམས་ནི་དེའི་ཐོག་ཏུ་ཆོས་དགུ་དང་ལྡན་པར་གསུངས་ཏེ། «གྲངས་ཅན་གྱི་ཚིག་ལེའུ་བྱས་པ»ལས། རྒྱུ་ལྡན་མི་རྟག་དང་ནི་ཁྱབ་བྱེད་མིན། །རྟེན་ཡིན་དུ་མ་རྟགས་དང་བྱ་བ་བཅས། །ཆ་བཅས་གཞན་དབང་དེ་ནི་གསལ་བའོ། །དེ་ལས་ལྡོག་པ་གསལ་བ་མིན་པའོ། །ཞེས་སོ། །ཆོས་དགུ་ནི། རྒྱུ་དང་ལྡན་པ་དང་། མི་རྟག་པ་ཡིན་པ་དང་། མ་ཁྱབ་པ་དང་། བརྟེན་པ་དང་། དུ་མ་དང་། རྟགས་ཏེ་ཐིམ་པའི་བདག་ཉིད་ཅན་དང་། བྱ་བ་དང་བཅས་པ་དང་། ཆ་བཅས་དང་། གཞན་དབང་བཅས་སོ། ། གཞན་ཡང་། ཤེས་བྱ་ཉེར་ལྔ་ཐམས་ཅད་ཤེས་པ་དང་བེམ་པོ་གཉིས་སུའང་འདུས་ཏེ་བདག་ཤེས་རིག་གི་སྐྱེས་བུ་ནི་དོན་རྙེད་པས་ན་ཤེས་པའི་ངོ་བོ། རྩོམ་པ་མེད་པའི་མི་སྐྱེ་བའི་ཆོས་ཅན་དང་།སྐྱེ་བ་དང་ཉམས་པ་མེད་པས་རྟག་པ་དང་། བདེ་སྡུག་ལ་ལོངས་སྤྱོད་པའི་ཟ་པ་པོ། ས་གསུམ་དུ་འགྲོ་བ་ཐམས་ཅད་ལ་ཁྱབ་པས་ཁྱབ་པ་དང་། སྙིང་སྟོབས་སོགས་ཀྱི་མཚན་ཉིད་ཅན་མིན་པས་ཡོན་ཏན་མ་ཡིན་པ།ཡུལ་ལ་ལོངས་སྤྱོད་པའི་ཕྱིར་ཡུལ་ཅན། ཆ་ཤས་དང་བྲལ་བའི་ཕྱིར་གཅིག་པུ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་མཐའ་མེད་པའི་མཚན་ཉིད་ཅན་ཡིན་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས«རྟོག་གེ་འབར་བ»ལས། དེ་དག་ནི་བདག་སྟེ་ཤེས་པ་ཡོད་པ་ལས་ཐ་དད་དུ་མ་གྱུར་པ། མ་སྐྱེས་པ། རྟག་པ་མ་བྱས་པ། ཟ་བ་པོ། །གཙོ་བོ། ཁྱབ་པ། བྱེད་པ་མེད་པ། ཡོན་ཏན་གསུམ་ལས་བཟློག་པ་མི་སྐྱེད་པའི་ཆོས་ཅན་རྐྱེན་ཉེ་བར་རྙེད་ནས་ཤེས་པ་བསྐྱེད་པ་སྙིང་སྟོབས་ལ་སོགས་པའི་མཚན་ཉིད་ཅན་མ་ཡིན་པའི་ཕྱིར། ཡོན་ཏན་མ་ཡིན་པ་རྩོམ་པ་མེད་པ་ཡིན་པའི་ཕྱིར་མི་སྐྱེ་བའི་ཆོས་ཅན་སྤྱོད་པའི་ཕྱིར་ན་ཡུལ་ཅན་ནོ། །སྐྱེ་བ་དང་ཉམས་པ་མེད་པའི་ཕྱིར་རྟག་པའོ། །རང་བཞིན་དང་འགྱུར་བ་ལས་གཞན་ཡིན་པའི་ཕྱིར་རྟགས་མེད་པ། གཅིག་ཡིན་པའི་ཕྱིར་ཆ་ཤས་དང་བྲལ་བ་དང་པོ་དང་ཐ་མ་མེད་པའི་ཕྱིར་མཐའ་མེད་པ་སྟེ། འདི་དག་ནི་སྐྱེས་བུའི་མཚན་ཉིད་ཡིན་ནོ། །ཞེས་སོ། ། བདག་ཤེས་རིག་གི་སྐྱེས་བུ་ལས་གཞན་ཉེར་བཞི་པོ་ཀུན་བེམ་ཤེས་གཉིས་ལས་བེམ་པོར་ཡིན་ཏེ། མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར་ཞེས་རྟགས་སྦྱོར་འགོད་པའི་ཕྱིར་ཏེ། «རྣམ་འགྲེལ»ལས། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་གཞན་བསྒྲུབ་བྱར་འདོད། ། ཅེས་དང་། དེའི་ཐད་དུ་«འགྲེལ་བ་རྒྱན»ལས། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་གཞན་བསྒྲུབ་བྱར་འདོད། །དཔེར་ན་འདུས་པའི་བདག་ཉིད་རྣམས་གཞན་གྱི་དོན་དུ་སྒྲུབ་པ་ན། བདག་གི་དོན་དེ་ནི་མ་བརྗོད་ཀྱང་འདོད་པས་ཁྱབ་པའི་བསྒྲུབ་བྱ་ཡིན་ཞེས་བསྟན་པའི་དོན་དུ་འདོད་པ་སྨོས་སོ། ། ཞེས་སོ། །ཁྱབ་སྟེ། སོགས་སྒྲའི་ཁོངས་ནས་ཤེས་བྱ་ཉེར་གསུམ་སྟོན་ནས། དེ་ལས་གཞན་པས་བདག་གིས་དོན་བྱེད་པ་བསྒྲུབ་འདོད་ཅིང་། གྲངས་ཅན་པས་འདུས་བསགས་ཞེས་པ་དེ་བེམ་པོར་འཇོག་ལ། ནང་པས་འདུས་བྱས་ལ་འཇོག་པས་གྲངས་ཅན་པས་བདག་ཤེས་རིག་གི་སྐྱེས་བུ་ལས་གཞན་པའི་ཤེས་བྱ་ཉེར་བཞི་པོ་བེམ་པོར་ཁས་ལེན་པར་གྲུབ་བོ། །ཁ་ཅིག་གིས་འོ་ན། བློ་ཆོས་ཅན། བེམ་པོར་ཐལ། ཟེར་སྲིད་མོད། དེ་ནི་འདོད་དེ། མིང་ལ་བློ་ཞེས་འདོགས་ཀྱང་སེམས་མེད་པའི་བེམ་པོར་འདོད་དེ། སེམས་པ་ནི་རྒྱུན་ལ་སྐྱེ་འཇིག་མི་སྲིད་པའི་བདག་གཅིག་པུ་ཡིན་གྱི་སྐྱེ་འཇིག་སྲིད་པ་རྣམས་སེམས་མེད་དུ་འདོད་དོ། །ཞེས་སྟག་ཚང་པས་གསུངས་པ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེས་ཀྱང«ཐུབ་བསྟན་ལྷུན་པོའི་མཛེས་རྒྱན»ལས། དེ་ཡང་སྐྱེས་བུ་ནི་ཤེས་པ་དང་། ལྷག་མ་ཉེར་བཞི་བེམ་པོར་འདོད་པས། བློ་ལ་བེམ་པོས་ཁྱབ་པ་དང་ཞེས་སོ། ། སྤྱི་གཙོ་བོ་ནི། རང་བཞིན་ནམ་དོན་དམ་དུ་ཡོད་པ། སེམས་དང་མི་ལྡན་པ། མ་སྐྱེས་པས་རྟག་པ། ཆ་མེད་པས་གཅིག་པུ། སྣོད་བཅུད་ཀུན་ལ་ཁྱབ་པས་ཁྱབ་པ། ཡོན་ཏན་གསུམ་དང་ལྡན་པར་ཡིན་ཏེ། «རྟོག་གེ་འབར་»་ལས། རང་བཞིན་ནི་ཡོད་དེ་སེམས་དང་ལྡན་པ་མ་ཡིན་པའོ། །དེ་ཡང་མ་སྐྱེས་པ། རྟག་པ། བྱེད་པ་པོས་ལོངས་སྤྱད་པར་བྱ་བ་གཅིག་པུ་ཁྱབ་པ་ཡོན་ཏན་གསུམ་ལ་སོགས་པ་དང་ལྡན་པའོ། །ཞེས་སོ། །མི་གསལ་བ་ཡིན་ཏེ། «རྟོག་གེ་འབར་བ»ལས། དེ་ཉིད་ནི་མི་གསལ་བ་སྟེ། ཁ་དོག་དང་། ཚད་དང་། དབྱིབས་ལ་སོགས་པའི་བྱེ་བྲག་གིས་ལྷ་དང་། ལྷ་མ་ཡིན་དང་། མི་ལ་སོགས་པ་འགའ་ཞིག་གིས་མངོན་སུམ་དུ་མ་གྱུར་པའི་ཕྱིར་རོ། ། ཞེས་དང་། «ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ»ལས། གཙོ་བོ་དེ་བྲམ་ཟེ་སེར་སྐྱའི་མངོན་སུམ་དུ་ཡང་མ་གྱུར་པར་ཡིན་ཏེ། དེ་དག་གི་གཞུང་ལས་བྲམ་ཟེ་སེར་སྐྱས་ཚངས་པ་སྐྱེ་བ་ནི་མཐོང་གི །དེས་གཙོ་བོ་དེ་ནི་མི་མཐོང་ངོ་ཞེས་འབྱུང་བའི་ཕྱིར་རོ། །ཞེས་སོ། །ཡོན་ཏན་གསུམ་གང་ཞེ་ན། རྡུལ་མུན་སྙིང་སྟོབས་གསུམ་གྱི་ཡོན་ཏན་གསུམ་སྟེ། རྡུལ་ནི་གཡོ་བ་དང་འཇུག་པའི་བདག་ཉིད་ཅན་ཡིན་ལ་སྡུག་བསྔལ་ཞེས་ཀྱང་ཟེར་ཏེ། «གྲངས་ཅན་པའི་གཞུང»ལས། མི་དགའ་བ་དང་ཡོངས་གདུང་དང་། །མྱ་ངན་འདོད་དང་མི་བཟོད་དག །གང་དུ་སྣང་བའི་གཏན་ཚིགས་ཀྱིས།།དེ་དག་རྡུལ་གྱི་རྟགས་སུ་འདོད། །ཅེས་སོ། །མུན་པ་ནི་ལྕི་བ་དང་གཡོགས་པའི་བདག་ཉིད་ཅན་ལ་གཏི་མུག་ཅེས་ཀྱང་ཟེར་ཏེ། «དེ་ཉིད»ལས། རྨོངས་དང་དེ་བཞིན་གཏི་མུག་དང་། །བག་མེད་གཉིད་དང་གཡེལ་བ་དག །ལན་འགའ་ཡང་ནི་སྣང་གྱུར་པ། དེ་དག་མུན་པའི་ཡོན་ཏན་ནོ། །ཞེས་སོ། །སྙིང་སྟོབས་ནི་ཡང་བ་དང་རབ་ཏུ་གསལ་བའི་བདག་ཉིད་ཅན་ལ་བདེ་བ་ཞེས་ཀྱང་ཟེར་ཏེ། «དེ་ཉིད»ལས། རངས་དང་མགུ་དང་ཀུན་དགའ་དང་། །བདེ་དང་ཞི་བའི་སེམས་ཉིད་དག །ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །ཞེས་སོ། །རྡུལ་མུན་སྙིང་སྟོབས་གསུམ་གྱི་ཡོན་ཏན་གསུམ་དང་། རིམ་བཞིན་ཞེ་སྡང་རྨོངས་པ་ཆགས་པ་གསུམ་དང་། ཚོར་བར་སྡུག་བསྔལ་བཏང་སྙོམས་བདེ་བ་གསུམ་སོགས་མིང་གི་རྣམ་གྲངས་ཡིན་ནོ། ། ཤེས་བྱ་ཀུན་བདེན་པ་གཉིས་སུ་བསྡུ་ན་གཙོ་བོ་དང་སྐྱེས་བུ་ནི་དོན་དམ་བདེན་པར་འདོད་ཅིང་། གཞན་རྣམས་རྫུན་པ་དང་ཀུན་རྫོབ་ཏུ་འདོད་དེ། དྲང་སྲོང་སེར་སྐྱས། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག། སྣང་བའི་ལམ་དུ་འགྱུར་མ་ཡིན། །སྣང་བའི་ལམ་དུ་གང་གྱུར་དེ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་སོ། །ལུང་འདིས་མི་གསལ་བའི་ཤེས་བྱ་དོན་དམ་དང་། གསལ་བའི་ཤེས་བྱ་ཀུན་རྫོབ་དུ་བཤད་པ་གསུངས་ལ། ཤུགས་ལ་ཤེས་བྱ་ཐམས་ཅད་གསལ་མི་གསལ་གཉིས་སུའང་འདུ་བ་གསུངས་སོ། །དེ་གཉིས་ཀྱི་ཁྱད་པར་ཡོད་དེ། རྒྱུ་དང་ལྡན་པ་དང་མི་རྟག་པ་དང་། ཐམས་ཅད་ལ་མ་ཁྱབ་པ་དང་། བྱེད་པ་དང་བཅས་པ་རྣམ་པ་དུ་མ་དམིགས་པ་དང་བརྟེན་པ་དང་། འགྲོ་བ་དང་ཆ་བཅས་དང་། གཞན་གྱུར་པའི་ཁྱད་པར་དགུ་བོའི་ལྡན་པ་རྣམས་ནི་གསལ་བ་དང་། བཟློག་པ་དགུ་ནི་མི་གསལ་བའི་དོན་ཡིན་པའི་ཕྱིར་ཏེ། དབང་ཕྱུག་ནག་པོས། རྒྱུ་ལྡན་མི་རྟག་མ་ཁྱབ་པ། བྱེད་ཅེས་དུ་མ་རྟེན་པ་འགྲོ། །ཆ་ཤས་དང་བཅས་གཞན་དབང་གསལ། །བཟློག་པ་དང་ནི་མི་གསལ་བའོ། །ཞེས་སོ། ། བཞི་པ། ཚད་མའི་སྐོར། འགྲུབ་བྱེད་ཀྱི་ཚད་མ་མེད་པར་གཞལ་བྱ་གྲུབ་མཐའ་སྨྲ་བ་སུས་ཀྱང་མི་འདོད་པས་སྔར་དེ་དག་འགྲུབ་བྱེད་ཚད་མ་ལ་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་དང་སྒྲ་བྱུང་ངམ་ཡིད་ཆེས་པའི་ཚིག་ལས་བྱུང་བའི་ཚད་མ་གསུམ་ཡོད་དེ། «གྲངས་ཅན་པའི་ཚིག་ལེའུ་བྱས་པ»ལས། མཐོང་དང་རྗེས་དཔག་ཡིད་ཆེས་ཚིག །ཚད་མ་ཐམས་ཅད་ཉིད་འགྲུབ་ཕྱིར། །ཚད་མ་རྣམ་པ་གསུམ་དུ་འདོད།། གཞལ་བྱ་ཚད་མ་ཉིད་ལ་འགྲུབ། །ཅེས་སོ། །དང་པོ་མངོན་སུམ་གྱི་ཚད་མ་ནི། དབང་པོ་རང་གི་ཡུལ་དང་ཉེ་བ་ན་ཡུལ་དེའི་རྣམ་པ་འཛིན་ཅིང་འཆར་བའི་བློའོ། །མ་གཞི་འདི་ལ་བཤད་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད་པ་གསུངས་འདུག །«ཚད་མ་ཀུན་བཏུས»ལས། སེར་སྐྱ་པ་རྣམས་ནི་རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་དུ་འདོད། ཅེས་གསུངས་པ་ལྟར་ན་རྣ་བ་དང་པགས་པ་དང་མིག་དང་ལྕེ་དང་སྣ་ལ་ཡིད་ཀྱིས་བྱིན་གྱིས་བརླབས་ནས་གཟུགས་སྒྲ་ལ་སོགས་པ་ལ་ལྟ་བ་དེའོ། །ཞེས་གྲངས་ཅན་པ་སྤྱིས་འདོད་ལ། དྲང་སྲོང་ཆུ་ཀླུང་གིས་གསུངས་ན་རྣ་བ་དང་པགས་པ་དང་མིག་དང་ལྕེ་དང་སྣ་ལ་ཡིད་ཁོ་ནས་བྱིན་གྱིས་བརླབས་ནས་གཟུགས་སྒྲ་ལ་སོགས་པ་ལ་ལྟ་བ་མི་འདོད་པར་ལྷ་དབང་ཕྱུག་དང་ཡིད་གཉིས་ཀས་བྱིན་གྱིས་རླབས་ནས་གཟུགས་སྒྲ་ལ་སོགས་ལ་ལྟ་བ་འདོད་དོ། །མདོར་ན་ཚད་མ་འདིས་གཞལ་བྱ་མངོན་གྱུར་རྣམས་མཇལ་བར་འདོད་དོ། ། གཉིས་པ་རྗེས་དཔག་གི་ཚད་མ་ནི། «ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ»ལས། གྲངས་ཅན་པ་རྣམས་ནི་རེ་ཞིག་འབྲེལ་བ་མངོན་སུམ་པ་གཅིག་ལས་ལྷག་པར་གྲུབ་པ་ནི་རྗེས་སུ་དཔག་པའོ་ཞེས་ཟེར་རོ། །དེ་ལ་འབྲེལ་བ་ནི་རྣམ་པ་བདུན་ཏེ། དེ་རྣམས་གང་ཡང་རུང་བའི་མངོན་སུམ་པ་གཅིག་གིས་ལྷག་པའི་དོན་མངོན་སུམ་པ་མ་ཡིན་པ་ངེས་པར་གྲུབ་པའི་གཏན་ཚིགས་དེ་ནི་རྗེས་སུ་དཔག་པའོ། །ཞེས་པ་ལྟར་རང་དོན་རྗེས་དཔག་ནི། འབྲེལ་བ་བདུན་གྱིས་ཡུལ་འཇལ་བ་སྟེ། འབྲེལ་བ་བདུན་གང་ཞེ་ན། ལྷས་བྱིན་དང་རྟ་ལྟ་བུ་ནོར་དང་ནོར་བདག་གི་འབྲེལ་བ་དང་། འཇིམ་པ་དང་རྫ་བུམ་ལྟ་བུ་རང་བཞིན་དང་རྣམ་འགྱུར་གྱི་འབྲེལ་བ་དང་། རྫ་མཁན་དང་རྫ་བུམ་ལྟ་བུ་རྒྱུ་དང་རྒྱུ་ཅན་གྱི་འབྲེལ་བ་དང་། ས་བོན་དང་མྱུ་གུ་ལྟ་བུ་རྒྱུ་དང་འབྲས་བུའི་འབྲེལ་བ་དང་། སྡོང་པོ་དང་ཡལ་ག་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་དང་། ངུར་པ་དང་ཁྱོ་ཤུག་ལྟ་བུ་གྲོགས་དང་གྲོགས་ཅན་གྱི་འབྲེལ་བ་དང་། བྱ་རོག་དང་འུག་པ་ལྟ་བུ་དགྲ་གཤེད་ཀྱི་འབྲེལ་བའོ། །གཞན་དོན་རྗེས་དཔག་ནི། ཡན་ལག་ལྔ་ལྡན་དང་ཐལ་འགྱུར་གཉིས་འདོད་དེ། «ཚད་མ་ཀུན་བཏུས་རང་འགྲེལ»ལས། སེར་སྐྱ་བ་རྣམས་ན་རེ་གཞན་ལ་བསྟན་པར་བྱ་བའི་དོན་དུ་རྣམ་པར་ལྡན་པ་དང་བསལ་ཏེ་འོངས་པའི་བྱེ་བྲག་གི་རྗེས་སུ་དཔག་པ་རྣམ་པ་གཉིས་ཏེ། དེ་ལ་རྣམ་པར་ལྡན་པའི་ངག་གི་དངོས་པོའི་ཡུལ་རྣམ་པ་ལྔ་སྟེ། དམ་བཅའ་བ་ལ་སོགས་པའི་དབྱེ་བས་སོ་ཞེས་ཟེར་རོ། །ཞེས་སོ། ། གསུམ་པ་ལུང་ཚད་མ་ནི། སྟོན་པ་སེར་སྐྱ་ལྟ་བུའི་ཡིད་ཆེས་འོས་པའི་སྐྱེས་བུའི་གཞུང་དང་ངག་ལས་དོན་རྟོགས་པའི་བློ་ཞིག་གོ ། ལྔ་པ། འཁོར་བར་འཇུག་ལྡོག་གི་སྐོར། འཁོར་བ་ནི། ནང་གི་རྐྱེན་ལས་བྱུང་བའི་སྡུག་བསྔལ། ཕྱིའི་འབྱུང་བ་དང་སེམས་ཅན་གཞན་ལས་བྱུང་བའི་སྡུག་བསྔལ་དང་། ལྷ་དང་ནམ་མཁའམ་ལྟ་ངན་ལས་བྱུང་བའི་སྡུག་བསྔལ་གསུམ་ཅི་རིགས་དང་ལྡན་ཞིང་སྐྱེ་འཆིའི་གནས་པ་དེ་ལ་འཁོར་བ་འཇོག་པར་བཤད་འདུག་ལ། དེ་ལྟ་བུའི་འཁོར་བར་འཇུག་ཚུལ་ནི་བདག་གམ་གང་ཟག་སྤྱིར་གཙོ་བོའི་གནས་ཚུལ་ལ་རྨོངས་པ་དང་། སྐྱེས་བུས་ཡུལ་ལ་ལྟ་འདོད་པ་དང་། གཙོ་བདག་གཉིས་ཉེར་བ་འདུས་ལ་དེ་ནས་སྐྱེས་བུའི་འདོད་པ་དང་མཐུན་པར་བྱ་བའི་ཕྱིར་གཙོ་བོས་ཐོག་མར་རང་གི་བདག་ཉིད་ཆེན་པོའམ་བློ་བསྐྲུན་པར་བྱེད་དོ། །བློ་འདིའི་ངོ་བོ་ནི་ལྷག་པར་ཞེན་པའམ་ལྷག་པར་ངེས་པ་དེ་ཡིན་ལ་དེ་ཡང་ཡུལ་དེ་སྒྲོ་འདོགས་བཅད་ནས་འདིའོ་དེའོ་སྙམ་དུ་ངེས་པ་དེའོ། །ཡང་འདི་ནང་ནས་སྐྱེས་བུའི་སྣང་བརྙན་དང་ཕྱི་ནས་ཡུལ་གྱི་གཟུགས་བརྙན་འཆར་བའི་མེ་ལོང་ངོས་གཉིས་པ་ལྟ་བུ་ཞིག་ཡིན་པར་དང་། དེ་ལས་ང་རྒྱལ་ནི་དེ་ཡང་སྐྱེས་བུས་བློའི་མེ་ལོང་དེར་རང་གི་གཟུགས་བརྙན་ཤར་བ་དེ་ལ་བལྟས་པས་ཆེན་པོ་དང་གཙོ་བོ་གཉིས་ཀྱིས་གཅིག་གིས་དངོས་དང་གཅིག་ཤོས་ཀྱིས་བརྒྱུད་པའི་སྒོ་ནས་སྐྱེས་བུ་ལ་བདག་ནི་སྐལ་བ་དང་ལྡན་ནོ། །ཁྱད་པར་ཅན་ནོ་སྙམ་པ་ལྟ་བུའི་མངོན་པར་ཞེན་པའམ་མངོན་པའི་ང་རྒྱལ་བསྐྱེད་དོ། །ང་རྒྱལ་ལ་གསུམ་སྟེ་རྣམ་འགྱུར་བྲལ་བའི་ང་རྒྱལ་ལམ་སྙིང་སྟོབས་ཅན་གྱི་དེ་དང་། འབྱུང་བ་ཐོག་མའི་ང་རྒྱལ་མུན་པ་ཅན་གྱི་དེ་དང་། རྡུལ་ཅན་གྱི་ང་རྒྱལ་ལོ། །དང་པོ་ལས་སྙིང་སྟོབས་དང་ལྡན་པའི་དབང་པོ་བཅུ་གཅིག་སྐྱེས་ལ། བཅུ་གཅིག་པོ་དེ་དག་ལས་བློ་དབང་ལྔ་ནི་རང་རང་གི་ཡུལ་འཛིན་པར་དབང་ལ། ལས་དབང་ལྔ་ནི་རང་རང་གི་བྱ་བ་ལ་དབང་བས་དབང་པོར་འཇོག །ཡིད་དབང་ནི་བློ་དབང་དང་ལས་དབང་གཉིས་ཀའི་བྱ་བ་དང་ལྡན་ཞིང་ཡུལ་ལ་ལེགས་པ་རྟོག་པའི་ཚུལ་གྱིས་འཇུག་པས་མིང་གཞན་ཡོངས་རྟོག་དབང་པོའང་ཟེར་བ་བཤད་དོ། ། ང་རྒྱལ་གཉིས་པ་ལས་སྒྲའི་དེ་ཙམ་ནས་དྲིའི་དེ་ཙམ་བར་ལྔ་སྐྱེས་སོ། ། འདི་ལྔ་ལས་འབྱུང་བ་ཆེན་པོ་ལྔ་སྐྱེ་ཚུལ་ནི་སྒྲ་དེ་ཙམ་ལས་ནམ་མཁའ་དང་། སྒྲ་དེ་ཙམ་དང་འདྲེས་པའི་རེག་བྱ་དེ་ཙམ་ལས་རླུང་དང་། སྔར་གྱི་དེ་གཉིས་དང་གཟུགས་དེ་ཙམ་འདྲེས་པ་ལས་མེ་དང་། སྔར་གྱི་གསུམ་དང་རོ་དེ་ཙམ་ལས་ཆུ་དང་། སྔར་གྱི་བཞི་དང་དྲི་དེ་ཙམ་ལས་ས་སྐྱེའོ་ཞེས་པ་འདི་དག་ནི་དེ་ཙམ་ལྔའི་རྡུལ་ཕྲ་མོ་རྣམས་ལས་རགས་པའི་དངོས་པོ་རྣམས་སྐྱེ་ཚུལ་ཡིན་པ་བཤད་འདུག ། ང་རྒྱལ་གསུམ་པ་རྡུལ་ཅན་གྱི་ང་རྒྱལ་གྱིས་ང་རྒྱལ་གཞན་གཉིས་ཀྱིས་རང་འབྲས་སྐྱེད་པ་ལ་གྲོགས་བྱེད་པས་དེ་གཉིས་ཀྱི་འབྲས་བུ་གང་ཡིན་པ་རྣམས་དེས་ཀྱང་རྒྱུ་བྱས་ནས་འཁོར་བར་འཇུག་པའམ་འཁྱམས་པར་བྱེད་པ་ཡིན་ནོ། །དེ་ལས་ལྡོག་སྟེ་འཁོར་བ་ལས་གྲོལ་ཚུལ་ནི་མདོར་བསྡུས་ན་སྔར་བཤད་པ་ལྟར་འཁོར་བར་འཁྱམས་ཚུལ་དང་རྣམ་འགྱུར་ཉེར་གསུམ་པོ་སྒྱུ་མ་ལྟ་བུ་ཡང་ཡང་བསམ་ན་ཡུལ་ལ་སྲེད་པ་ཇེ་ཆུང་དུ་སོང་པས། སྐྱེ་རིམ་ལྟར་གྱི་ལུགས་ལས་ལྡོག་ནས་རིམ་གྱིས་ཐིམ་ཞིང་། མཐར་བློ་ཡང་གཙོ་བོ་ལ་ཐིམ་པས་བདག་དང་གཙོ་བོ་གཉིས་འབྲེལ་བ་ཆད་དེ་བདག་འབའ་ཞིག་པ་གནས་པ་ན་ཐར་པ་ཐོབ་པ་འདོད་དེ། «གྲངས་ཅན་གྱི་ཚིག་ལེའུ་བྱས་པ»ལས། དེ་ལྟར་དེ་ཉིད་གོམས་པ་ལས། །ཞེས་པ་ནས། དེ་ཡི་དོན་གྱི་དབང་ལས་ནི། །ཚུལ་བདུན་ལོག་དང་སྐྱེ་བ་ལོག །རང་བཞིན་སྐྱེས་བུས་མཐོང་འགྱུར་ཏེ། །རང་སར་ལྟད་མོ་བ་བཞིན་གནས། །ཞེས་དང་། སྣ་ཚོགས་རྟེན་ཅན་རང་བཞིན་ཉིད། །འཁོར་དང་འཆིང་དང་གྲོལ་བ་ཡིན། །ཞེས་སོ། །