Jump to content

གྲངས་ཀྱི་མངོན་བརྗོད་གསལ་བའི་སྒྲོན་མེ་རྩོམ་པ་པོའི་སྔོན་གླེང་།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད།

གྲངས་ཀྱི་མངོན་བརྗོད་གསལ་བའི་སྒྲོན་མེ་ཞེས་པ་འདི་ནི། རབ་བྱུང་རི་ཟླའི་ཤིང་གླང་(༢༠༡༢)ལོའི་བསྟན་བཅོས་ལོ་རིམ་གསུམ་པའི་འཛིན་གྲྭ་ལ་དངུལ་ཆུ་ཡབ་སྲས་ཀྱིས་མཛད་པའི་མིང་གཅིག་དོན་མང་ལ་འཇུག་པའི་མངོན་བརྗོད་དང་། གྲངས་ཀྱི་མངོན་བརྗོད་གཉིས་ཀྱི་སློབ་ཚན་ཁྲིད་པའི་སྐབས། གྲངས་ཀྱི་མངོན་བརྗོད་སྐོར་ལ་དེ་ལས་ཅུང་ཟད་རྒྱས་པ་ཞིག་ཡོད་ན་སྙམ་པའི་བསམ་པའི་རེ་བ་དང་བཅས་པའི་ཐོག་ནས། སློབ་ཁྲིད་བྱེད་རིམ་བཞིན་གྲངས་གནས་གང་ལ་འཁེལ་བ་དེ་དང་འབྲེལ་བའི་དཔེ་མཚོན་གང་དྲན་རེ་ཚིག་བཅད་ཀྱི་རྣམ་པས་བསྡོམས་ཚིག་རེ་དཀར་པང་དུ་བསྟར་ཆགས་སུ་བྲིས་ཏེ་ངག་ཐོག་ནས་འབྲེལ་བརྗོད་བྱས་པས། སློབ་ཚན་ཚར་བ་དང་གྲངས་ཀྱི་མངོན་བརྗོད་ཀྱི་བསྡོམས་ཚིག་ཅིག་རང་བཞིན་གྱིས་གྲུབ་སོང་པ་དེ་ཉིད་སྐབས་དེའི་སློབ་མ་ཚོའི་རེ་བ་གནང་དོན་བཞིན། བསྣན་འཕྲི་དག་བཅོས་འགའ་ཞིག་བྱས་ནས་ཕྲལ་སེལ་པར་སློག་ཏུ་བཏབ་ནས་བཀྲམས་པས། སློབ་མ་ཁག་ཅིག་གིས་བསྡོམ་ས་ཚིག་དེའི་རང་འགྲེལ་ཞིག་ཡོད་ན་ཕན་ཐོགས་ཅི་བས་ཆེ་བའི་འདོད་ཚུལ་ནན་པོར་བཏོན་པ་ལ་བརྟེན་ནས། བློ་ཐོག་གང་ཡོད་ཕྱོགས་བསྒྲིགས་བྱས་ཐོག བློ་ཐོག་ལ་མེད་པ་རྣམས་བསྟན་འགྱུར་ཁྲོད་ཀྱི་ཆོསཀྱི་རྣམ་གྲངས་ནས་བཟུང་། ཤེས་བྱའི་རྣམས་གྲངས་བསྟན་པའི་དཔེ་ཆ་དུ་མ་དང་། མདོ་སྔགས་ཀྱི་གཞུང་ཆེན་པ་ཁག་དུ་མ། དེ་བཞིན་སྒྲ་སྙན་སྨན་རྩིས་སོགས་ཐ་སྙེད་རིག་པའི་སྐོར། ད་དུང་རྒྱལ་རབས་ལོ་རྒྱུས་སོགས་ཀྱིས་མཚོན་པའི་དཔེ་དེབ་རྣམས་ལ་བལྟས་ནས་ཀ་བསྐང་བྱས་ཏེ། བདུན་ཕྲག་གཅིག་གི་ནང་མཇུག་ཡོངས་སུ་རྫོགས་པར་བྱས། བསྡོམས་ཚིག་འདི་ཉིད་འབྲས་སྤུངས་བློ་གསལ་གླིང་སློབ་གྲྭའི་དུས་དེབ་གངས་སུལ་གྱི་རོལ་དབྱངས་ཐོག་ཏུའང་བཀོད་པས། དེ་ཕྱོགས་ནས་ཀྱང་རང་འགྲེལ་ཞིག་དགོས་པའི་དགོངས་འཆར་འདོན་མཁན་མི་ཉུང་བ་ཞིག་བྱུང་བས། གཅིག་བྱས་ན་ཕན་ཐོགས་ངེས་ཅན་ཞིག་ཡོད་སྲིད་སྙམ་དྲན་གྱི་ཡོད། གྲངས་ཀྱི་མངོན་བརྗོད་མི་ཤེས་པའི་ཞེན་ཆ་གང་ཡོད་དམ་ཞེ་ན། གལ་ཏེ་གྲངས་ཀྱི་མངོན་བརྗོད་འདི་མི་ཤེས་ན་ནང་པའི་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལུགས་ཀྱི་གསང་བའི་ཚིག་དོན་སྦས་པའི་དོན་གནད་རྣམས་དང་བྲམ་ཟེ་ཆོས་ལུགས་སྨྲ་བ་ཚོའི་རང་གི་གསང་བའི་མན་ངག་གི་རྒྱུད་པའི་ཐ་ཚིག་ལ་རྨོངས་ནས། ཇི་བཞིན་མི་ཤེས་པའི་ཐོག །འཇིག་རྟེན་ཕལ་པའི་ཁྲོད་དུའང་ལྷ་སྒྲུང་དང་མ་སངས་ཀྱི་སྒྲུང་། མཐའ་ན་གླིང་སྒྲུང་དང་བྱིས་སྒྲུང་ཚུན་ཆད་དང་། སྔོན་གྱི་ལྡེའུ་དང་དུས་རབས་བར་མའི་སྐབས་ནས་ཤུགས་ཆེར་དར་བའི་གབ་ཚིག །དེ་བཞིན་རྒྱ་དཀར་ནག་ནས་ཆེད་པའི་རྩིས་དཀར་ནག་དང་། བོད་རང་གི་རྩིས་གཞུང་དུ་མའི་ནང་དུ་གྲངས་ཀྱི་མངོན་བརྗོད་འདི་ཉིད་ཡང་ཡང་སྤྱོད་དུ་ཡོད་པས། གལ་ཏེ་གྲངས་ཀྱི་མངོན་བརྗོད་འདི་ཉིད་མི་ཤེས་ན། མིག་ཡ་གཅིག་གིས་ལྟད་མོ་དང་། རྐང་པ་གཅིག་གིས་གོམ་བགྲོད་བཞིན། གཞན་ལ་ལྟ་བ་མི་ནུས་ཤིང་རང་ཉིད་འགྲོ་བ་མི་ནུས་པ་ཇི་བཞིན། མཁས་པ་གཞན་ཀྱིས་བྱས་པའི་གཞུང་ལུགས་དེ་དག་རང་གི་མིག་མདུན་དུ་བཞག་ནའང་ཀློག་ཤེས་ཙམ་ལས་དོན་མི་གོ་བ་དང་། རང་ཉིད་ཀྱིས་གཞུང་ལུགས་དེ་དག་གི་འཆད་རྩོད་རྩོམ་པ་གང་ཞིག་བྱེད་དགོས་ནའང་དོན་འདུས་པ་དང་འཐུས་ཚང་བའི་བཤད་པ་ཡང་དག་པ་ཞིག་ཡོང་ཐབས་མེད་དེ། རྒྱུ་མ་ཚང་བ་ལས་འབྲས་བུ་ཕུན་སུམ་ཚོགས་པ་ཞིག་འབྱུང་བ་གནས་མ་ཟིན་པའི་ཕྱིར་རོ༎ གྲངས་ཀྱི་མངོན་བརྗོད་ལ་འབད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། གོང་དུ་བཤད་པའི་ཉེས་པ་དེ་དག་ལས་གྲོལ་ནས་བྲམ་ཟེའི་གསང་ཚིག་དང་རྒྱུད་སྡེའི་སྦས་དོན། སྐབས་སུ་བབ་པའི་སྒྲུང་ལྡེའུ་བོན་གསུམ་གྱི་རྣམ་བཞག་དང་། རྒྱ་དཀར་ནག་དང་བོད་ཀྱི་རྩིས་གཞུང་། གབ་ཚིག་དང་བཞད་གད། བསྡུས་བརྗོད་བཅས་ཀྱིས་བསྡུས་པའི་སྙན་ཚིག་སོགས་ལ། གྲངས་ཀྱི་མངོན་པར་བརྗོད་པའི་མིང་འདི་དག་གལ་འགངས་དང་བེད་སྤྱོད་ཆེ་བས་རྒྱུ་མཚན་དེའི་ཕྱིར། གྲངས་ཀྱི་མངོན་བརྗོད་ཀྱི་སྦྱོར་ཚུལ་སྔོན་བྱོན་མཁས་པས་སྦྱོར་བ་ལ་མཐོང་ཐོས་ཉམས་མྱོང་གང་ནུས་བསགས་ཏེ། ཅིས་ཀྱང་འབད་པ་ཆེན་པོའི་སྒོ་ནས་རང་གི་རིགས་པའི་རྩལ་ལ་བརྟེན་ནས་ཀྱང་རྒྱ་ཆེར་སྦྱོར་བར་བྱ་དགོས་སོ༎ འདི་ཉིད་རྩོམ་སྒྲིག་ཞུ་བའི་སྐབས། ཁོར་ཡུག་འདིའི་ལོ་ཙཱ་བ་ཆེན་པོ་ད་ལྟའི་ངེས་སྟོན་མ་བློ་བཟང་ནོར་བུ་ཤསྟྲྀ་སོགས་དང་། རང་ཉིད་ཀྱི་ལས་དྲུང་སྐད་ཡིག་བཞི་ལྡན་གྱི་ལོ་ཙཱ་བ་ཨཅཱརྱ་ཟླ་བ་ལྷ་སས་གློག་ཀླད་དུ་འཇུག་འགོད་སོགས་ཀྱིས་མཚོན་འབྲེལ་ཡོད་ཕྱག་རོགས་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་གངས་ཅན་རིག་པའི་ཆུ་གཏེར་ཆེན་པོ་འདི་ཉིད་ནམ་ཡང་རླབས་ཀྱི་ཕྲེང་བ་དགུང་ལ་རྩེན་པའི་ལེགས་བྱས་རྒུད་དུ་མེད་པར། སྟོན་ཀའི་ཟླ་བ་དང་།་དབྱར་ཀའི་རྒྱ་མཚོ་ལྟར་འཕེལ་ཞིང་རྒྱས་པའི་སྨོན་འདུན་ཞུ། རྩོམ་པ་པོ་བེ་རི་དགེ་བཤེས་དགེ་བཤེས་འཇིགས་མེད་དབང་རྒྱལ་བས། གནས་མཆོག་ཝཱ་ར་ཎཱ་སི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་པོའི་རྩོམ་རིག་སྡེ་ཚན་ལས་ཁུངས་ནས། ༢༠༡༥. ༣. ༡༥ཉིན།