གོ་དང་དཀྱི་ར།

ཡོང་ཁུངས་Wikipedia

རྒྱལ་ཡོངས་ཀྱི་གྱོན་ཆས། གོ་དང་དཀྱི་ར།

འབྲུག་གི་ངོ་རྟགས་ཚུའི་གྲས་ལས་ རང་ལུགས་ཀྱི་གྱོན་ཆས་འདི་གལ་ཅན་ཅིག་སྦེ་བརྩིཝ་དགོ་མི་དེ་ཡང་ འཛམ་གླིང་ག་ཏེ་ཡང་མེད་པའི་གྱོན་ཆས་མཛེས་ཆ་ཅན་ཅིག་ཨིན། སྤྱིར་འཛམ་གླིང་ནང་འགྲོ་བ་མི་རིགས་འགོ་ཐོག་བྱུང་པའི་སྐབས་ལུ་ གཟུགས་ཁར་གོ་ལ་ཟེརཝ་གྱོན་སྲོལ་མེད་རུང་ ཤུལ་ལས་རིམ་གྱིས་ ཕོ་མོའི་མཚན་རྟགས་སྦ་ཚུགཔ་ཙམ་ཅིག་སྦེ་ ཤིང་གི་ཤོམ་འདབས་ཀྱིས་ གྱོན་ཆས་ཀྱི་ཚུལ་སྦེ་བཟོ་ཡོདཔ་མ་ཚད། བར་སྐབས་ཅིག་ལས་ སེམས་ཅན་གྱི་པགས་ཀོ་དང་བལ་གྱིས་འཐག་འཐག་པའི་གོ་ལ་གྱོན་སྲོལ་ཡོདཔ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ཡང་ འཛམ་གླིང་སྤྱིར་བཏང་གི་བྱུང་ཚུལ་དང་མ་འདྲཝ་ཆེནམོ་ཅིག་མེདཔ་ཨིན།

རྒྱལ་ཁབ་ནང་ ཧེ་མ་གི་དུས་ལུ་ གཡག་གི་སྤུ་དང་ལུག་གི་བལ་ སེམས་ཅན་གྱི་པགས་ཀོ་ཚུ་གིས་བཟོ་བའི་གོ་ལ་ཚུ་ རྒྱབ་གདོང་གཉིས་ལས་པུས་མོ་ཚུན་བཏང་སྟེ་ མཆན་གློ་འོག་དང་ སྐེད་པ་ལས་སྒྲོ་འཐག་བསྡམས་ཏེ་གྱོན་སྲོལ་ཡོད་མི་འདི་ དུས་ད་ལྟོའི་བར་ན་ཡང་ འབྲུག་གི་གཡུས་སྒོ་ལ་ལུ་ཅིག་ནང་ གོ་དང་དཀྱི་ར་གི་ཕྱི་ལས་ ལུག་པགས་སྦྱར་ཏེ་གྱོན་སྲོལ་མ་ཉམས་པར་ཡོདཔ་ཨིན་རུང་ བར་སྐབས་ཅིག་ལས་ རྒྱལ་ཁབ་གོང་འཕེལ་དང་བསྟུན་ཏེ་ ཕོ་སྐྱེས་ཚུ་གིས་ ཁ་ཤ་ཅིག་ཁོད་སྟོད་གུ་ལས་དཀྱི་ར་ཅག་ཅིགཔོ་སྦེ་ ཕྱག་ལྟག་ཁར་འཛིན་བཏབ་ཞིན་ན་ སྐེ་རགས་བཅིངས། ཁོད་སྨད་ལུ་ གོ་གི་སྡེབ་བྱ་བཟུམ་སྦེ་བཟོ་སྟེ་གྱོན་སྲོལ་ཡོད་མི་དེ་ དཔའ་རྩལ་གྱི་གྱོན་ཆས་དང་དབྱེ་བ་ཆེནམོ་ཅིག་མེདཔ་ཨིན་པས། དང་ཕུགས་ ཨམ་སྲུ་ཚུ་གིས་ ཟོང་བུབ་གཉིས་སྐེད་པ་ལས་བལྟབས་ཏེ་ ཕྱག་ལྟག་གཡས་གཡོན་གཉིས་ལས་ རྐང་མའི་ཚིག་ཏོ་ཚུན་བཏང་། བྱང་ཁོག་དང་རྒྱབ་གཞུང་ལས་ ཟོང་མཐའ་གཉིས་གཅིག་ཁར་བཙེམས་ཏེ་ མཆན་གློ་འོག་ལས་སྒྲོ་འཐག་བཏབ་སྟེ་ གྱོན་སྲོལ་ཡོདཔ་མ་ཚད་ རས་ཆ་གུ་ མེ་ཏོག་གི་ཁྲ་ལྷམ་པ་མ་འདྲཝ་སྦེ་བཙུགས་ཏེ་འཐག་སྲོལ་ཡོད་མི་འདི་ རྡིག་རྡིགམ་སྦེ་བརྩིཝ་ཨིན་པས། ད་རུང་ཤུལ་ལས་རིམ་གྱིས་འབད་ ཨམ་སྲུའི་གྱོན་ཆས་དེ་ཡང་ རྒྱུ་ཆས་མ་འདྲཝ་གྱིས་འཐག་སྟེ་ དཀྱི་ར་དཀྱིས་སྲོལ་དར་ཁྱབ་སོང་ཡོད་རུང་ ད་རིས་ནངས་པ་དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ དཀྱི་རའི་བཟོ་བཀོད་དུམ་གྲ་རེ་ འགྱུར་བཅོས་འབད་མི་དེ་ལུ་ དག་སྣང་བསྐྱེད་དེ་ལག་ལེན་འཐབ་མི་དེ་བ་འདི་ སྔོན་མ་གི་བཟོ་བཀོད་དང་ལྡན་པའི་དཀྱི་ར་འདི་ལུ་ བརྩི་མཐོང་བསྐྱེད་དགོཔ་དེ་ གལ་ཆེ་བས་ཟེར་ཞུ་ནི་ཨིན།

ཀ༽གོ་དང་དཀྱི་ར་དར་ཚུལ།

༉ ཧེ་མ་ཕོ་རྒྱའི་རིགས་ཁོད་སྟོད་ལས་ ད་རེས་ཨམ་སྲུའི་དཀྱི་ར་བཟུམ་སྦེ་ ཕྱག་ལྟག་ཁར་འཛིན་བཏབ་ཞིན་ན་ སྐེད་རགས་བསྡམས་ཏེ་ཁོད་སྨད་ལས་ ད་ལྟོ་་བཟུམ་སྦེ་སྡེབ་བྱ་བཟོ་སྟེ་ གྱོན་སྲོལ་བྱུང་ནུག ། ༼གདུང་ནག་ཁ་ཐུག་གི་གཡུས་ཚན་དང་ སྤུ་ན་སྒྲོམ་མཆོད་སྐབས་ལུ་དང་ ཕུག་གི་དཔའ་རྩལཔ་ཚུ་གིས་གྱོན་ཆས་སྒྲིག་ཐངས་སྟོན་སྲོལ་ཡོད་མི་དང་འདྲ།༽ དེ་ལས་ཨམ་སྲུའི་རིགས་ཟོང་གི་ཁ་འཇགས་བྱང་ཐག་གཉིས་པོ་ སྐེདཔ་ལས་བལྟབས་སྟེ་ ཕྱག་ལྟག་གཡས་གཡོན་གཉིས་ལས་ མར་མཐའ་འཇགས་ཕྱི་ཁར་བལྟ་སྟེ་ རྐངམ་ཚིགས་ཏོ་ཚུན་ རིངམོ་སྦེ་བཏང་་ཞིན་ན་ བྱང་ཁོག་དང་རྒྱབ་གཞུང་ལས་ མཐའམ་གཉིས་ཀུ་གཅིག་ཁར་སྦྲགས་བཙེམས་ཏེ་ མཆན་འོག་གཉིས་ལས་སྒྲོག་ཐག་བསྡམས་ཏེ་ གྱོན་སྲོལ་བྱུང་ནུག ། འདི་མ་ཚད་རས་ཆས་ཚུ་གུ་བཀོད་རིས་མེ་ཏོག་གི་ཁྲ་ ལེ་ཤ་བཙུགས་སྲོལ་ཡང་འདུག རིམ་པ་བཞིན་དུ་དེང་སང་གི་ རྒྱ་ཕྱིང་དང་གོས་ཆེན་ཚུན་ཚོད་  རིམ་པ་བརྒྱུད་དེ་ ད་རེས་ཀྱི་དུས་ཚུན་ཚོད་ལྷོད་ནུག །

གཙོ་བོ་རང་རྒྱལ་ཁབ་འདི་ནང་ལུ་ དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ མི་འདི་ཚུ་གི་མནོ་བསམ་བཏང་ཐངས་ལས་འབད་རུང་ རིག་རྩལ་ལས་འབད་རུང་ ཉིནམ་གཅིག་བ་ཉིནམ་གཅིག་ ཡར་རྒྱས་གོང་ཕེལ་འགྱོ་མི་ལུ་བརྟེན་ཏེ་ གཟུགས་ཁར་ལུ་གྱོན་ནི་གི་གོ་ལ་འདི་ཚུ་ཡང་ གནས་སྟངས་་དང་བསྟུན་ཏེ་ བསྒྱུར་བ་འགྱོཝ་ཨིན་པས།

ཁ༽ གོ་དང་དཀྱི་རའི་གོ་དོན་བརྡ་བཤད་སྐོར།

དང་པ་གོ་གི་གོ་དོན་བརྡ་བཤད།  གོ་ལུ་མ་གསུམ་ཡོད་མི་འདི།

གཞི།༽ དཀོན་མཆོག་གསུམ་ལུ་དད་པ་དང་ ལས་རྒྱུ་འབྲས་ལུ་ཡིད་ཆེས་ཡོད་པའི་བརྡ་མཚོན།

ལམ།༽ ལུགས་གཉིས་ཀྱི་ཆབ་སྲིད་ལུ་དད་མོས་ཡོད་པའི་བརྡ་མཚོན།

འབྲས་བུ།༽ གནས་སྐབས་དང་མཐར་ཐུག་ཕན་བདེའི་བརྡ་མཚོན།

ཁ༽ གོ་ལུ་ལག་རྒྱན་གཉིས་ཡོད་མི་འདི། ཆོས་སྲིད་ཀྱི་བྱ་བ་ག་ར་ཐབས་དང་ཤེས་རབ་ཟུང་འབྲེལ་གྱི་སྒོ་ནས་སྒྲུབ་པའི་བརྡ་ཨིན།

ག༽ གོ་ལ་ཕྱི་ཤབས་དང་ནང་ཤབས་ཡོད་མི་འདི་་་་་་་་་་་ཕྱི་དགྲ་ཐབས་ཀྱིས་བཏུལ་ཤིང་ནང་གཉེན་བྱམས་པས་སྐྱོང་བའི་བརྡ།

ང་༽ འཇའ་གཅིག་གིས་སྐོར་མི་འདི་་་་་་་་་འབྲུག་མི་ག་ར་གི་རྒྱུད་ལུ་ཚད་མེད་བཞིའི་ལྟ་བ་གཅིག་གིས་ཁྱབ་པའི་བརྡ་ཨིན།                 མཐུན་ལམ་དམ་ཚིག་གཅིག་གིས་ཁྱབ་པའི་བརྡ་ཨིན།

ཚད་མེད་བཞི་ནི་་་་་་་་་་་་་་་་་བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད།

ཅ༽ ཟུར་ཚིག་དྲུག་ཡོད་མི་འདི་་་་་ ཕ་རོལ་ཏུ་ཕྱིན་པ་དྲུག་ལུ་རྗེས་སུ་འཇུག་པའི་བརྡ་དང་།མི་བོ་གདུང་དྲུག་གི་བུ་བརྒྱུད་དར་ཞིང་རྒྱས་པའི་རྟགས་ཨིན།

༼འབྲི་གུང་སྐྱ་རའི་གདུང་། སྟག་ལུང་ག་ཟིའི་གདུང་། ས་སྐྱ་འཁོན་གྱི་གདུང་། འོད་གསལ་ལྷའི་གདུང་། ཆོས་རྒྱས་བྱའི་གདུང་། སྡེ་གདོང་གོང་མའི་གདུང་།༽

ཇ༽ སྒྲོག་ཐག་གཉིས་ཀྱིས་བསྡམས་མི་འདི་་་་་་དམ་ཚིག་དར་གྱི་མདུད་ཕོད་བཟུམ་དམ་པོར་གནས་པའི་བརྡ་ཨིན།

ཉ༽ གོང་སློག་དགོ་མི་འདི་་་་་་་་ཕོའི་དཔའ་རྩལ་ཕྱི་ཁར་ངོམས་པའི་བརྡ་དང་གོ་གནས་ཀྱི་དབྱེ་བ་སྟོནམ་ཨིན།

ཏ༽ ལག་རྒྱན་སློག་དགོ་མི་འདི་་་་་་ནང་གི་ལྷག་བསམ་དཀརཔོ་ཕྱི་ཁར་ངོམས་པའི་བརྡ་དང་གོ་གནས་ཀྱི་དབྱེ་བ་སྟོནམ་ཨིན།

ཐ༽ རྒྱབ་ལུ་སྡེབ་བྱ་གཉིས་ཡོད་མི་འདི་་་་་ཆོས་དང་སྲིད་ཀྱི་བྱ་བ་ག་་ཅི་རང་ཨིན་རུང་ཉེ་རིང་མེད་པར་ཟུང་དུ་འབྲེལ་བའི་བརྡ་སྟོནམ་ཨིན།

ད༽ སྐེ་རགས་བཅིངས་མི་འདི་་་་་་་རྒྱལ་ཁབ་ཀྱི་མི་རིགས་ཚུ་དམ་ཚིག་གཅིག་གི་སྒོ་ནས་དམ་པོར་གནས་པའི་བརྡ་ཨིན།

ན༽མ་དང་ཟུར་ཚིག་འདི་ཚུ་གོང་གཅིག་གི་འོག་ལུ་བསྡུ་མི་འདི་་་་་འབྲུག་མི་ཡོངས་དཔལ་ལྡན་འབྲུག་པའི་ཆོས་སྲིད་ཀྱི་ཁྲིམས་ལུགས་གཅིག་གི་འོག་ལུ་གནས་པའི་བརྡ་དང་། རྒྱལ་ཁབ་ཀྱི་འབངས་གཞུང་གེ་ར་ཆོས་སྲིད་གཉིས་ཀྱི་བདག་ཉིད་མངའ་བདག་རྒྱལ་པོ་གཅིག་གི་འོག་ལུ་བསྡུ་བའི་བརྡ་ཨིན།

པ༽མདུན་ཕྱོགས་གཉིས་བརྩེགས་ཡོད་མི་འདི་་་་་གཟུགས་ཀྱི་རྒྱབ་ཕྱོགས་ལས་མདུན་ཕྱོགས་ཉེན་ཁ་ཆེ་བའི་ཉེན་སྲུང་དང་གྲང་བའི་གནོད་པ་སྐྱོབ་པའི་བརྡ་ཨིན།

ཕ༽ གོ་གི་མཐའམ་ཡར་འཐུ་སུ་ཅིག་སྦེ་གྱོན་མི་འདི་་་་་་་བྱ་དཀའ་བའི་ལཱ་ཚུ་མང་ཆེ་བ་ཕོ་རྒྱ་གིས་འབད་བའི་བརྡ། འདི་ཡང་ལཱ་འབད་བའི་སྐབས་སུ་བདེ་ཏོག་ཏོ་འོང་ནིའི་དོན་ལུ་ཨིན་པས།

གཉིས་པ་ དཀྱི་རའི་གོ་དོན་བརྡ་བཤད།

ཀ༽ རལ་པ་ཡོད་མི་འདི་་་་་་་་་་་་་་་་་བུམོ་ཚུ་ཤེས་རབ་ལྷག་པའི་བརྡ།

ཁ༽ཀོ་མ་གཉིས་དང་རྒྱབ་ཐག་ཡོད་མི་འདི་་་་་་་་་་་་་་་་་་ནང་ཁྱིམ་འཛིན་སྐྱོང་གི་བྱ་བ་ག་ཅི་རང་འབད་རུང་ཉེ་རིང་མེད་པར་སྐྱོང་བཞག་འབད་བའི་དོན་དང་ལེགས་ཕྱོགས་མ་ལུས་པའི་གཞི་བཟུང་བའི་བརྡ།

ག༽ ཕྱི་ཁ་ལས་སྟོད་གོ་གཡོག་མི་འདི་་་་་་་་་་་་་་ཁྲེལ་དང་ངོ་ཚ་བག་ཡོད་གསུམ་གྱིས་གཡོག་པའི་བརྡ།

ང་༽ དཀྱི་རས་ཀྱི་མཐའམ་རྐང་ཚིགས་མི་མཐོང་ཙམ་དུ་དམའ་བར་གྱོན་མི་འདི་་་་་་་་་མཛེས་ཆོས་དང་འབྲེལ་བའི་གུས་བཀུར་ཡོད་པའི་བརྡ།

ཅ༽ འོན་འཇུའི་གོང་དང་ལག་རྒྱན་ཕྱི་ཁར་སློག་མི་འདི་་་་་་་་་་་་་་་་་་་་་་་་་བྱམས་སེམས་ཀྱིས་གཞན་རྣམས་སྐྱོང་བའི་བརྡ།

ཆ༽ ཁ་འཇགས་གཉིས་ཡོད་མི་འདི་་་་་་་་་་་་་་་་་་་་་་་་་ཐབས་ཤེས་ཟུང་འབྲེལ་གྱི་ཁྱད་ཆོས་ཚང་བའི་བརྡ།

ཉ༽ རྒྱབ་བལྟབ་གཉིས་བརྩེགས་དང་མདུན་བལྟབ་གསུམ་བརྩེགས་ཡོད་མི་དང་། སྐེ་རགས། མ་གསུམ་གྱི་གོ་དོན་འདི་ཚུ་གོང་གི་གོ་གི་སྐབས་དང་འདྲ།