གུ་རུ་ཆོས་ཀྱི་དབང་ཕྱུག་
གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག ༈ ཡང༌། སྣ་ཐག་སས་བྱས་ཧོར་དམག་བོད་དུ་འོང༔ ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད༔ མི་ལ་སྲིད་བཅད་སྲིད་སྲུང་མང་དུ་ཡོད༔ སེམས་ཅན་ས་འོག་ནོན་པའི་དུས་ཙམ་ན༔ གནམ་སྐས་མཁར་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་གསུམ་དུ་གྲགས་པ་ལས་གཉིས་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཉིད་མངའ་བདག་ཉང་རིན་པོ་ཆེ་ནས་འབྲས་བུའི་མཐར་སོན་ཏེ་མ་ཆགས་པདྨ་ཅན་དུ་སངས་རྒྱས་པའི་གསུང་གི་རྣམ་འཕྲུལ་དུ་བསྟན་པ་སྟེ། ལྷོ་བྲག་ཏུ་ཆོས་རྒྱལ་ཁྲི་སྲོང་གི་དུས་ནས་ནུས་པ་ཅན་བར་མ་ཆད་དུ་བྱོན་པའི་གདུང་རིགས་ཡབ་སྤང་སྟོན་གྲུབ་པའི་སྙིང་པོ་དང༌། ཡུམ་མཁའ་འགྲོའི་རྒྱུད་པ་དཀར་བཟའ་མགོན་སྐྱིད་གཉིས་ཀྱི་སྲས་སུ་སྤྲེལ་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་ཉི་ཤར་ལ་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་སྐུ་བལྟམས། སྐབས་དེར་མཚན་བརྗོད་གསེར་གྱི་བྲི་ཞིང་ཡོད་པའི་ཚིགས་མཚམས་ཀྱི་རྟེན་འབྲེལ་ལྟར་མཚན་ཆོས་ཀྱི་དབང་ཕྱུག་ཏུ་གསོལ། འབྲི་གུང་སྐྱོབ་པ་དང་ཞང་རིན་པོ་ཆེ་སོགས་གྲུབ་ཆེན་མང་པོས་སྲས་ཁྱད་པར་ཅན་འབྱུང་བའི་ལུང་བསྟན་སྔོན་ནས་ཡབ་ལ་གནང་བར་འདུག ། དགུང་ལོ་བཞི་པ་ནས་འབྲི་ཀློག་གི་དབུ་བརྩམ་རིག་པའི་གནས་མཐའ་དག བོན་གྱི་གཞུང་ཆེན་དང་མདོས་གཞུང་ཆེན་མོ་ཡན་ཆད་ཐོས་པ་དཔག་ཏུ་མེད་པ་མཛད། ཡབ་དང་མངའ་བདག་འགྲོ་མགོན་མཚུར་སྟོན་ཡབ་སྲས་གཙོ་བོར་གྱུར་པའི་གསར་རྙིང་གི་བླ་མ་མང་པོ་བསྟེན་ནས་མདོ་དང་གསང་སྔགས་གསར་རྙིང༌། བཀའ་གཏེར་གྱི་སྨིན་གྲོལ་དང་བཤད་རྒྱུན། ཞི་བྱེད་གཅོད་ཡུལ་ཆོས་དྲུག་ཕྱག་རྫོགས་ལ་སོགས་པའི་གདམས་ངག་མཐའ་ཡས་པ་གསན། བར་བར་དུ་སོ་སོའི་བསྙེན་སྒྲུབ་སོགས་ཉམས་བཞེས་བརྒྱུད་མར་གནང༌། དགུང་ལོ་བཅུ་གསུམ་པར་ཉམས་སྣང་ལ་རྗེ་བཙུན་སྒྲོལ་མས་ཤེལ་མཁར་ཞིག་གི་རྩེར་ཁྲིད་པས་རྡོ་རྗེ་སེམས་དཔའ་དང་མཇལ། དེར་མཁའ་འགྲོ་མ་གདོང་པ་བཞི་པ་ཞིག་འདུག་པའི་ཞལ་བཞི་ནས་བསྟན་པ་སྤེལ་ཞིང་གདུལ་དཀའ་འདུལ་བའི་ལུང་བསྟན་ཐོབ། དགུང་ལོ་བཅོ་བརྒྱད་པར་ས་སྐྱ་པཎ་ཆེན་ལས་སེམས་བསྐྱེད་དང་ཆོས་འབྲེལ་གསན་པའི་སྐབས་མནལ་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔར་འཇམ་དཔལ་དང་མཇལ་ནས་གདམས་ངག་ཁྱད་པར་ཅན་གསུངས་པས་ཆོས་ཐམས་ཅད་ཐོབ་པའི་ངེས་ཤེས་རྙེད། གྲ་པ་མངོན་ཤེས་ཀྱི་གཏེར་མ་ཁ་བྱང་ཞིག་རིམ་པར་བརྒྱུད་ནས་ཕྱག་ཏུ་འབྱོར་པ་ལ་བརྟེན། དགུང་ལོ་ཉེར་གཉིས་པར་ལ་ཡག་ཉིན་གྱི་ལུང་པ་གནམ་སྐས་ཅན་ནས་ཡང་བྱང་བླངས། གཏེར་སྲུང་ཀླུ་བདུད་མགོ་དགུ་དང༌། ཡེ་ཤེས་མཁའ་འགྲོ་ཡུམ་གྱི་ཆ་བྱད་ཅན་གཉིས་ཀྱིས་ལྡེའུ་མིག་གཏད། ཀེའུ་ཚང་གི་སྒོ་ཕྱེས་པས་གཏེར་བཅུད་བྱ་རྒོད་ཁྱུང་ཙམ་པ་ཞིག་བྱུང་བ་ལ་ཞོན་ནས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་འཇའ་འོད་འཁྱིལ་བའི་གུར་ཁང་དུ་སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་མཇལ་ཏེ་རིག་པ་རྩལ་གྱི་དབང་ཐོབ། བདུད་རྩིའི་བུམ་པ་གནང༌། སླར་གཏེར་བྱང་ལྟར་སྒོ་ཕྱེས་པས་ཁྲོ་ཆུའི་ཀླུ་བདུད་མགོ་དགུའི་གཟུགས་ཁྲུ་གང་པ་དང་ཟངས་ཀྱི་གྭའུ་གཉིས་སྤྱན་དྲངས་པའི་ཀླུ་གཟུགས་ཀྱི་ནང་ནས་གདམས་ངག་སྐོར་བཞི། གྭའུའི་ནང་ནས་མན་ངག་བརྒྱ་རྩ་བརྒྱད་བྱོན། ཡབ་ཀྱང་ཆོས་གཏེར་འཁྲུལ་མེད་ལ་ཐུགས་ཆེས་ནས་བླ་རྫོགས་ཐུགས་གསུམ་ལ་ཉམས་ལེན་མཐར་ཕྱིན་དགོས་པ་དང་ལས་ཚོགས་རིགས་ཁྱབ་བརྡལ་དུ་མི་སྤེལ་བའི་ཞལ་གདམས་གནང༌། མངའ་བདག་འགྲོ་མགོན་ནས་ཀྱང་ལེགས་སོ་བསྩལ། འདིས་ཐོག་དྲངས་པའི་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཐུགས་གཏེར་དང་བཅུ་དགུ་བཞེས་པའི་སྡོམ་ནི། གནམ་སྐས་ཅན་དང་བྲག་དམར་རྟ་མགྲིན་ཞབས།། མོན་ཁ་སྟེང་དང་རྟ་མགྲིན་དབེན་རྩའི་སྒོ།། མཁོ་ཡི་གཤིན་དམར་རྟ་མགྲིན་སྒྲོམ་ཚེས་ལ།། སྲས་མཁའ་སྐྱ་བོ་ཕུག་རིང་ཕྱག་མཐེབ་མ།། བསམ་ཡས་ཨཱརྻ་ལྕགས་ཕུར་མོན་བུམ་ཐང༌།། རྩིས་ཀྱི་ལྷ་ཁང་རོང་བྲག་ཧ་བོ་གངས།། རང་གབ་དོན་གྱི་གཏེར་དང་བཅས་པ་སྟེ།། ལས་འཕྲོའི་དབང་གིས་ཆོས་དབང་བདག་དང་མཇལ།། ཞེས་གསུངས་པ་ལྟར་རོ།། མནལ་ལམ་རྟ་དཀར་མ་དང་ཞྭ་ནག་མ་སོགས་ལས་གསལ་བ་ལྟར་སྔ་ཕྱིར་དག་པའི་སྣང་བར་རྔ་ཡབ་པདྨ་འོད་དུ་ཕེབས་ནས་ཨོ་རྒྱན་རིག་འཛིན་འདུས་པའི་ཚོགས་དང་བཅས་པ་རྣམས་ཀྱིས་སྒྲུབ་ཆེན་མཛད་ཅིང་དབང་དང་གདམས་ངག་ལུང་བསྟན་བསླབ་བྱ་མཐའ་ཡས་པ་བསྩལ། སྐུའི་བཀོད་པ་དྲུག་གཅིག་ཆར་དུ་བསྟན་པ་དང༌། ནམ་མཁའ་ལ་འཕུར་བ་དང༌། རྡོ་ལ་ཕྱག་ཞབས་ཀྱི་རྗེས་གྲངས་མེད་པ་འཇོག་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་དུ་མ་བསྟན་པས་རྙིང་མ་ཙམ་དུ་མ་ཟད། ཀུན་མཁྱེན་འཕགས་འོད་ཆོས་འོད་བུ་སྟོན་རིན་པོ་ཆེ་སོགས་ཀྱིས་ཀྱང༌། གུ་རུ་ཆོས་ཀྱི་དབང་ཕྱུག་ནི་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོའོ་ཞེས་བསྔགས་པར་མཛད། ཆོས་རྒྱལ་ཁྲི་སྲོང་གི་ཕྱི་མ་ལྷའི་བུ་འོད་མཐའ་ཡས་ནས་མངའ་བདག་ཉང་རལ་བར་གྱི་སྐྱེ་བ་བཅུ་གསུམ་ཐ་ལེར་དྲན། བརྒྱ་བྱིན་དང་ལྷའི་བུ་རྣམས་ཀྱིས་ཀྱང་མཆོད་བསྟོད་ཕུལ། བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་བླ་མར་བཀུར་ཞིང་སྙན་གྲགས་ཀྱིས་འཇིག་རྟེན་གཡོས། ཚོང་དུས་འགུར་མོ་དང་བསམ་འགྲུབ་བདེ་བ་ཆེན་པོའི་ལྷ་ཁང་གཉིས་བཞེངས། ལྷ་སའི་ཇོ་ཤཱཀ་དང་མཚུངས་པའི་ཐུབ་པའི་དབང་པོའི་སྣང་བརྙན་འཕགས་པ་ཀླུ་སྒྲུབ་ཀྱིས་རི་བཏང་བཟུང་ནས་སྤྱན་དྲངས་པ། གུ་རུ་རིན་པོ་ཆེས་ཧ་བོའི་གངས་ལ་སྦས་པ་དེ་གཏེར་ཆེན་འདི་ཉིད་ཀྱིས་སྤྱན་དྲངས་ཏེ་ལ་ཡག་གུ་རུ་ལྷ་ཁང་དུ་བཞུགས་སུ་གསོལ་ནས་གདན་སའི་གཙོ་བོར་མཛད། དེ་སྐབས་སུ་བྱོན་པའི་བོད་ཡུལ་བླ་ཆེན་མི་ཆེན་རིས་སུ་མ་ཆད་པས་ཞབས་ལ་གཏུགས། ལང་གྲོའི་རྣམ་འཕྲུལ་པདྨ་དབང་ཆེན་དང་གཉལ་ཉི་མ་འོད་ཟེར་སོགས་ཁྱད་པར་ཅན་གྱི་སྲས་བརྒྱད་བར་མ་ཆད་པ་བྱོན་ཅིང༌། ཁྱད་པར་སློབ་རྒྱུད་ཀྱི་གཙོ་བོ་སྨན་ལུང་པ་མི་བསྐྱོད་རྡོ་རྗེ་ཞེས་སྔ་འགྱུར་བཀའ་གཏེར་ཀུན་ལ་མཁས་པ་ཆེན་པོར་གྱུར་པ་དེ་དང༌། བལ་པོ་བྷ་རོ་གཙུག་འཛིན་དང༌། སྣོད་ལྡན་གྱི་བུ་དགུ། ཀཿཐོག་པ་མ་ཎི་རིན་ཆེན་ཞེས་སྐུ་ལུས་མ་སྤངས་པར་དག་པའི་ཞིང་དུ་གཤེགས་པ་དེ་ཉིད་སོགས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་སློབ་བརྒྱུད་རྣམས་ཀྱིས་འཕགས་བལ་དང་བོད་ཁམས་མཐའ་དབུས་ཀུན་དུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་གཙོ་བོར་གྱུར་པའི་ཟབ་ཆོས་རྒྱ་ཆེར་སྤེལ་བའི་རྒྱུན་ད་ལྟའི་བར་ཟམ་མ་ཆད་པར་བཞུགས་ཤིང་དེ་ལྟ་བུའི་རྨད་དུ་བྱུང་བའི་མཛད་པ་ཆེན་པོ་མཐར་ཕྱིན་ནས་དགུང་ལོ་ང་དགུ་པ་ལ་ལྟས་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་ཏེ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་སོ།། དུས་དེ་ཙམ་ན་སྔགས་པ་གཉིས་ལམ་དུ་འདྲི་རྨེད་བྱེད་པ་ནའང་ཁྱེད་ཅག་གཏེར་ཁ་གོང་འོག་གང་གི་ལུགས་ཡིན་ཟེར་བའི་ཟབ་གཏེར་གྱི་ཤིང་རྟ་ཆེན་པོར་གྱུར་པའོ།། དེ་ལྟར་གྲུབ་ཐོབ་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་ཐར་རྒྱས་པ་རྗེ་རང་གི་གསུང་ལུང་རྒྱུན་བཅས་བཞུགས་པ་དང༌། སྙིང་པོ་ལྟ་བུ་རྙིང་རྒྱུད་དཀར་ཆག་དག་ཏུ་གསལ་བ་ལས་འདིར་ས་བོན་ཙམ་ཞིག་སྨོས་པ་ཡིན་ཅིང༌། གཏེར་ཁ་ཆེན་པོ་བཅོ་བརྒྱད་ཞལ་ཕྱེས་པའི་ནང་ནས། བླ་མ་གསང་འདུས་སོགས་བླ་སྒྲུབ་སྐོར་ལྔ་ཡན་ལག་དང་བཅས་པ། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། འཁོར་བ་དོང་སྤྲུགས། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར། བཀའ་བརྒྱད་གསང་རྫོགས། འཆར་ཁ་གནམ་སྐས་མ། རྟ་མགྲིན་ནག་པོ། ཡང་དག་བདེ་ཆེན་སྙིང་པོ། གཏུམ་པོ་སེང་སྒྲོག ཕུར་པ་སྤུ་གྲི། སྔགས་རྒོད་ལོཀྟྲི། དཔལ་མགོན་མ་ནིང༌། གཞན་ཡང་གཏེར་ཕྲན་དང་གསུང་འབུམ་གྱི་སྐོར་ཅི་རིགས་པ་བཅས་དངོས་ཅག་ལྟ་བུས་ཀྱང་འབད་པ་དུ་མས་བཙལ་ཏེ་ཞུས་ཤིང་བསྙེན་སྒྲུབ་ཅི་རིགས་པའང་བགྱིས་པ་ལགས་ན། གཏེར་ཁ་གོང་འོག་འདི་དག་གཏེར་ཁ་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྱུར་པས་རྙིང་བསྟན་འཛིན་པ་ཆེན་པོ་རྣམས་ཀྱིས་ཀྱང་གསན་བཞེས་འཆད་སྤེལ་སྒོམ་སྒྲུབ་སོགས་ལ་ཐུགས་གཞོལ་བས་བསྟན་པའི་མེ་རོ་གསོ་བར་ཅི་ནས་གསོལ་བ་འདེབས་པ་ལགས། ཀོང་སྤྲུལ་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས་དྲངས།