Jump to content

གསོལ་གཟིམ་མཆོད་གསུམ་

ཡོང་ཁུངས་Wikipedia

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་བླ་ཆེན་ཚོའི་སྐུ་བཅར་ཞབས་ཞུ་བ་གསོལ་དཔོན་དང་། གཟིམ་དཔོན་། མཆོད་དཔོན་གསུམ་གྱི་བསྡུས་མིང་ཡིན་ཅིང་། དཔེར་ན་། དེ་སྔ་ཏཱ་ལའི་བླ་མའི་སྐུའི་གམ་བཅར་ཞབས་ཞུའི་གྲས་སུ་གསོལ་གཟིམ་མཆོད་གསུམ་སྟེ་། གསུམ་གར་སྐུ་བཅར་ནང་མ་མཁན་སྡེ་ཆེ་ཁའི་མཚན་གནས་གདན་ཐོབ་ཡོད་པ་དང་། ཁོང་ཚོའི་ལས་འགན་ནི་། ༡ སྐུ་བཅར་གསོལ་དཔོན་མཁས་པོས་རྒྱུན་དུ་རྩེ་གསོལ་ཐབ་ཁང་གི་གསོལ་དཔོན་མཁན་ཆུང་དང་། གཉེར་པ་། མ་ཆེན་། ཞིབ་པ་། གསོལ་མཛོ་ར་བཅས་གསོལ་ཐབ་མི་གྲངས་ཉི་ཤུ་སྐོར་ལས་གྲུབ་པའི་རྩེ་གསོལ་ཐབ་ཁང་གི་གཙོ་འགན་བཞེས་དགོས་པ་དེ་ཡང་། གཙོ་བོར་ཏཱ་ལའི་བླ་མའི་ལྗགས་སྨིན་གསོལ་ཚིགས་ཁག་ལ་གཙང་སྦྲ་དང་དོད་ལྡན་པའི་གཉེར་སྐྱོང་ཐོག་འཆར་འཕར་མཛད་སྒོ་ཁག་དང་། རྒྱུན་གཏན་དྲུང་རྔར་དཀར་སྤྲོ་དང་། གསོལ་གྲོ་བཞེས་འབྲས་སོགས་ཕེབས་སྒོ་ཁག་སྒྲིག་གཤོམ་། གཞན་ཡང་རྩེ་སྐོར་གསོལ་ཐབ་པ་བསྐོ་འཐེན་འོས་འཆར་གཏོང་རྒྱུ་སོགས་ཀྱི་འགན་དབང་ཡོད་། ༢ སྐུ་བཅར་གཟིམ་དཔོན་མཁན་པོའི་འགན་དབང་བཙོ་བོ་ཏཱ་ལའི་བླ་མའི་གཟིམ་ཆུང་ཁག་དང་། ཐུགས་དམ་ཁང་། མཚན་གཟིམ་ཁང་བཅས་ཀྱི་སྐུའི་ཉེར་སྤྱད་དང་། སྐུའི་ན་བཟའ་སྐོར་ལ་གཙང་སྦྲ་ཕུ་དུད་དང་དོ་དམ་། ཏཱ་ལའི་བླ་མ་མཆོག་ཕོ་བྲང་ཡས་མས་སོགས་ཉེ་ཁུལ་ཆིབས་སྒྱུར་སྐབས་བྱམས་འདེགས་པ་མི་བཅུ་དྲུག་། བྱམས་འཕེན་མི་བརྒྱད་བཅས་ལ་རྣམ་ཀུན་ཆེད་མཉེར་འགོ་འཚོ་བྱེད་པ་པོ་ཕེབས་བྱམས་འགོ་པ་ཞེས་ཤོད་སྐོར་རིམ་བཞི་གཅིག་དང་། ལས་ཚན་པ་གཅིག་ཡོད་ཀྱང་རྩ་བའི་དོ་དམ་གཟིམ་དཔོན་མཁན་པོ་ནས་མཛད་དགོས་། ༣.སྐུ་བཅར་མཆོད་དཔོན་མཁན་པོས་ཏཱ་ལའི་བླ་མའི་ཐུགས་དང་ཞལ་འདོན་ཁང་སོགས་གཟིམ་ཆུང་ཁག་ལ་འཆར་འཕར་མཆོད་སྤྲིན་སྒྲིག་གཤོམ་ཞུ་སྒོ་སྤྱི་དང་། ལྷག་བར་རྒྱུན་གཏན་གཟིགས་དཔེ་ཁག་ལ་ཐུགས་ཚགས་གནང་རྒྱུ་དང་ཚོགས་མང་གསུང་ཆོས་སྐབས་སོགས་ནམ་དགོས་སུ་གཟིགས་འབུལ་བསྟར་ཆོག་ཨང་གསར་། དབུ་སྐོར་གྲྭ་ཚང་སྟེ་། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་སྒྲིག་ཁྲིམས་གནོན་འདོམས་དང་། འདོན་ཁ་ཁྲལ་། གར་ཐིག་དབྱངས་གསུམ་སོགས་ཆོས་སྦྱོད་བྱ་གཞག་ལ་དོ་དམ་འགོ་འཚོ་མཛད་དགོས་ལ་རྣམ་གྲྭའི་ཆོས་སྲིད་ཀྱི་དོན་གནད་སྙན་ཞུ་དགོས་རིགས་ཀྱང་ཆོས་དཔོན་མཁན་པོས་ཐད་དཀར་སྙན་ཞུས་ཆོག་པ་བཅས་ཡིན་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།