Jump to content

གསོ་དཔྱད་

ཡོང་ཁུངས་Wikipedia

གསོ་དཔྱད་ཅེས་པ་ནི་ནད་གསོ་བའི་ཐབས་ལམ་སྟེ། སྨན་པས་ནད་པ་ལ་གཏར་བསྲེག་དང་སྨན་བཏང་བ་སོགས་ཀྱི་བཅོས་ཐབས་བྱེད་པ་ལ་ཟེར། ཐ་སྙད་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་རྣམས་སུ་དཔེ་དོན་གྱི་ཚུལ་དུ་གསུངས་ཏེ། ལུས་ཀྱི་ནད་གསོ་བའི་སྨན་བཅོས་དང་སེམས་ཀྱི་ཉོན་མོངས་གསོ་བའི་དམ་ཆོས་གཉིས་ཀྱི་དཔེ་དོན་སྦྱར་ནས་བཤད་ཡོད།

གསོ་དཔྱད་ཀྱི་དབྱེ་བ།

[རྩོམ་སྒྲིག]

དབྱེ་ན་གཉིས་ཏེ། གསོ་དཔྱད་ཕལ་པ་དང་གསོ་དཔྱད་ཁྱད་པར་བའོ། ། གསོ་དཔྱད་ཕལ་པ། "གསོ་དཔྱད་ཕལ་པ་སྡུག་བསྔལ་དང་ལྡན་པའི་ཆོ་ག་རྩུབ་མོས་ནད་ཞི་བར་བྱེད་པ་འདི་འདྲ་བ་སྨན་པ་མཆོག་སངས་རྒྱས་དག་གིས་མ་མཛད་དེ་"[]ཞེས་གསུངས་པ་ལྟར། འཇིག་རྟེན་པའི་སྨན་པ་རྣམས་ཀྱིས་ལུས་ཀྱི་ནད་གསོ་བའི་ཆེད་དུ་གཏར་བསྲེག་ཕུག་སོགས་ཀྱི་གསོ་དཔྱད་བྱེད་པ་ནི་སྡུག་བསྔལ་དང་ལྡན་པའི་ཆོ་ག་རྩུབ་མོ་ཡིན་ཏེ། ནད་པ་ལ་སྡུག་བསྔལ་སྐྱེད་པའི་ཐབས་ལམ་ཡིན། "གསོ་དཔྱད་འོས་པ་འདི་འདྲ་བ་བརྗོད་མ་ཐག་པའི་སྡུག་བསྔལ་སྐྱེད་པར་བྱེད་པ་རྣམས་ཡིན་ལ།"[] ཞེས་གསུངས་པ་ལྟར། གསོ་དཔྱད་ཕལ་པ་ནི་ནད་གསོ་བའི་སྒོ་ནས་སྡུག་བསྔལ་ཆུང་ངུ་བསྐྱེད་དེ་ནད་ཀྱི་སྡུག་བསྔལ་ཆེན་པོ་སེལ་བའི་ཐབས་ཡིན།

གསོ་དཔྱད་ཁྱད་པར་བ། "སྟོན་པས་གསོ་སྤྱད་ཀྱི་སྡུག་བསྔལ་ཙམ་ཡང་མྱོང་མི་དགོས་པར་ནད་ཆེན་པོ་གསོ་བའི་ཐབས་སྟོན་པར་མཛད་པ་"[]ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་པའི་གསོ་དཔྱད་ནི་སྡུག་བསྔལ་མེད་པར་ཉོན་མོངས་པའི་ནད་གསོ་བའི་ཐབས་ཏེ། དམ་པའི་ཆོས་ཉམས་སུ་ལེན་པ་ལ་བྱེད། "གསོ་དཔྱད་ཕལ་པ་འདི་འདྲའི་སྡུག་བསྔལ་དང་ལྡན་པའི་ཐབས་ཀྱང་སྨན་པའི་མཆོག་སངས་རྒྱས་ཀྱིས་མ་མཛད་དེ།"[] ཞེས་གསུངས་པ་ལྟར། སངས་རྒྱས་ནི་སྨན་པའི་མཆོག་ཡིན་ཡང་སྡུག་བསྔལ་དང་ལྡན་པའི་གསོ་དཔྱད་མ་མཛད་པར་ཆོས་ཀྱི་སྒོ་ནས་འཁོར་བའི་ནད་ཆེན་པོ་གསོ་བར་མཛད།

དཔེ་དོན་སྦྱར་ཚུལ།

[རྩོམ་སྒྲིག]

"སྨན་པ་ཀུན་ཀྱང་གསོ་དཔྱད་ཀྱིས་མི་བདེ་བ་ཡིས་ནད་མེད་པ་ཙམ་བྱེད་པ་ན་དཀའ་སྤྱད་ཀྱི་སྡུག་བསྔལ་དེ་བཟོད་དགོས་པ་དེ་བས་ན། ངན་སོང་སོགས་ཀྱི་སྡུག་བསྔལ་མང་པོ་དག་གཞོམ་པའི་ཕྱིར་དཀའ་སྤྱད་ཀྱི་མི་བདེ་བ་ཆུང་ངུ་བཟོད་པར་བྱའོ། །"[]ཞེས་གསུངས་པ་ལྟར། ལུས་ཀྱི་ནད་གསོ་བའི་ཆེད་དུ་གསོ་དཔྱད་ཀྱི་སྡུག་བསྔལ་ཆུང་ངུ་བཟོད་དགོས་པ་ལྟར། འཁོར་བའི་སྡུག་བསྔལ་ཆེན་པོ་གསོ་བའི་ཆེད་དུ་བྱང་ཆུབ་སྒྲུབ་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་ཆུང་ངུ་བཟོད་དགོས་པའི་དཔེ་དོན་སྦྱར་ནས་གསུངས།

བསྡུས་དོན།

[རྩོམ་སྒྲིག]

གསོ་དཔྱད་ཅེས་པ་ནི་ནད་གསོ་བའི་ཐབས་ལམ་སྟེ། འཇིག་རྟེན་པའི་སྨན་པས་ལུས་ཀྱི་ནད་གསོ་བའི་ཆེད་དུ་གཏར་བསྲེག་སོགས་ཀྱི་སྡུག་བསྔལ་དང་ལྡན་པའི་བཅོས་ཐབས་བྱེད་པ་དང་། སངས་རྒྱས་ཀྱིས་སེམས་ཀྱི་ཉོན་མོངས་པའི་ནད་གསོ་བའི་ཆེད་དུ་དམ་ཆོས་ཀྱི་སྡུག་བསྔལ་མེད་པའི་ཐབས་ལམ་སྟོན་པ་གཉིས་ཀྱི་ཁྱད་པར་སྟོན་པའི་ཐ་སྙད་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པའི་གཞུང་དུ་དཔེ་དོན་གྱི་ཚུལ་དུ་གསུངས་ཏེ། ནད་ཆུང་གསོ་བའི་ཆེད་དུ་གསོ་དཔྱད་ཀྱི་སྡུག་བསྔལ་བཟོད་དགོས་པ་ལྟར། འཁོར་བའི་སྡུག་བསྔལ་ཆེན་པོ་གསོ་བའི་ཆེད་དུ་བྱང་ཆུབ་སྒྲུབ་པའི་དཀའ་སྤྱད་བཟོད་དགོས་པའི་དོན་སྟོན་པར་མཛད་དོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་།ཤིང་དཔར། ཤོག་ངོས་ ༣༨༣
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༡༩༩
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༡༦༦
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༡༢༤
  5. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤོག་ངོས་ ༡༢༣-༡༢༤