Jump to content

གསེར་འགྱུར་རྩི་

ཡོང་ཁུངས་Wikipedia

གསེར་འགྱུར་རྩི་ཞེས་པ་ནི་ལྕགས་སོགས་དངུལ་ཆུའི་རིགས་རྣམས་གསེར་དུ་བསྒྱུར་བའི་ནུས་པ་ཅན་གྱི་རྩི་ཞིག་ལ་གོ་ཞིང་། སྤྱོད་འཇུག་གི་འགྲེལ་པ་སོགས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྟན་པའི་དཔེར་མཛད་པ་ཞིག་ཡིན།

མཚན་ཉིད།

[རྩོམ་སྒྲིག]

གསེར་འགྱུར་རྩི་ནི་"དངུལ་ཆུའི་རིགས་གསེར་དུ་སྣང་བ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་ནུས་པ་"[]ཞེས་འགྲེལ་བཤད་མཛད་པ་ལྟར། ཆུང་ངུའི་རིམ་པ་གཅིག་གིས་ལྕགས་ཀྱི་ལས་བབ་ཆེན་པོ་ཞིག་གསེར་གྱི་རང་བཞིན་དུ་འགྱུར་བར་ནུས་པའི་ནུས་པ་ཅན་དུ་བཞག

ནང་དོན།

[རྩོམ་སྒྲིག]

བྱང་ཆུབ་ཀྱི་སེམས་ཀྱི་དཔེ། "སེམས་བསྐྱེད་ཀྱི་རྩིས་ཟིན་ན་ཕ་མའི་ཁུ་ཁྲག་སོགས་མི་གཙང་བའི་རྒྱུ་ལས་བྱུང་ཞིང་མི་གཙང་བའི་བཟའ་བཏུང་གིས་གསོས་པ་ངོ་བོ་མི་གཙང་བའི་རྫས་མང་པོའི་རང་བཞིན་དུ་གྱུར་པའི་ལུས་དམན་པ་འདི་ལྟ་བུ་བླངས་ནས་བཟུང་ཡོད་པ་དེ་ཉིད་མཐར་ཐུག་བསོད་ནམས་བརྒྱ་ལས་གྲུབ་པའི་རྒྱལ་བའི་སྐུ་རིན་ཆེན་རིན་ཐང་མེད་པ་དགོས་འདོད་ཐམས་ཅད་འབྱུང་ཞིང་རྒུད་པའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་ནུས་པའི་ཡོན་ཏན་དང་ལྡན་པར་བསྒྱུར་བས་ན་གསེར་འགྱུར་གྱི་རྩི་ཁྱད་པར་ཅན་ལྟ་བུའི་བྱང་ཆུབ་ཀྱི་སེམས་"[]ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་དཔེ་རུ་དྲངས་ཏེ་བཤད་པ་ཡིན།

མཚུངས་ཆོས། "དཔེ་གསེར་འགྱུར་གྱི་རྩི། དཔེ་ཅན་བྱང་ཆུབ་ཀྱི་སེམས། མཚུངས་ཆོས་ངན་པ་ཞིག་བཟང་པོར་བསྒྱུར་བ་"[]ཞེས་གསུངས་པ་ལྟར། གསེར་འགྱུར་རྩིས་ལྕགས་གསེར་དུ་བསྒྱུར་བ་དང་བྱང་ཆུབ་ཀྱི་སེམས་ཀྱིས་མི་གཙང་བའི་ལུས་དམན་པ་རྒྱལ་བའི་སྐུར་བསྒྱུར་བའི་བར་ལ་མཚུངས་ཆོས་ཡོད་པའི་ཕྱིར་རོ། །

ཕན་ཡོན།

[རྩོམ་སྒྲིག]

ངན་པ་མཆོག་ཏུ་བསྒྱུར་བ། "གསེར་འགྱུར་རྩིའི་རྣམ་པ་མཆོག་ལྟ་བུར་མི་གཙང་བའི་རང་བཞིན་དུ་གྱུར་པའི་ལུས་འདི་བླངས་ནས་རྒྱལ་བའི་སྐུ་རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། ནུས་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་"[]ཞེས་གསུངས་པ་ལྟར། གསེར་འགྱུར་རྩིས་དམན་པའི་ལྕགས་གསེར་གྱི་མཆོག་ཏུ་བསྒྱུར་བ་བཞིན། བྱང་ཆུབ་ཀྱི་སེམས་ཀྱིས་མི་གཙང་བའི་ལུས་རྒྱལ་བའི་སྐུར་བསྒྱུར་བའི་ནུས་པ་ཡོད་དོ། །

ཉམས་མི་ནུས་པ། "གསེར་གྱི་རིགས་ཆེན་པོ་དངུལ་ཆུར་སྣང་བས་ལྕགས་ཐམས་ཅད་གསེར་དུ་བྱེད་ཀྱང་དེ་ལྕགས་སཀྱིས་ཉམས་མི་ནུས་པ་"[]ཞེས་གསུངས་པ་ལྟར། གསེར་འགྱུར་རྩིའི་ནུས་པ་ལྕགས་ཀྱིས་ཉམས་མི་ནུས་པ་བཞིན། བྱང་ཆུབ་ཀྱི་སེམས་ཀྱང་ལས་དང་ཉོན་མོངས་པའི་སྒྲིབ་པས་ཉམས་མི་ནུས་པའི་ཁྱད་པར་ཡོད་དོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༡༢
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༥༡-༥༢
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༤༧
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༡༢
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༩༩