གསེར་ཟམ་

ཡོང་ཁུངས་Wikipedia

གཟུངས་སྔགས་སོགས་གང་རུང་བ་རྡོ་ལ་བརྐོས་ཏེ་ཆུ་ནང་དུ་ཟམ་པའི་ཚུལ་གྱིས་བསྒྲིགས་པ་ནི་གསེར་ཟམ་མམ་སྐུ་ཟམ་ཞེས་བྱ་སྟེ། དེ་ཡང་ཆུ་ཡོད་ཚད་ལ་གང་བྱུང་དུ་འཛུགས་པ་མ་ཡིན་པར་ཆུ་གཡུ་འབྲུག་མ་བུ་འཕྲད་མཚམས་ཞེས་དཔལ་ཁ་ལེགས་པ་ཞིག་ལ་བྱ། དེ་ནི་ཆུ་གཞུང་གཅིག་ལ་ཆུ་ཕྲན་གཞན་ཞིག་ཐད་ཀར་དྲང་བོར་མ་ཆད་པར་འདྲེས་མཚམས་ཟེར། ཁྱད་པར་རང་རང་དང་འཕྲོད་པ་ལ། གཙུག་ལག་སྨྲ་བའི་དབང་པོ་སྟག་བླ་ནོར་བུའི་ཞལ་རྒྱུན་ནི། སྟག་ཡོས་ལོ་པ་ལྟ་བུ་་ལ་ཤར་ཆུ་ནུབ་ཏུ་འདྲེས་མཚམས་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ་གསེར་ཟམ་/སྐུ་ཟམ་འཛུགས་པ་དང་། དེ་བཞིན་དུ་རྟ་སྦྲུལ་ལོ་པས་ལྷོ་ཆུ་བྱང་དུ་འདྲེས་མཚམས། བྱ་སྤྲེལ་ལོ་པས་ནུབ་ཆུ་ཤར་དུ་འདྲེས་མཚམས། བྱི་ཕག་ལོ་པས་བྱང་ཆུ་ལྷོར་འདྲེས་མཚམས། ཁྱི་ལོ་པས་ནུབ་བྱང་གི་ཆུ་ཤར་ལྷོར་དང་། འབྲུག་ལོ་པས་ཤར་ལྷོའི་ཆུ་ནུབ་བྱང་དུ། གླང་ལོ་པས་བྱང་ཤར་ནས་ལྷོ་ནུབ་དུ། ལུག་ལོ་པས་ལྷོ་ནུབ་ནས་བྱང་ཤར་དུ་བཞུར་བའི་ཆུ་ཕྲན་རྣམས་ལ་ཁ་གཏད་ནས་འཛུགས་དགོས་པར་གསུངས་སོ། གཞན་ཡང་ཚྭ་ཚྭ་ཆུ་ཀླུང་དུ་གཤེགས་པ་དང་ཆུ་གདབ་པ་རྣམས་ཀྱང་འདིའི་རིགས་འགྲེས་ཡིན་ལ། ཡང་ཆུ་ཚྭ་གདབ་པར་དཀར་མོ་གཡས་འཁྱིལ་བྱ་བ་གཡས་ཕྱོགས་སུ་ཀྱི་ལི་ལིར་འཁོར་བ་དེར་གདབ་ན་བཟང་ཟེར་བའང་ཡོད་དོ། ཆུ་ཚྭ་གདབ་ཚེ་ཨོཾཨཱཿཧཱུཾ་མང་དུ་བགྲང་བཞིན་གདབ་ན་མང་པོར་འཕེལ་ཞིང་སྐུ་དང་ཚྭ་ཚྭ་རྣམས་ལ་གཟུངས་གཞུག་ཕུལ་བ་ཡིན་གསུངས་སོ། །