གསུར་གྲོལ་གཅིག་ཤེས་ཀུན་གྲོལ་
གསུར་གྲོལ་གཅིག་ཤེས་ཀུན་གྲོལ་བཞུགས༔
རང་རིག་ཀུན་བཟང་བྱང་ཆུབ་སེམས༔ ཅིར་ཡང་སྟོན་མཛད་ངོ་མཚར་ཆེ༔ ཐུགས་རྗེའི་བྱིན་རླབས་ཡི་གེ་དྲུག༔ འཿཨཿཤཿསཿམཿཧ༔ རྡོ་རྗེ་སེམས་ཐུགས་ནམ་མཁའ་ལས༔ གསེར་འོད་ལྡན་པ་རང་ཤར་ནས༔ སྐལ་བཟང་འགྲོ་ཀུན་བྱང་ཆུབ་མཛད༔མཁའ་ལ་ཉི་མ་གཅིག་ཤར་ནས༔ གླིང་བཞིའི་མུན་པ་རང་སར་དེངས༔ བསྐལ་བར་བསགས་པའི་ལས་སྒྲིབ་ཀྱང༔ མན་ངག་འདི་ལྡན་ངེས་པར་གྲོལ༔ ས་མ་ཡ༔ དེ་ཡང་རྒྱ་ཤོག་དྲི་མེད་ངོར༔ དྲི་བཟང་སྣག་ཚས་འདི་ལྟར་བཀོད༔ མུ་ཁྱུད་རིམ་གསུམ་སྐུ་གསུམ་མཚོན༔ དེ་ནས་རྡོ་རྗེ་ཧཱུྃ་གིས་མཚན༔ གཡས་གཡོན་བརྩེགས་སམ་གཤར་མ་ལ༔ ཨོཾབཛྲསཏྭཧཱུྃ༔ ཞེས་བྲི་དེ་འོག་ཡི་གེ་དྲུག༔ འཿཨཿཤཿསཿམཿཧ༔ ཐིག་ལེ་ཡིས་མཚན་དེ་འོག་ཏུ༔ མ་མ་ཀོ་ལིང་ས་མནྟ༔ ལྷག་ཆད་མེད་པར་ཤིན་ཏུ་གཅེས༔ ས་མ་ཡ༔ རྡོ་རྗེ་སེམས་དཔའི་སྙིང་པོ་འདི༔ རང་བྱུང་ལྷུན་གྲུབ་རང་ལ་རྫོགས༔ བཟླས་སམ་དྲི་ཚོར་སེམས་ཅན་རྣམས༔ བཀྲེས་སྐོམ་སྡུག་བསྔལ་ཀུན་ཞི་ནས༔ ལོངས་སྤྱོད་ཆད་པ་མེད་པར་འགྱུར༔ འཿཨཿཤཿསཿམཿཧ༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ མཐོང་ངམ་བསུར་དྲི་ཐོས་ཚད་ཀུན༔ དགོས་འདོད་ནམ་མཁའི་མཛོད་བཞིན་དུ༔ མི་འཛད་གཏེར་ལ་ལོངས་སྤྱོད་ནས༔ རྩོད་པ་མེད་ཅིང་འཚེ་བ་མེད༔ བཀྲེས་སྐོམ་ཞི་ནས་རང་སར་གྲོལ༔ མ་མ་ཀོ་ལིང་ས་མནྟ༔ རེག་གམ་དྲི་ཚོར་སེམས་ཅན་རྣམས༔འཁོར་བ་དོང་ནས་འདོན་པའི་ཕྱིར༔ འཇའ་འོད་དང་བཅས་འཚང་རྒྱའོ༔ ཁྱད་པར་བར་དོ་སེམས་ཅན་ལ༔ ཟས་སྣ་དར་སྟག་དང་སྦྱར་ནས༔ བསྔོས་པའི་དྲི་བསུར་དེ་ཉིད་ཀྱིས༔ སྐྱེ་བ་རྣམས་བཞིའི་སྒོ་བཀག་ནས༔ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེ༔ འཇའ་ཚོན་ཁ་ཏོག་བཞི་ལྡན་འབྱུང༔ ཐུགས་སྲོག་རྡོ་རྗེ་ཧཱུྃ་མཚན་ཉིད༔ ཟས་གོས་དང་བཅས་མེར་བསྲེག་དྲིས༔ སྲིད་པ་བར་དོའི་སེམས་ཅན་ལ༔ སྐྱབས་དང་སྐྱེལ་མ་མགོན་སྐྱབས་བྱེད༔ བར་དོའི་འཁྱོགས་ལྟོག་སྡུག་བསྔལ་དང་༔ གཞན་གྱི་དབང་སོགས་མ་ཐོབ་པའི༔ སྡུག་བསྔལ་ཞི་ནས་བདེ་ལྡན་ཚིམ༔ རྒྱུན་ཆད་མེད་པར་གང་འདོད་འབྱུང་༔ ཉོན་མོངས་དྲུག་པོ་རང་གྲོལ་ནས༔ རིག་དྲུག་སྐྱེ་སྒོ་ཁེགས་ནས་ཀྱང་༔ འགྲོ་དོན་སྤྲུལ་སྐུ་རྒྱུན་ཆད་མེད༔ རིང་བསྲེལ་ཕྲ་ཞིབ་མང་པོ་འབྱུང་༔ རང་གཞན་དོན་གཉིས་འགྲུབ་པའི་ཆོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་སྟོན་རྡོ་རྗེ་གླིང་པས་ཁམས་སེངྒེ་རྫོང་ནས་སྤྱན་དྲངས་པའོ༔ དགེའོ། གསུར་གྲོལ་འདི་ཞིག་པོ་གླིང་པ་དང་རྡོ་རྗེ་གླིང་པ་བསམ་གཏན་གླིང་པ་སོགས་གཏེར་ཁ་མང་པོ་ལ་ཡོད་པས་བྱིན་རླབས་ཀྱི་ཚན་ཤིན་ཏུ་ཆེ་བས་ཀུན་གྱི་ཉམས་སུ་ལོངས་ཤིག །