གསར་བརྗེའི་བགྲོ་གླེང་ཆེན་པོ།

ཡོང་ཁུངས་Wikipedia

གསར་བརྗེའི་བགྲོ་གླེང་ཆེན་པོ། དོ་རྒྱ་དགེ་བཤེས་བསོད་ནམས་ཡེ་ཤེས། བགྲོ་གླེང་བྱེད་ས་ནི། ཀུན་ཕན་ཐེབས་རྩའི་ལ་རྩེ་དཔེ་མཛོད་ཀྱི་སྙིང་གི་ཚི་ལུ་ཞེས་པའི་ཚོགས་འདུའི་གསལ་བསྒྲགས། ཅེས་པའི་འོག་ཏུ་མཆན་གྱི་ཚུལ་ཏུ་བཀོད་པའོ། བགྲོ་གླེང་བྱེད་མཁན་ནི། རྔ་བ་ཚེ་སྐྱིད། གཞོན་ནུ་ཟླ་མེད།༼དོ་རྒྱ་དགེ་བཤེས༽ Tibetan girl བཅས་སོ།

རྔ་བ་ཚེ་སྐྱིད།* ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས་བཤད་ན། སྙིང་གི་ཚི་ལུ་ཞེས་པའི་ཚིག་དེ་སྙན་པོ་འདུག་མོད། དེའི་རྒྱབ་ལྗོངས་ག་འདྲ་ཞིག་ཡིན་མིན་ད་དུང་ཚོམ་ཉིའི་དྲ་བར་ཚུད་འདུག ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། འདིར་མཉམ་ཞུགས་བྱེད་འདོད་ཡོད་ཀི་དཱ། ང་ལ་ག་ཚོད་ཅིག་ཡོད་མེད་མི་ཤེས་པས་ན། སྙིང་སྟོབས་ཀྱིས་འདང་གི་མི་འདུག ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། གྲྭ་པ་དེ་ཚོས་འདིར་མཆན་བུ་བཏབས་ན། མོས་མཐུན་བྱེད་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། གྲྭ་པ་གྲྭ་པར་སྡོད་གནས་ཤིག་དང་བཤད་སྟངས་ཤིག་ཡོད་རྒྱུ་རེད་བསམ་གི ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། བུད་མེད་ཀྱི་ནུས་པ་དང་དགའ་ཕྱོགས། ཕུགས་བསམ་དང་ཁ་ཕྱོགས་སོགས་ཀྱི་ཐོག་ལ་རྩོམ་ཡིག་རེ་འབྲི་བར་འདོད་ཀྱང་། རྔམ་སྟུག་པའི་བག་ཆགས་དང་གུ་དོག་པའི་ཡུལ་སྲོལ་གོམས་གཤིས་ཀྱི་དབང་གིས། འབྲི་ཐུབ་ཀྱི་མི་འདུག འདི་ནི། ང་རང་བུད་མེད་ཡིན་པའི་ཆ་ནས། སྙིང་སྟོབས་དང་ཆོད་སེམས་ཀྱིས་མ་འདང་བ་ཡིན་རྒྱུ་རེད་ལ། ཁོར་ཡུག་དང་བག་ཆགས་ངན་པ་དེའི་དབང་ཤུགས་ཀྱིས་ཡིན་སྲིད་པ་ཞིག་ཀྱང་རེད།

གཞོན་ནུ་ཟླ་མེད།* རྔ་བ་ཚེ་སྐྱིད་ཀྱི་བསམ་འཆར་ཁ་ཤས་ལ་ངོས་ལེན་ཞུ་རྒྱུ་ཡིན། བསམ་འཆར་ཁ་ཤས་ལ་ངོ་རྒོལ་ཞུ་རྒྱུ་ཡིན། ངོས་ལེན་ཞུ་འོས་པ། ༼ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། གྲྭ་པ་དེ་ཚོས་འདིར་མཆན་བུ་བཏབས་ན། མོས་མཐུན་བྱེད་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། གྲྭ་པ་གྲྭ་པར་སྡོད་གནས་ཤིག་དང་བཤད་སྟངས་ཤིག་ཡོད་རྒྱུ་རེད་བསམ་གི༽ ཚིག་འདི་ལ་ངོས་ལེན་བརྒྱ་ཆ་ལྔ་ཅུ་ཡོད། ངོ་རྒོལ་ཞུ་འོས་པ་ནི། ༼རྔམ་སྟུག་པའི་བག་ཆགས་དང་གུ་དོག་པའི་ཡུལ་སྲོལ་གོམས་གཤིས་ཀྱི་དབང་གིས། འབྲི་ཐུབ་ཀྱི་མི་འདུག འདི་ནི། ང་རང་བུད་མེད་ཡིན་པའི་ཆ་ནས། སྙིང་སྟོབས་དང་ཆོད་སེམས་ཀྱིས་མ་འདང་བ་ཡིན་རྒྱུ་རེད་ལ། ཁོར་ཡུག་དང་བག་ཆགས་ངན་པ་དེའི་དབང་ཤུགས་ཀྱིས་ཡིན་སྲིད་པ་ཞིག་ཀྱང་རེད།༽འདི་རེད། ཚིག་འདིའི་ཡང་དམར་སྲུང་དམག་ཞིག་ཡིན་པ་བསྟན་ཡོང་གི་འདུག བོད་ཀྱི་ཡུལ་སྲོལ་གོམས་གཤིས་ནི་ཁྱོད་རང་གི་བཀག་རྡོ་རེད། དེ་མ་གཏོགས་ཁྱེད་རང་སླེབས་ས་ཞིག་ཏུ་སླེབས་རྒྱུ་འེ་རེད། ཁྱོད་རང་གིས་ཡི་གེ་འབྲི་མི་ཐུབ་པ་ནི་ཡུལ་སྲོལ་གོམས་གཤིས་ཀྱིས་བཏགས་པ་འེ་རེད། འོ་ན་ཁྱོད་ཀྱིས་གོང་དུ་གྲྭ་བ་ཁ་ཤས་ཀྱི་འདིའི་སྐོར་ལ་ཡི་གེ་འབྲི་བ་འགོག་དོན་གང་ཡིན། གུ་ཡངས་དགོས་ན་ཁྱོད་ཀྱིས་གཞན་འགོག་དོན་ཅི་ཡིན། དེ་ནི་ནང་འགལ་མ་རེད་དམ། ད་དུང་འཁོར་ཡུག་དང་བག་ཆགས་ངན་པ་ཟེར་བ་དེ་ཅི་རེད། ཁྱོད་རང་ལ་བོད་ཀྱི་འཁོར་ཡུག་དང་། བོད་ཀྱི་བག་ཆགས་ཚང་མ་ངན་པ་ཡིན་ན། རྙིང་བཞི་རྩ་གཏོར་གྱི་དམར་སྲུང་དམག་གི་ཁུངས་སུ་སྡོད་དང་དེ་འོས་མཚམས་ཡོད་པ་རེད། ག་དུས་ཡིན་ན་ཡང་རང་གི་མི་རིགས་ལ་དམའ་འབེབས་དང་། མི་རིགས་ཀྱི་གོམས་གཤིས་ལ་དམའ་འབེབས། མི་རིགས་ཀྱི་ལྟ་ཚུལ་ལ་དམའ་འབེབས། མི་རིགས་ཀྱི་སྲོལ་རྒྱུན་ལ་དམའ་འབེབས་བྱེད་པ་འདིའི་རིགས་ལ་ངོ་རྒོལ་ཡོད།

རྔ་བ་ཚེ་སྐྱིད།* བཀུར་འོས་གཞོན་ནུ་ཟླ་མེད་ལགས། གཅིག་ནས། རྒྱབ་སྐྱོར་ཡོད་སྟངས་ཀྱི་རྒྱུ་མཚན་བཤད་མེད་སྟབས། ངས་ཀྱང་ཉིད་ཀྱིས་ངོས་ལེན་བྱེད་ཕྱོགས་དེར། མོས་མཐུན་བྱེད་ཐུབ་མ་སོང་། གཉིས་ནས། ངོ་རྒོལ་བྱེད་སྟངས་ཀྱི་རྣམ་འགྱུར་ལ་གཞིགས་སྐབས། བོད་རང་གི་སྐད་ཡིག་རིག་གནས་ཀྱིས་བསྐྱེད་པའི་ཡུལ་སྲོལ་གོམས་གཤིས་སོགས་ལ་སླད་མེད་པའི་སྒོ་ནས་གཅེས་སེམས་ཤིག་བསྟན་འདུག་ཀྱང་། གཅེས་སྟངས་དང་སྲུང་འཛིན་བྱེད་ཕྱོགས་ལ། ཐབས་བྱུས་དང་རིགས་ལམ་མང་པོ་ཡོད་རྒྱུ་རེད་དེ། ངས་བསམ་ཞིབ་བྱེད་སྐབས། བོད་མི་རིགས་དེ། བག་ཁུམས་ཤིང་རྗེས་སུ་ལུས་པའི་མི་རིགས་རིགས་ཤིོག་རེད་འདོད་ཀི། དེའི་རྒྱུ་མཚན་ནི། གསར་བརྗེའི་སྙིང་སྟོབས་དང་གསར་གཏོད་ཀྱི་རྣམ་དཔྱོད་སོགས་ཆེས་བུལ་ཞིང་ཞན་པས་རེད་བསམ་གི། རྒྱབ་རྟེན་གང་ཡིན་ཟེར་ན། གསར་བརྗེའི་བསམ་བློ་དུས་སྐབས་རེར་བྱུང་ཡོད་ཀྱང་། ལག་ལེན་དུ་བསྟར་བའི་གྲུབ་འབྲས་མེད་པ་བློ་སྤོམས་ཀྱིས་མ་འདང་བ་རེད། རྣམ་དཔྱོད་ཅན་གྱི་སྐྱེ་བུ་རླབས་ཆེན་རེ་བྱུང་ཡོད་ཀྱང་ང་ཚོའི་མི་རིགས་ཀྱི་ངོས་འཛིན་དང་རྒྱབ་སྐྱོར་གྱིས་མ་འདང་བ་ནི། བོད་མི་རིགས་ཀྱི་གསར་གཏོད་ཀྱི་ཁ་ཕྱོགས་མ་རྙེད་པས་རེད། ད་དུང་། གསར་གཏོད་ཀྱི་ཐབས་ལམ་དང་བློས་བཏང་མེད་པ་ནི། ང་ཚོའི་རིག་གནས་ཀྱིས་བསྐྲུན་པའི་སྟོང་ཆ་ཆེན་པོ་ཞིག་རེད། ལྷག་པར་དུ། འདུ་ཤེས་གཅིག་དང་ལམ་བུ་གཅིག་གི་ཐོག་ཏུ་མང་ཤོས་བསྐྱོད་དགོས་པ་ནི། ང་ཚོའི་རིག་གནས་ཀྱི་དགོས་དོན་ཞིག་ཀྱང་རེད། དེ་ནས། ང་ཚོའི་རིག་གནས་ཀྱི་ནུས་པ་ནི། དཔེར་ན། རྩོམ་པ་པོ་ལས་རྩོམ་སྒྲིག་པར་བསྒྱུར་བ་རེད། གསར་གཏོད་པ་ལས་རྒྱུན་སྐྱོང་བར་བསྒྱུར་བ་རེད།

གཞོན་ནུ་ཟླ་མེད།* རྔ་བ་ཚེ་སྐྱིད་ལགས་ཀྱིས་མཆན་སྔ་མའི་ནང་དུ་རང་གི་བསམ་ཚུལ་ཙམ་ལས་རྒྱུ་མཚན་གསུངས་མེད་པས། ངས་ཀྱང་བསམ་ཚུལ་ཙམ་ལས་རྒྱུ་མཚན་བྲིས་མེད། ད་ཡིན་ན་རྒྱུ་མཚན་འབྲི་གི་ཡིན། དགེ་འདུན་པ་ཞིག་ཡིན་ན་སྙིང་གི་ཚི་ལུའི་སྐོར་འདི་དམ་པའི་ཆོས་འདུལ་བའི་ཆ་ནས་བཤད་ན་ཐད་ཀ་ཐད་ཀར་དགའ་ལུགས་འབྲི་བའི་རྩོམ་ཡིག་གི་ཚོགས་འདུ་ཞིག་ཡིན་པ་དང་། ཡང་ཐད་ཀ་ཐད་ཀར་སྙིང་གི་ཚི་ལུ་ལ་སྙིང་གཏམ་བཤད་པའི་སྐོར་ཞིག་ཡིན་པས་ན་དམ་པའི་ཆོས་འདུལ་བ་དང་མི་མཐུན་པ་རེད། དེ་བས་ན་བརྒྱ་ཆ་ལྔ་བཅུ་རྒྱབ་སྐྱོར་བྱས་པ་ཡིན། འོན་ཀྱང་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་མ་བྱས་པ་གང་ཡིན་ཟེར་ན། སྙན་ངག་རིག་པའི་ཆ་ནས་དང་། རྩོམ་རིག་རིག་པའི་ཆ་ནས་བཤད་ཡོང་ན། སྔར་རྒྱལ་དབང་ལྔ་བ་དང་། བོད་མཁས་པ་མི་ཙམ་དགེ་ལེགས་རྣམ་རྒྱལ། དེ་བཞིན་དུ་འཇུ་མི་ཕམ་སོགས་གནས་གཏན་འདུལ་བ་འཛིན་པ་ཆེ་ཆེ་དྲག་དྲག་ཚང་མས་ཀྱང་རྩོམ་ཡིག་རིག་པའི་ཕྱོགས་ནས་འདོད་པའི་ཕྱོགས་ཀྱི་སྙན་རྩོམ་བྲིས་ཡོད་འདུག་ན་ཁྱོད་ལ་བརྒྱ་ཆ་ལྔ་བཅུ་རྒྱབ་སྐྱོར་ཞུ་ཐུབ་མ་སོང་། དེ་ནས་ཁྱོད་ཀྱིས ༼བོད་མི་རིགས་དེ། བག་ཁུམས་ཤིང་རྗེས་སུ་ལུས་པའི་མི་རིགས་རིགས་ཤིོག་རེད་འདོད་ཀི། དེའི་རྒྱུ་མཚན་ནི། གསར་བརྗེའི་སྙིང་སྟོབས་དང་གསར་གཏོད་ཀྱི་རྣམ་དཔྱོད་སོགས་ཆེས་བུལ་ཞིང་ཞན་པས་རེད་བསམ་གི། རྒྱབ་རྟེན་གང་ཡིན་ཟེར་ན། གསར་བརྗེའི་བསམ་བློ་དུས་སྐབས་རེར་བྱུང་ཡོད་ཀྱང་། ལག་ལེན་དུ་བསྟར་བའི་གྲུབ་འབྲས་མེད་པ་བློ་སྤོམས་ཀྱིས་མ་འདང་བ་རེད། རྣམ་དཔྱོད་ཅན་གྱི་སྐྱེ་བུ་རླབས་ཆེན་རེ་བྱུང་ཡོད་ཀྱང་ང་ཚོའི་མི་རིགས་ཀྱི་ངོས་འཛིན་དང་རྒྱབ་སྐྱོར་གྱིས་མ་འདང་བ་ནི། བོད་མི་རིགས་ཀྱི་གསར་གཏོད་ཀྱི་ཁ་ཕྱོགས་མ་རྙེད་པས་རེད། ད་དུང་། གསར་གཏོད་ཀྱི་ཐབས་ལམ་དང་བློས་བཏང་མེད་པ་ནི། ང་ཚོའི་རིག་གནས་ཀྱིས་བསྐྲུན་པའི་སྟོང་ཆ་ཆེན་པོ་ཞིག་རེད།༽ ཟེར་བ་འདི་རེད། གསར་བརྗེ་དང་། གསར་གཏོད་ཀྱི་བསམ་བློ་མེད་སོང་པ་མ་རེད། ང་ཚོ་ལ་ཆབ་སྲིད་ཀྱི་སྟེང་ནས་རང་དབང་མེད་སོང་པ་རེད། ངས་ཁྱོད་ལ་དཔེ་མཚོན་ཁ་ཤས་ཞིག་བཤད། ཁྱོད་རང་རྔ་བ་ཕྱོགས་ནས་ཡིན་པས་ན། ཟུང་ཇ་ཟེར་བའི་ཇ་སྐད་གྲགས་ཆེན་པོ་དེ་ཤེས་རྒྱུ་རེད། སྤྱི་ཚོགས་རྙིང་པ་ནས་བཟུང་སྟེ་བོད་པས་བཟོས་པའི་ཇ་རེད། ཇའི་ཐོན་ཁུངས་ཀྱང་ཕྱོགས་དེ་ག་རང་ནས་རེད། ཡིན་ན་ཡང་ལོ་ཤས་སྔོན་ནས་བཟུང་སྟེ། ཇ་དེ་སྔར་གྱི་ས་ཆ་དེར་བཟོ་ཆོག་གི་མེད་པ་རེད། དེ་ནས་ཡང་དཔེ་མཚོན་གཅིག་བཤད་ན། གཡག་དེའི་ཐོན་ཁུངས་བོད་རེད། འོན་ཀྱང་ཕྱི་རྒྱལ་གྱི་ཟས་རིགས་ཚོང་ཁང་གང་ན་ཡང་གཡག་ཤའི་ཚོང་རྫས་ཚང་མ་ཧྲང་ཧེ་གཡག་ཤ་བཟོ་གྲྭ་ནས་ཡིན་དགོས་པ་རེད། ག་རེ་བྱས་ནས་ཆིན་ཧེ་༼མཚོ་སྔོན་གཡག་ཤ་བཟོ་གྲྭ་༽ནས་ཐོན་མ་ཆོག་པ་རེད། ད་དུང་སྨན་རྫས་རིགས་རེད། བོད་ཀྱི་སྨན་རྫས་ཚང་མ་ལ་ཡང་རྒྱལ་སྤྱིའི་ནང་ཚོང་འགྲེམ་བྱས་ཆོག་པའི་ཁྲིམས་མཐུན་མེད་པ་རེད། མང་ཆེ་བ་ཧྲང་ཧེ་དང་ཀྲུང་གོའི་ས་གནས་གཞན་དག་གི་བཟོ་གྲྭ་ནས་མ་ཐོན་ན་ཚོང་འགྲེམ་བྱས་ཆོག་གི་མ་རེད། འདི་ལྟར་བསམ་ན་ཚོང་ལས་ཕྱོགས་ནས་རང་དབང་དང་བདག་དབང་མེད་པ་རེད། མ་རེད་དམ། དེ་བས་ན་རང་ལ་ཡོད་པའི་ཐོན་ཁུང་རྙིང་པ་ཡང་འགྲེམ་སྤེལ་བྱེད་པ་ཁྲིམས་མཐུན་མིན་ན། གསར་གཏོད་ལ་ཁྲིམས་ལུགས་སྟེང་ནས་གནོན་ཤུགས་བླ་ན་མེད་པ་ཡོད་པ་ནི་ལོས་མཁྱེན། དེ་བས་ན་གསར་གཏོད་དང་གསར་བརྗེ་ཟེར་བ་དེ་ཚོ་ནང་ཁུལ་དབྱེ་འབྱེད་ཀྱི་མིང་ཚིག་ཅིག་ཡིན་པ་ལས། གཞན་གང་ཡང་མེད་པ་རེད། འདི་ནི་རིགས་གནས་གསར་བརྗེས་སྐབས་ཀྱི་བརྗོད་ཚིག་རྙིང་པ་ཞིག་ཡིན་པས། ཁ་ནས་གསར་བརྗེས་ཟེར་ན་ཡང་གསར་བ་གང་ཡང་མ་རེད། རྒྱ་ནག་ནང་ནས་ཀྱང་རིག་གནས་གསར་བརྗེའི་སྐབས་ཀྱི་བརྗོད་ཚིག་འདིའི་རིགས་མཇུག་རྫོགས་པ་མ་རེད་དམ། སྐུ་ཉིད་ཀྱིས་གསུངས་པ་ལྟར། རྒྱ་གར་ལ་སླེབས་ནས་ཟླ་གཅིག་ལས་མ་འགོར་བར། རིག་གནས་གསར་བརྗེས་དྲན་གསོ་བྱས་པ་འདི་ནི་ངོ་ནས་ངོ་རྒོལ་བྱེད་་འོས་པ་ཞིག་མ་རེད་དམ།།

རྔ་བ་ཚེ་སྐྱིད།* བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས། ངོས་ལེན་བྱེད་ཕྱོགས་ཀྱི་རྒྱུ་མཚན་དང་པོ་དེ་སྣང་བ་འགྲོ་སོང་། བཀའ་དྲིན་ཆེ་ཞུ། གཞན་ཡང་། རྒྱ་གཞུང་གིས་དབང་བསྒྱུར་བྱས་ཕྱིན་ཆབ་སྲིད་ཀྱི་དཀའ་ངལ་ཡོད་པ་དེ་བདེན་པར་འཁུམས་ཀྱང་རུང་། སྔར་ཆབ་སྲིད་ཀྱི་དཀའ་ངལ་མེད་པར་རང་མགོ་རང་ཐོན་བྱེད་པའི་སྐབས་སུའང་། ནང་འཁྲུག་དང་ཕྱོགས་ཞེན་གྱིས་ང་ཚོའི་དཀྲུགས་པ་ལས་ཕྱོགས་གཅིག་ཏུ་སྤུངས་པ་ཞིག་མི་འདུག་ལ། རིག་གནས་ཀྱི་ཕྱོགས་ནས་བཤད་ན། མིའི་ལོ་རྒྱུས་ལ་ཆོས་ལུགས་ཀྱི་མིག་གིས་ལྟ་སྟངས་བཟུང་ཡོད་པ་མ་ཟད། ཕྱོགས་བསྡོམས་ཀྱང་བྱས་པ་དེ་སྒེར་གཅོད་ལམ་ལུགས་ཤིག་རེད། ལྷག་པར་རྩོམ་རིག་གི་གཞུང་ལུགས་ཤིག་དང་ཆབ་སྲིད་ཀྱི་ལྟ་གྲུབ་ཅིག་ག་རེ་བྱས་ན་མ་ཡོད་པ་རེད་དམ། དེ་ནས། རྒྱལ་ཁབ་དང་མི་རིགས་ཤིག་གི་ངོས་འཛིན་ཀྱང་གསལ་བོ་དག་པོ་ཞིག་ཐོབ་མེད་དེ། གཞན་གྱི་རིག་གནས་གཡར་མ་དང་བསྒྱུར་མ། རྒྱུན་འཛིན་དང་སྒེར་གཅོད་ལམ་ལུགས་ཀྱི་དབང་གིས་མ་རེད། འདི་ཚོ་ཚང་མ་ཆབ་སྲིད་ལ་ཁ་གཡར་རྒྱུ་ཡིན་ནམ། ད་དུང་། བོད་ཀྱི་སྐད་ཡིག་དེ་ཡང་འཚོ་བའི་ཡོ་སྤྱད་ཅིག་ཏུ་མ་བསྒྱུར་བར་ཆོིས་ཁོ་ནར་འཆད་ཉན་སྤེལ་གསུམ་གྱིས་ལག་ཆ་ཙམ་ཞིག་ལ་དམིགས་པ་དེ། བོད་ཀྱི་སྐད་ཡིག་གི་ནུས་པ་དང་ཁྱབ་ཚད་མཐོང་ཆུང་བྱས་པ་མ་རེད་དམ། མདོར་ན། བོད་ཀྱི་སྤྱི་ཚོགས་གསར་བརྗེ་ཞིག་མ་བྱས་ན། བོད་མི་རིགས་ལ་བྱས་རྗེས་དང་བཀའ་དྲིན་ཆེ་བའི་མི་གཅིག་གི་མིང་ཐོབ་ཀྱི་ཆེད་དུ། དེང་སང་གི་དུས་ཚོད་འདི་ཡིན་རུང་། འདོད་རྔམ་དང་ཧམ་སེམས་ཆེ་བའི་མི་བཞི་བཅུ་རེས་འཚང་ཁ་རྒྱག་གིན་པའི་ཅི་ཞིག་གསལ་སྟོན་བྱེད་ཀི་ཡོད་པ་རེད་དམ། ལམ་ནི། ག་དུས་ཡིན་རུང་། མིའི་རིགས་ཀྱི་རྐང་བའི་འོག་ན་ཡོད་པ་ཞིག་ཡིན་དུས། ལམ་བཏོད་ཐུབ་པ་ཞིག་དང་ཆོག་པ་ཞིག་ཀྱང་རེད། ལུགས་སྲོལ་ནི། བརྗེ་དགོས་པ་ཞིག་ཡིན་པའི་མི་ཚད་བརྗེ་སྟངས་ཀྱང་གསར་གཏོད་ཀྱི་སྒོ་ནས་འགྲོ་དགོས་པ་ཞིག་རེད། གང་ཡིན་ཟེར་ན། ལམ་སྲོལ་ནི་འཆིང་རྒྱ་ཞིག་ཡིན་པ་རེད། དེས་ན། རྒྱུན་སྐྱོིང་དང་ལུགས་སྲོལ་ནི་སྒེར་གཅོད་ཁག་གིས་ཁེ་བཟང་བདའ་བྱེད་ཙམ་ཞིག་ལ་གྱུར་འདུག་ན། འདི་དག་རྙིང་བརྗེ་གསར་གཏོད་མ་བྱས་ན། ང་ཚོའི་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་དེ་ཆེས་གུ་དོག་དང་མཁྲེགས་འཛིན་ཅན་དུ་འགྱུར་གི་རེད། དེ་དུས། ང་ཚོའི་མི་རིགས་ཀྱི་ནུས་པ་དང་གཟི་བརྗིད་སོགས་ཕྱི་རྫིགས་ནང་སྟོང་གི་ངོ་བོར་གྱུར་ཚར་བ་རེད།

གཞོན་ནུ་ཟླ་མེད།* འོ་ཡ་རྔ་བ་ཚེ་སྐྱིད། ཁྱེད་རང་གིས་བོད་ཀྱི་སྤྱི་ཚོགས་རྙིང་པ་ལ་ད་ལྟའི་བསམ་བློ་ཐོག་ནས་བལྟ་ཞིབ་བྱས་པ་ཡིན་ན་སྐྱོན་ཆ་གང་མང་ཞིག་ཡོད་ཀྱི་རེད། དེ་ནི་བཽད་ཀྱི་སྤྱི་ཚོགས་གཅིག་བུ་མ་རེད། འཛམ་གླིང་གི་རྒྱལ་ཁབ་གང་ཞིག་དང་མི་རིགས་གང་ཞིག་ལ་དུས་རབས་སྔ་མ་དག་གི་གནས་ཚུལ་ལ་དུས་རབས་ཕྱི་མིའི་སྐབས་སུ་བལྟས་ན་སྐྱོན་མཐོང་གི་རེད། དེ་ནི་དུས་རབས་རེ་རེའི་འགྱུར་འགྲོས་ལས་རེད། དེ་བཞིན་དུ་ནང་་འཁྲུག་གི་ཆ་ནས་ཀྱང་གཅིག་པ་རེད། རྒྱ་ནག་དང་བསྡུར་བ་ཡིན་ན་ནང་འཁྲུག་ཆུང་ཆུང་རེད། ཁྱོད་ཀྱིས་ཐུགས་བསམ་བཞེས་དང་། རྒྱལ་བོའི་རིང་ལུགས་དེ་གོ་མིན་ཏང་གིས་ཅི་ལྟར་ཕམ་པར་བརྒྱབ་པ། དེ་བཞིན་དུ་གོ་མིན་ཏང་དེ་གུང་ཁྲན་ཏང་གིས་ཅི་ལྟར་ཕམ་པ་བརྒྱབ་པ། དེ་བཞིན་དུ་གུང་ཁྲན་ཏང་ནང་ལོག་ནས་ཀྱང་ལིན་དགག་ཁུང་དགག དམར་སྲུང་དམག གྲལ་རིམ་འཐབ་རྩོད་སོགས་གྲང་ལས་འདས་པའི་ལས་འགུལ་ཡོད་ཚད་པོ་ནང་འཁྲུག་རེད། ནང་འཁྲུག་ནང་དུ་རྒྱ་ནག་གི་མི་སེར་ག་ཚོད་ཅིག་བསད་ཡོད་པ་རེད། འདི་དག་དང་བསྡུར་བ་ཡིན་ན་བོད་ལ་ནང་འཁྲུག་རྩ་ནས་མེད་ཟེར་ཆོག་གི་རེད། མ་རེད་དམ། དེ་ནས་ཆབ་སྲིད་ལྟ་གྲུབ་ཀྱི་ཐད་ནས་ཆབ་སྲིད་ལྟ་གྲུབ་ལོས་ཡོད། ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་ད་ལྟའི་བར་གྱི་ཆབ་སྲིད་ལྟ་གྲུབ་རེད། ཆབ་སྲིད་ཀྱི་གནས་སྟངས་རེད། ད་ལྟའི་བར་དུ་དེ་ལྟར་འོང་པ་རེད། འོན་ཀྱང་བོད་ཤོར་བའི་ཐད་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་ན། དེ་ནི་བོད་སྤྱི་ཚོགས་གཅིག་བུའི་སྐྱོན་མ་རེད། དེ་ནི་བོད་དེ་དམག་ཤེད་ཅན་གྱི་བཙན་འཛུལ་བཏང་བ་ཞིག་ཡིན་པས། དམག་ཤེད་གཅིག་བུས་ཐོག་ནས་དབང་བསྒྱུར་བ་ཞིག་ཡིན་པས་བྱས་ཡ་གང་ཡང་མེད་པ་རེད། དམག་ཤེད་ཀྱི་ཐོག་ནས་དབང་བསྒྱུར་ན་དམག་གི་སྟོབས་ལ་བལྟས་ནས་ཕམ་ཉེས་འབྱུང་སྲིད་པ་ཞིག་རེད། དཔེར་ན་དུས་རབས་གོང་མའི་ནང་དུ་ཀྲུང་གོ་ལ་རི་པིན་གྱིས་དམག་ཤེད་ཐོག་ནས་བཙན་འཛུལ་བྱས་པ་དེ་ག་རེད། ཀྲུང་གོ་ལ་བྱས་ཡ་གང་ཡང་མེད་པ་རེད། འོན་ཀྱང་ཨ་རིས་རི་པིན་གྱི་དམག་འཁྲུག་ཕམ་པར་བརྒྱབ་རྗེས་རི་པིན་ཁུ་སུམ་སུམ་ཆགས་ནས་འཛམ་གླིང་གི་གང་སར་གནས་པའི་དམག་ཤུགས་རྣམས་མཚམས་འཇོག་བྱས་པ་ཞིག་ལ། རྒྱ་ནག་གིས་མི་རབས་རྗེས་མ་རྣམས་ལ་གུང་ཁྲན་ཏང་གིས་རི་པིན་ཀྲུང་གོ་ནས་ཕམ་པར་བརྒྱབ་ནས་རང་ས་རང་སྲུང་བྱས་ཡོད་ལུགས་ཀྱི་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད། ཀྲུང་གོས་རང་གིས་འདི་ལྟར་རྫུན་བྱེད་པ་ལ་ཡང་ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་ནས་བལྟས་པ་ཡིན་ན་དགོས་དབང་ཁྱད་པར་ཅན་ལོས་ཡོད། རང་གི་སྲིད་གཞུང་ལ་མི་རབས་རྗེས་མ་རྣམས་ཡིད་ཆེས་བློ་འགེལ་ཡོང་ཆེད་དང་། རང་གི་སྲིད་གཞུང་སྲ་ཐག་ཐག་སྡོད་ཐུབ་པ། དེ་བཞིན་དུ་ཀྲུང་གོ་རྒྱལ་ཁབ་ཐོར་བཤིག་མི་འགྲོ་བའི་ཆེད་དུ་ལོས་ཡིན། ཁྱོད་ཀྱིས་གོང་དུ་བཀོད་བཞིན་པའི་ཆོས་ལུགས་ཀྱི་ཕྱོགས་འཐེན་ཟེར་བ་འདི་རེད། འོན་ཀྱང་ཁྱོད་ཀྱིས་གསར་བརྗེས་དང་གསར་བརྗེས་ཟེར་ནས་འོང་བཞིན་པ། དེ་བཞིན་དུ་༼སྤྱི་ཚོགས་རྙིང་བའི་ལམ་དང་ལུགས་སྲོལ། ཕྱོགས་ཞེན་དང་ཕྲག་དོག་གིས་བཟི་ནས། རང་གཞན་གྱི་མི་ཕན་པའི་བཤད་སྟངས་དང་སྤྱོད་སྟངས་སྤེལ་གི་མིན་ནོ༽ ཞེས་ཟེར་གྱི་ཡོད་པ་རེད། ལྟ་ཚུལ་འདི་ཡང་གོང་གི་ལྟ་གྲུབ་མི་མཐུན་པའི་རྩོད་པའི་ཆ་ཤས་གསར་བ་གཅིག་འགོ་འབུས་བཞིན་ཡོད་པ་རེད། གང་ཡིན་ཟེར་ནས་ཁྱོད་བོད་ཀྱི་ནང་ཁུལ་ཏུ་གསར་རྙིང་གི་ཕྱོགས་གཉིས་སུ་ཕྱེས་ནས་འཐབ་རྩོད་བྱེད་ཀྱི་ཡོད་པས་སོ། ཁྱོད་ཀྱིས་གྲལ་རིམ་འཐབ་རྩོད་ལ་བསམ་བློ་ཐོང་དང་། ང་ཚོའི་གྲོང་ཁྱེར་དང་གྲོང་གསེབ། གྲོང་སྡེ་སོགས་རེ་རེ་བཞིན་འབྱོར་མེད་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་གཉིས་གཉིས་ངེས་པར་དུ་ཕྱེས་དགོས་པ་རེད། ཐ་ན་གྲོང་གསེབ་སྤྱི་ཡོངས་ནས་སྐྱོ་བོ་ཡིན་པ་གཅིག་ལ་ཆ་བཞག་ན་ཡང་གྲལ་རིམ་གཉིས་པོ་དེ་དགོས་པ་རེད། དེའི་ནང་དུ་འཐབ་རྩོད་དགོས་པ་རེད། འདི་དག་ལ་བསམ་བློ་བཏང་ན་གྲལ་རིམ་སོགས་ཀྱི་དབྱེ་བ་བགར་ཡོང་བ་འདི་དག་ཆབ་སྲིད་ལ་བྱང་ཆ་ཡོད་པ་དག་གིས་དབྱེ་བ་ཕྱེས་ནས་ཡོང་གི་ཡོད་པ་ཞིག་རེད། དེའི་རྗེས་ལ་དམར་སྲུང་དམག་ཚོ་འབྲང་བཞིན་པ་ཞིག་རེད། དེ་ན་དེང་སང་གསར་བརྗེ་དང་གསར་བརྗེ་ཟེར་ནས་མཆོང་བསྐྱོད་པ་དག་ཐོན་བཞིན་པ་དང་། རྙིང་ཞེན་དང་རྙིང་ཞེན་ཟེར་ནས་གང་ཞིག་ལ་འཐབ་རྩོད་བྱས་ནས་ཡོང་བ་འདི་དག་ནི། གྲལ་རིམ་འཐབ་རྩོད་ཀྱི་རྗེས་འབྲས་ཞིག་ལས་གང་ཡང་མིན། མ་རེད་དམ། འོ་དྲ་གྲོགས་རྣམས་པ་དགོངས་དག སྙིང་གི་ཚི་ལུ་འབྲི་སར་སྙིང་གི་ཚི་ལུ་མ་བྲིས་པར་དགག་སྒྲུབ་རྩོམ་ཡིག་བྲིས་ཡོང་གི་ཡོད་པ་རེད། འོན་ཀྱང་ཁྱོད་ཚོས་ཁ་ཡག་གི་ལམ་ནས་ཚེ་སྐྱིད་འགུགས་ཐབས་བྱས། ངས་ནི་འཐབ་མོའི་ལམ་ནས་ཚེ་སྐྱིད་འགུགས་ཐབས་བྱེད་ཀྱི་ཡིན། འདི་ཡང་སྙིང་གི་ཚི་ལུ་འགུགས་ཐབས་གཞན་ཞིག་རེད། མི་རྣམས་ནི་སྲོག་ཆགས་ཞིག་རེད། སྲོག་ཆགས་ཚང་མ་ལ་སྙིང་གི་ཚི་ལུ་འགུགས་སྟངས་མ་འདྲ་བ་རེ་ཡོད་པ་རེད། གླང་ངུ་དང་ཁྱི་སོགས་ལ་མཚོན་ན་ལྡག་ནས་སྙིང་གི་ཚི་ལུ་འགུགས་གི་ཡོད་པ་རེད། ཞི་མི༼བྱི་ལ༽ ལ་མཚོན་ན་འཐབ་མོའི་ལམ་ནས་སྙིང་གི་ཚི་ལུ་འགུགས་བཞིན་ཡོད་པ་རེད། འཐབ་མོའི་ལམ་འགུགས་པ་འདི་ཡང་སྙིང་གི་ཚི་ལུ་འགུགས་པའི་རྣམ་གྲངས་གཞན་ཞིག་རེད། མིའི་སྤྱི་ཚོགས་ཐོག་ན་འཐབ་མོའི་ལམ་ནས་སྙིང་གི་ཚི་ལུ་འགུགས་པའི་རིགས་ཤིན་ཏུ་མང་ནི་རེད།

རྔ་བ་ཚེ་སྐྱིད།* བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས། ང་རང་བུད་མེད་ཅིག་ཡིན་རུང་། བོད་མི་རིགས་ཀྱི་མ་འོངས་པ་དང་མདུན་ལམ་གྱི་ཆེད་དུ། སེམས་འཚབ་ཀྱིས་བསླངས་པའི་འདུ་ཤེས་ཤིག་གིས། སྔ་ཕྱིའི་གནས་ཚུལ་མང་པོ་ཞིག་ལ་བསམ་བློ་གཏོང་ཁུལ་བྱས་དང་བྱེད་བཞིན་པའི་སྒང་ཡིན་མོད། འོན་ཀྱང་། བསམ་བློ་གཏོང་སྟངས་དང་ཐབས་ཚུལ་བཏོན་པ་དེ་ཡང་། ནོར་འཁྲུལ་གྱི་ཆ་ཡོད་པ་ངོས་ལེན་བྱེད་ཀྱིན་པའི་བློ་སྤོབས་ཡོད་དེ། རྒྱུ་མཚན་དང་རྒྱབ་ལྗོངས་བློ་ངོར་འབབ་ངེས་དགོས་པ་ནི། ཆེས་མ་མཐའ་ཆ་རྐྱེན་ཞིག་ཡིན། འདི་ནི། སྤྱིར་བཏང་གི་བསམ་ཚུལ་ཙམ་ཞིག་སྔོན་དུ་བཀོད་པའོ།། དེ་ནས། སྤྱིར་བཏང་གི་ཆ་ནས་བསམ་སྐབས། ནང་ཆོས་ཞེས་པ་དེ་བདེ་དོན་དང་བདེན་དོན་སྒྲུབ་བྱེད་ཀྱི་རིགས་ལམ་དང་ཐབས་ཚུལ་ཡིན་པ་ལས། དབང་བསྒྱུར་དང་དབང་ཤུགས་བཀོལ་བྱེད་ཀྱི་ལག་ཆ་ཙམ་ཞིག་ལ་དམིགས་པ་ནི། ཆེས་ཐལ་ཤར་བའི་ཀུན་སྤྱོད་ཙམ་དུ་ཟད། ཡིན་ནའང་། ནང་ཆོས་ཁོ་རང་གི་ངོ་བོ་དང་ནུས་པའི་ཁྱབ་ཚད་དེ་ནི། དེ་འདྲ་ཞིག་མ་ཡིན་རུང་། དེར་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་མཁན་རྣམས་ཀྱིས་སྒེར་དོན་དང་ཕྱོགས་ཞེན་གྱི་འདུ་ཤེས་ཤུགས་དྲག་གི་དབང་གིས། འདི་ལྟར། བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་དེ་ཁྲ་ཁྲ་དང་གོ་རིམ་མེད་པ་ཅན་ཞིག་ཏུ་བསྒྱུར་བ་རེད། དེས་ན། ཐོག་མར་ང་ཚོའི་མི་རིགས་ཀྱིས་རྒྱུན་འཛིན་བྱས་དང་བྱེད་བཞིན་པའི་རིག་གནས་དག་གི་ཕན་ནུས་ཐོན་མིན་ལ་བལྟས་ཏེ། འཐུས་ཚང་གི་སྒོ་ནས་སྤྱི་དམངས་ཀྱི་རིག་གནས་ཅན་ཞིག་ཏུ་ཁ་ཕྱོགས་དགོས་པ་ནི། ད་ལྟ་དང་མ་འོངས་པའི་ལམ་བུའི་ཆེད་དུ་རེད། དེའི་ཕྱིར་ན། ཆབ་སྲིད་ཀྱི་རིག་གཞུང་ཕྱོགས་ནས་བཤད་ཀྱང་རུང་། ནང་ཆོས་ཁོ་རང་གི་རིན་ཐང་དང་ནུས་པ་མཐའ་རུ་བཏང་ནས། ཆབ་སྲིད་པ་སྒེར་གཅོད་ཅན་རྣམས་ཀྱིས། མི་དམངས་སྤྱི་ཡོངས་ཀྱི་བདེ་སྡུག་དང་དགོས་དོན་ལ་མ་བལྟ་བར་རང་དོན་རྐྱང་བའི་དོན་དུ། མགོ་བསྐོར་བསླུ་བྲིད་ཅན་དང་སྒེར་གཅོད་ཀྱི་ལམ་ལུགས་སུ་བསྒྱུར་བ་ལྟ་བུ་ཞིག་རེད། དེ་འདྲ་ཡིན་དུས། ཆོས་སྲིད་ཟུང་འབྲེལ་ཞེས་ངོ་གདོང་ལ་བལྟས་ན་ཚིག་སྙན་པོ་ཞིག་ཡོད་ཀྱང་རུང་། དོན་དམ་དུ་བཤད་ན། ཆོས་ཆོས་དང་སྲིད་སྲིད་ཅེས་པ་ལ་གོ་དོན་དང་དགོས་པ། འཇུག་ཚུལ་དང་མཇུག་འབྲས་སོགས་རྦད་དེ་ཁ་ཁ་སོ་སོ་ཡིན་རུང་། མགོ་བདེ་དྲན་འཁྲུལ་ཆེ་བ་དང་སྒེར་དོན་ལས་བསམ་བློ་མེད་མཁན་རིགས་ཀྱིས་འདི་ལྟར། བསྲེས་སྤྱོར་བྱས་པའི་རིག་གནས་གཉིས་ཀྱི་གྲུབ་དོན་ནིོ། ད་ལྟའི་བོད་ཀྱི་གནས་བབ་དང་མ་འོངས་པའི་ལམ་སོགས་གང་ལ་བསམ་གཞིགས་བྱས་ན་གསལ་ཐང་ཐང་ཆགས་ཡོང་བ་ཞིག་རེད།
ངས་གྲལ་རིམ་དང་དབང་ཐང་རྩོད་ཀི་མེད་ལ། འདྲ་མཉམ་དང་སྤྱི་སྙོམ་གྱི་ལམ་ལུགས་ཤིག་བཤད་ཀི་ཡོད། གལ་ཏེ། གནད་ལ་ཐུག་ན་བློས་བཏང་བྱེད་རྒྱུའི་ཆོད་སེམས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་འཕྱུར་ཡོང་གི་འདུག དེའི་རྒྱུ་མཚན་ནི། ཆོས་སྲིད་ཟུང་འབྲེལ་ཟེར་བ་དང་ཆོས་ལྡན་ཞི་བདེའི་མི་རིགས་ཟེར་བ་སོགས་ཡོད་ཚད་ཆོས་དང་འབྲེལ་བ། ཡོད་ཚད་ཆོས་ཀྱི་དབང་བསྒྱུར་འོག་ཚུད་པ། ཡོད་ཚད་ཆོས་ཀྱི་མཐུ་འོག་ནས་འདའ་ཐུབ་ཀི་མེད་པ། ཐ་ན། སྐད་ཆ་ཞིག་བཤད་སྐབས་དང་རྣམ་འགྱུར་ཞིག་སྟོན་སྐབས་ཀྱང་ཆོས་ཀྱི་ཤུགས་རྐྱེན་ཐེབས་པ་རྐྱང་རྐྱང་རེད། གལ་སྲིད། ཆོས་མེད་ན་འཚོ་གནས་རྫོགས་སོང་བ་འདྲ་བོ་ཞིག་ཡིན་ན། ཐབས་གཞན་ཡོད་པ་མ་རེད། ཡིན་ན་ཡང་། ཆོས་དང་དེའི་ནུས་ཤུགས་མེད་རུང་། མདུན་བསྐྱོད་མི་ཐུབ་པ་སོགས་དེ་འདྲ་ནི་མ་རེད། གང་ལྟར། ནང་ཆོས་གཅེས་སྐྱོང་བྱས་ཟིན། བཀག་རྒྱ་ཞིག་ཡོད་ཡོད་པ་རེད། དེས་ན། དྲ་རྒྱའི་ནང་ཚུད་པའི་མི་རིགས་ཤིག་ལ་མཚོན་ན། འགུལ་སྐྱོད་བྱེད་སའི་ས་མིག་ག་ཚོད་ཅིག་ལྷགས་ཡོད་པ་རེད་དམ།
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས། ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། གང་ལྟར། ཉི་མ་གཅིག་ལ་ཚེ་རོགས་ཤིག་དགོས་པ་ནི། སྤྱིར་བཏང་གི་གནས་ཚུལ་ཙམ་ཞིག་རེད་དེ། ངས་དྲང་པོར་བཤད་ན། ངའི་ཚེ་རོགས་ནི། རྣམ་པ་ཡོད་མཁན་ཞིག་དང་འབྱོར་ལྡན་ཞིག་མི་དགོས་ལ། ལྷག་པར་དུ། སྤྱི་བྱེའི་འགན་འཁུར་མེད་མཁན་རིགས་དང་རང་ཚུགས་རང་རྟོན་མེད་མཁན་རིགས་དེ་བས་ཀྱང་མི་དགོས། འདི་ནི། ངའི་སྙིང་གི་གས་ཁ་ཡིན། ང་དགོས་པ་ནི། སྙིང་གི་ཚི་ལུ་དེ། གསར་བརྗེ་དང་གསར་གཏོད་ཀྱི་བློ་ཁོག་དང་ཐབས་ཚུལ་ཡོད་མཁན། ད་དུང་། ལག་ལེན་དང་ཁ་བཤད་དོན་ལ་གནས་མཁན་རིགས་དེས་སྙིང་གི་ཚི་ལུ་ནང་གི་ཡང་ཚི་ཡིན་ཡ། གང་ལྟར། དྲ་གྲོགས་ཟླ་མེད་ལགས་ཀྱིས་བསམ་བློ་དང་དུས་ཚོད་ཀྱིས་གྲོན་ནས། དུས་ཐོག་ཏུ་ལན་རེ་རེར་བཞིན་བཀོད་པ་དེས་ཀྱང་ངའི་སྙིང་གི་ཚི་ལུ་འགུལ་ག་བཅུགས་སོང་བས་ན། བཀའ་དྲིན་ཆེ་ཞུ། རྗེས་ཕྱོགས་ཡིན་ནའང་། རོགས་འདེགས་ཡོང་བའི་རེ་འདུན་བཏོན་པ་ཡིན་ལགས།

གཞོན་ནུ་ཟླ་མེད།* ཨ་རྫི་མི་འདི་དག་ལ་ཅི་བྱུང་བ་རེད། རྔ་བ་ཚེ་སྐྱིད་བུ་ཡིན་ན་བུ་ཡིན། བུ་མོ་ཡིན་ན་བུ་མོ་ཡིན། མོ་རང་སྙིང་གི་ཚི་ལུ་སྒྲིག་སར་བུ་མོ་བྱས་ནས་ཡོང་ན། ང་ཚོས་མོ་རང་ལ་བུ་མོ་ལ་ལས་རྒྱུ་བོ་ལས་དགོས་པ་རེད། དེ་ལ་བུ་རེད་ཟེར་ནས་ཨུ་ཚུགས་བརྒྱབ་ནས་ག་རེ་བྱེད་དགོས་རེད། དེང་སང་བོད་པའི་སྤྱི་ཚོགས་ནང་དུ་བུ་དེ་ཚོ་བུ་མོ་བཟོས་ནས་མནའ་མར་འགྲོ་བཞིན་པ་མང་རུ་མང་རུ་རེད་འདུག་ཀ གང་ལྟར་ངས་བསམ་ཚུལ་བྱས་ན་དོན་དུ་བུ་ཡིན་མིན་ལ་ཁྱད་པར་མི་འདུག ཁོ་རང་ངམ་མོ་རང་བུ་བྱས་ནས་ཡོང་དང་བུ་མོ་བྱས་ནས་ཡོང་། མོ་རང་གི་འདོད་པ་དང་བསྟུན་ན་ཡག་པོ་ཡོད་པ་རེད། གནའ་རབས་ཀྱི་ཕོ་མོ་བགར་སྟངས་བྱས་ན་ཕོ་མོའི་རྣམ་གྲངས་བཅུ་དྲུག་ཡིན་ན་ཅིག་དམ་པའི་ཆོས་འདུལ་བ་ནས་གསུངས་འདུག ཕོ་མོ་རྣམ་གྲངས་དབྱེ་པས་ལྔ་ལྔ་བཅུ།། མཚན་གཉིས་བྱུང་དང་མཚན་དུག་མཚན་མེད་དང་། ། མཚན་ལན་གསུམ་འགྱུར་མ་ནིང་འགྱུར་བརྟན་སོགས།། ལྟ་བུ་རེད། དེ་ཚོ་སྔར་ནས་བཟུང་ཁྲིམས་ཐོག་ནས་དེ་ག་རེད། མ་རེད་དམ།

རྔ་བ་ཚེ་སྐྱིད། * བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས། ཐོག་མར་བཀའ་དྲིན་ཆེ་ཞུ་འདོད་ཅིག་བྱུང་སོང་། གང་གིས་ཟེར་ན། གུ་ཡངས་དང་དཔྱད་ཞིབ་ཀྱི་སྒོ་ནས། བསམ་ཤེས་དང་རྩེད་མཚར་གྱི་ཁྲོད་ནས། ང་ནི། ལྷག་པར་དུ་འདྲེས་སོང་། དངོས་གནས་ཡིན་དཱ། ཡང་། ང་རང་བུད་མེད་ཅིག་ཡིན་མིན་ནི་དྲ་གྲོགས་རྣམ་པར་དེ་འདྲའི་གལ་གནད་ཆེ་བ་མ་རེད་ལ། རྩོད་གླེང་བྱས་པའི་དབང་དུ་བཏང་དོན་སྙིང་ཆུང་གི་བསམ་གྱི་འདུག ཨ། ཁྱེད་རྣམ་པའི་ཐུགས་གཞིགས་གནོངས་དང་དགོས་དོན་ཅང་མེད་ཀི་ཀོ། དེ་ནས། བཀུར་འོས་དྲ་གྲོགས་གཞོན་ཟླས་བསྙད་པ་ལྟར། དེང་སང་གི་དུས་སུ། ཕོ་མོའི་ནུས་པར་བར་ཁྱད་ཆེན་པོ་མེད་དུས། ཕོ་མོ་དབྱེ་འབྱེད་ཀྱི་བསམ་བློ་དེ། ཕོ་མཆོག་མོ་དམན་གྱི་འདུ་ཤེས་དང་དེས་བསྐྱེད་པའི་ཡུལ་སྲོལ་གོམས་གཤིས་གུ་དོག་ཅན་གྱི་བར་གསེང་ནས། ད་དུང་། བོད་ཀྱི་བུད་མེད་རྣམས་ཀྱི་ཁྱད་ནུས་ལ་བརྩི་མཐོང་ཐོབ་མི་འདུག དེའི་དབང་གིས། འདས་པ་བཤད་ཉན་ཡོད་པ་མ་རེད་དེ། ད་ལྟ་བའི་བོད་ཀྱི་བུད་མེད་གནས་སྟངས་དེ་ཆེས་ཁ་སྟབས་ཞན་པའི་འོབས་སུ་ལྷུངས་ཡོད་ཀི། མ་འོངས་པར་ཡིན་རུང་། འདི་ལྟར། རྒྱུན་མཐུད་ནས་སོང་ན། རེ་བ་ཆེ་ཞིག་མེད་ནོ་ཤེས་གསལ་རེད། དེས་ན། གསར་གཏོད་དང་གསར་བརྗེ་བྱེད་དགོས་དོན་གྱི་བསྒྲགས་གཏམ་དེའང་། ཐ་ན། ང་བུད་མེད་ཅིག་གིས་ཆིག་ལབ་ལྟ་བུར་རྒྱག་དགོས་ཐུག་པ་རེད།

གཞོན་ནུ་ཟླ་མེད།* མཁྱེན་ལྡན་མ་རྔ་བ་ཚེ་སྐྱིད་སླར་ཡང་ཕེབས་འདུག ང་ནི་ཉིན་ཤས་རིང་ཁྱེད་ལ་སྒུག་ནས་བསྡད་པ་ཡིན། ད་ཡིན་ན་ངེད་གཉིས་དཔུང་པ་མཉམ་དུ་བཤིབ་ནས་གསར་བརྗེས་ལམ་དུ་བསྐྱོད། ཁྱིམ་ཚང་གསར་བའི་ནང་དགའ་སྟོན་རྟེན་འབྲེལ་བྱེད། གསར་བརྗེའི་མདུན་ལམ་གཅིག་ནས་བུ་ཕྲུག་གསར་བཟོ་བྱེད། མ་འོངས་མི་རབས་ཚང་མ་གསར་བའི་ལམ་དུ་འདེད། ངེད་ཚང་གི་ཁྱིམ་ལ་གསར་བརྗེས་འོད་སྣང་འཕྲོ་བར་བྱ།ད་དུང་ངས་ཀྱང་རྙིང་ཟིན་པའི་ཀླད་པ་འདི་བརྗེས་བོ་བརྒྱབ་ནས། མགོ་གསར་བ་ཞིག་སྤྲད་དེ་ཁྱོད་ཀྱི་རུམ་ལ་འཛུལ། དེ་ནས་མགོ་རྔས་ཐོག་གཅིག་ལ་བཞག་ནས་གསར་བརྗེའི་སྙིང་གཏམ་ཤབ་ཤུབ་ཏུ་གླེང་ཡ།

རྔ་བ་ཚེ་སྐྱིད། * བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས། ཁམས་བཟང་། ཉིན་ཤས་རིང་ང་རང་ཡང་བྲེལ་འཚུབ་ཀྱི་ཀློང་དུ་ཚུད་པས་ན། དུས་ཐོག་ཏུ་ལན་འདེབས་དང་ལྟ་ཀློག་ཐུབ་མ་སོང་། ཨོ་རེད། མཁྱེན་ལྡན་མ་ཞེས་པའི་ཆེ་བསྟོད་ཀྱི་ཚིག་དེ་ངའི་མིང་གི་མགོར་དངོས་གནས་མི་མཛའ་བ་བྱུང་སོང་། གང་ཡིན་ཟེར་ན། ད་དུང་མཁྱེན་ལྡན་མའི་ཚད་གཞི་དང་མཁྱེན་ལྡན་མ་ཞིག་གི་གྲུབ་འབྲས་གང་ཡང་མེད་སྟབས། ཉིད་ཀྱིས་དེ་ལྟར་མི་འབོད་པའི་རེ་སྐུལ་ཡང་ཟུར་དུ་བཏོན་པ་ཡིན་ལགས། གང་ལྟར། ཉིད་ཀྱི་བསམ་ཕྱོགས་ལྟར་ན། ངེད་གཉིས་དཔུང་བ་མཉམ་གཤིབ་དང་གོམ་པ་མཉམ་བསྐྱོད་ཀྱི་སྒོ་ནས། གསར་བརྗེ་གསར་གཏོད་ཀྱི་ལམ་དུ་བསྐྱོད་འདུན་ཡོད་པ་དེ། སེམས་བསམ་པའི་གཏིང་རིམ་ནས་དགའ་སོང་བདེ་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་ང་རང་ཡིན་རུང་། བོད་ཀྱི་ཁོར་ཡུག་དང་རིག་གནས་ཀྱིས་སྐྱེད་སྲིང་བྱས་པའི་མི་ཙམ་ཞིག་ཏུ་ཟད་ཀྱང་རུང་། ད་ལྟའི་ཁོར་ཡུག་གི་འགྱུར་ལྡོག་དང་རིག་གནས་ཀྱི་འཕེལ་ཕྱོགས་སོགས་གང་ལ་གཞིགས་ཀྱང་བསམ་རུང་། ངེས་པར་དུ། གསར་བརྗེ་གསར་གཏོད་ཀྱི་ལམ་བུ་ཞིག་བཏོན་དགོས་པའི་ཚད་ལ་སླེབས་ཡོད་པར་འདོད་མཁན་ཞིག་ཡིན། གང་གིས་ཟེར་ན། ང་ཚོ་བོད་མི་རིགས་ཀྱི་ཁྱད་ནུས་དང་སྟོབས་ཤུགས་དེའང་མི་རིགས་ཧྲིལ་བོ་ལ་དབང་དགོས་པ་ཞིག་ཡིན་ཀྱང་། ད་སྐབས། མི་གཅིག་གི་ཐོག་ཏུ་སྤུངས་གང་ཐུབ་བྱེད་ཀྱིན་པའི་རྣམ་འགྱུར་ལ་བལྟས་ཡོང་ན། ཧ་ལས་ཤིང་ཧང་སངས་དགོས་པའི་གནས་བབ་ཅིག་མ་རེད་དམ།

རྔ་བ་ཚེ་སྐྱིད། * བཀུར་འོས་དྲ་གྲོགས་ལྷག་བསམ་ལགས། དེ་རིང་ངས་སྐད་ཆ་དྲང་མོར་བཤད་ཀིན་ཡོད། ལ་རྩེ་དཔེ་མཛོད་ཁང་གིས་གོ་སྒྲིག་བྱས་པའི་《སྙིང་གི་ཚི་ལུ་》ཞེས་པའི་བརྗོད་གཞིའི་གཤམ་དུ་མཆན་འདེབས་པ་ཚང་མའི་ནང་ནས། བུ་མོ་ངའི་ཡིད་སེམས་ཅུང་འདར་དུ་འཇུག་མཁན་ནི། དྲ་གྲོགས་གཞོན་ནུ་ཟླ་མེད་ལས་གཞན་སུ་གང་བྱུང་མ་སོང་། དེའི་རྒྱུ་མཚན་ཡང་། ཁ་ཅིག་གིས་ངས་གང་བཤད་ཀྱིན་པའི་དོན་དག་ལ་མི་བལྟ་བར་ངའི་མིང་དེ་གཙོ་འདོན་བྱེད་ཀི་འདུག ཡང་ཁ་ཤས་ཀྱིས་འབྲེལ་མེད་དོན་གཞན་རྐྱང་རྐྱང་གིས་བཀང་ཡོང་གིན་འདུག རེ་འགས་ལུང་མ་ལུང་གིས་གཏམ་རེ་འཕྲོས་བཤད་བྱེད་ཀྱིན་འདུག་སྟབས། འདི་ཚོ་ཚང་མས་ཡིད་སེམས་མ་དགོས་མིག་ལྡེབ་ཙམ་ཡང་འགུལ་ཐུབ་མ་སོང་།

གཞོན་ནུ་ཟླ་མེད། * དྲ་གྲོགས་ཚེ་སྐྱིད་ལགས་ཀྱི་བསམ་ཚུལ་དེ་ཚོ་སེམས་ཤུགས་དང་། རང་དོན་རང་གཅེས་བྱས་ནས་སྒང་བ་བོད་ཀྱི་རྣམ་པ་འགྱུར་བའི་ལམ་ལ་འདེད་ཐུབ་པའི་ཐབས་ལམ་ཞིག་འཚོལ་གྱི་ཡོད་པ་ཤེས། ད་དུང་ཐབས་ལམ་དེ་བཤད་པར་ལྟ་བ་གང་ཡིན་གསལ་བཤད་དང་། དེའི་རྒྱབ་གཞུང་རིགས་པའི་གཞུང་ལུགས་ཞིག་ཡོད་རུང་མེད་རུང་དངོས་ཡོད་ཀྱི་འཚོ་བའི་ཁྲོད་ནས་ར་སྤྲོད། ལམ་ལུགས་སྲོལ་རྙིང་པ་ལ་དགག་རྒྱག་ཚ་ནན། དེ་ཡང་བག་ལ་ཞ་བ་དང་། རྒྱབ་ལ་ཡིབ་པ་ལྟ་བུས་མི་ཕན་པར་མདུན་དུ་ཐོན་དགོས་ངེས་ཞིག་ཡིན་ན་ཡང་། གནས་སྟངས་དང་འཁོར་ཡུག་གི་ཁྲོད་ནས་མདུན་དུ་ཐོན་མི་ཐུབ་ན། ལྟ་བ་ལ་ཁ་གསལ་ཞིག་ངེས་པར་དུ་ཡོད་དགོས་ངེས། དེ་མིན་གསར་བརྗེའི་ལྟ་བའི་མིང་ཙམ་གྱི་ཁ་གཡང་དང་། དེའི་ཕན་འབྲས་དང་ཁྱད་ཆོས་ཁོ་ན་བརྗོད་བསྡད་ན་ཁྱད་གཞི་མེད་པའི་ཁྱད་ཆོས་ཁོ་ནར་སེམས།
སྤྱིར་ང་ལྟ་བུར་མཚོན་ན་ལྟ་བ་བརྗོད་རྒྱུར་རྩ་ནས་མི་དགའ། རྒྱུ་མཚན་ནི་འཛམ་བུ་གླིང་དུ་མི་བསད་པ་མང་ཆེ་ཤོས་ལྟ་བའི་ལམ་ནས་བསད་པ་མང་གི ཧྥ་རིན་སིའི་གསར་བརྗེ། ཨུ་རུ་སུའི་གསར་བརྗེ། ཀྲུང་གོའི་གསར་བརྗེ་སོགས་གསར་བརྗེའི་ཁ་གཡང་འདི་ཚོ་སྙན་མོ་ཡིན་ན་ཡང་། མི་གསོད་དོན་རྐྱེན་ཤིན་ཏུ་མང་གི དེའི་རྐྱེན་གྱིས་ང་ལྟ་བ་བཤད་རྒྱུར་མི་དགའ། འོན་ཀྱང་༼རྙིང་པ་མ་གཏོར་ན་གསར་བ་མི་འབྱུང་༽བའི་ལྟ་ཚུལ་ཐོག་ནས་བཤད་པ་ཡིན་ན་ཡང་། ང་ཚོ་མི་གྲངས་ཉུང་བ། ཁ་ཐོར་གནས་པ། གཞན་དབང་ཡིན་པ། རང་ས་རང་བདག་མིན་པ། འདི་དག་ལ་བསམ་ན་དང་པོའི་ཆ་རྐྱེན་གཅིག་སྟེ་གསར་བརྗེའི་ལམ་ནས་གཅིག་བསྡུ་བྱེད་མི་ཐུབ་པའི་དཀའ་ངལ་དེ་སེལ་ཐུབ་རྒྱུ་མ་རེད་བསམ།

རྔ་བ་ཚེ་སྐྱིད། * བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས། ཉིད་ཀྱི་དགོངས་ཚུལ་ལ། གུས་བརྩི་ཡོད། རྒྱུ་མཚན་ནི། ང་ལ་གསལ་འདེབས་ཀྱི་སྒོ་ནས། དཀའ་ཁག་གི་གནས་སྟངས་ར་སྤྲོད་གནང་སོང་བས་རེད། རེད་དེ། ངས་ཀྱང་ད་ལྟའི་བར་དུ། གནས་སྟངས་དང་འགྱུར་འགྲོས་མང་པོ་ཞིག་ལ་རྒྱུས་ལོན་དང་བརྟག་ཞིབ་བྱས་པའི་འབྲས་བུ་ཟེར་ན་ཆོག་གི། ངོས་འཛིན་ཞིག་བྱུང་བ་ནི། འདི་ལྟར། མུ་ནས་མུ་མཐུད་ནས་སོང་ན། ང་ཚོའི་མི་རིགས་ཀྱི་ཁ་ཕྱོགས་དང་སྟོབས་ཤུགས། དགོས་དམིགས་དང་འཐབ་ཕྱོགས་སོགས་ལ། མིའི་རྣམ་དཔྱད་དང་བློ་གྲོས་ཀྱི་ཤུགས་རྐྱེན་མི་ཐེབས་པར། རེ་སྒུག་དང་སྟོང་བཤད་ཁོ་ནས་འདའ་བར་དོགས་ཀི། དེའི་ཕྱིར་ན། རེ་སྒུག་གི་རྩ་བ་ནི་རེ་བ་བཅོལ་ཡུལ་ལ་ཡིད་ཆེས་ཡོད་དགོས་པ་དེ་རེད་མོད། འོན་ཀྱང་། ང་ཚོའི་ཁ་གཏད་ལ་དེ་ལྟའི་སྤུས་ཚད་ཅིག་མེད་རུང་། ང་རང་ཚོའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བའི་རིགས་མཐུན་བླ་སྤྲུལ་རྣམས་ཀྱིས་ཀྱང་ཆེས་ཛ་དྲག་ཆེ་བའི་ང་ཚོའི་གནས་སྟངས་སྐྱོབ་ཀི་ཡོད་དམ་མེད། ཡང་གཞན་ཞིག་ནས། སྟོང་བཤད་རྐྱང་རྐྱང་གིས་ང་ཚོའི་དུས་ཚོད་དེ་གྲོན་མཁན་མང་བ་དེ་ཡང་ཁ་ཕོ་ཆེ་བ་ལས་དོན་དམ་གྱི་སྤྱི་སེམས་མེད་པ་ལྟ་བུ་རེད། ཨོ་རེད། བསམ་ངོར་འཆར་མ་མྱོང་བ་ཞིག་ཉིད་ཀྱིས་འཆད་ཀྱིན་འདུག གང་ཡིན་ཟེར་ན། གསར་བརྗེ་བའི་མིང་ཙམ་ལ་རྔམ་པ་དང་ལྟ་བ་ཞིག་ཡོད་མདོག་མདོག་བྱས་པ་རྩ་བ་མིན་རུང་། དེ་ལྟར་འཆར་སྣང་བར་ཁག་ཡོད་རྒྱུ་མ་རེད། ཅིག་བྱས་ན། བཤད་སྟངས་དང་འབྲི་སྟངས་མ་འགྲིགས་པ་ཡིན་རྒྱུ་རེད། བྱས་ན། རྗེས་ཕྱོགས་ངས་གཟབ་གཟབ་བྱ་ངེས་ཡིན་ལགས། 《དེའི་ཕན་འབྲས་དང་ཁྱད་ཆོས་ཁོ་ན་བརྗོད་བསྡད་ན་ཁྱད་གཞི་མེད་པའི་ཁྱད་ཆོས་ཁོ་ནར་སེམས།》 ཞེས་པ་དེ་ད་ལྟའི་གནས་སྐབས་སུ་འདྲ་བོ་ཞིག་རེད་དེ། མ་འོངས་པ་ན། དེ་ལྟར་མི་འགྱུར་བའི་ཕྱོགས་སུ་འབད་རྒྱུ་ཡིན་ལ། ལྷག་པར་དུ། ད་སྐབས་བུ་མོ་ང་ལ་མཚོན་ནས་བཤད་ན། ཕྱོགས་སྟོན་དགོས་མཁོ་ཆེ་བ་དང་དེ་ལས་ཀྱང་ལྡོག་ཕྱོགས་ནས་སྐྱོན་བརྗོད་མཁོ་གལ་ཆེ་གི། རིགས་ལམ་གལ་གནད་ཆེན་པོ་ཡིན་ལ་དེ་ལས་ཀྱང་གསར་བརྗེ་བྱེད་སྟངས་ཀྱི་ཐབས་ཚུལ་གལ་ཆེན་རེད། གདོང་གཏུགས་གལ་ཆེན་རེད་ལ་དེ་བས་ཀྱང་སྤྱི་ཡོངས་འགུལ་བའི་གྲ་སྒྲིག་གལ་ཆེན་རེད། ཡ། དེང་གི་དུས་སུ། གསར་བརྗེ་བྱས་ན། ངེས་པར་དུ། དམར་གསོད་དང་དམག་འཁྲུག་བྱེད་དགོས་ཀྱི་རེད་དམ། དེང་སང་ཐབས་ལམ་སྣ་མང་སྤྱད་རྒྱུ་ཡོད་ཀི་བསམ། བདེན་གི་ཡ། ང་ཚོའི་མི་རིགས་ལ་གྲངས་ཉུང་བ་བདེན་དུ་ཆེ་ཡང་གྲངས་ཉུང་བ་དེའང་བག་ཆགས་སྟུག་པོ་ཞིག་གིས་འཁྱུད་པ་གྲངས་མང་མི་རིགས་ཤིག་ལ་བལྟས་ནས་བཤད་ན། ཚབས་ཆེན་རྫོབ་ཆེན་ཞིག་རེད། འདིའི་གནས་སྟངས་རྗེས་ཕྱོགས་གསལ་བོ་བཟོ་རྒྱུ་ཡིན། ཁ་ཐོར་ཡིན་རུང་སེམས་བསམ་པ་ཆིག་སྒྲིལ་བྱེད་སྟངས་མང་པོ་ཞིག་ཡོད་ཀི་རེད། དཔེར་ན། ཨུ་ཟེ་རལ་གྱི་འཐབ་རྩོད་བྱེད་ཕྱོགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་གཟིགས་དང་གསལ་བོ་རང་ཤུགས་ཀྱིས་ཆགས་མི་ཡོང་ངམ། ད་སྐབས་གནས་སྡོད་བྱེད་ས་ཁ་ཐོར་ཡིན་པ་མ་ཟད། མི་རིགས་ཀྱི་འདུ་ཤེས་གསལ་བོ་མེད་པ་དང་ངོས་འཛིན་རབ་རིབ་ཡིན་པ་སོགས་ཀྱི་ལེ་ལན་སུ་གང་ཞིག་བཀལ་དགོས་པ་རེད་དམ། འདི་ནི། ཆོས་ལུགས་དང་འབྲེལ་བའི་ཤུགས་རྐྱེན་དང་ངོས་འཛིན་སོགས་ཀྱིས་ཤན་ཞུགས་ཐེབས་པ་རེད། དེ་འདྲ་ཡིན་དུས། འདི་ཚོའི་རིགས་དེ་རྙིང་བརྗེ་གསར་གཏོད་ཀྱི་ལམ་ལ་འཇོག་དགོས་པ་རེད། གཞན་དབང་ཡིན་པ་དང་རང་ས་རང་བདག་མེད་པ་ནི། ང་ཚོའི་མི་རིགས་ལ་དཀའ་རྙོག་ཡོད་པའི་གནས་སྟངས་ལ་འགྲེལ་བཤད་བྱེད་སྤྱད་ཀྱི་ཕན་ནུས་ཤིག་ཐོན་པ་ལས། གསར་བརྗེ་དང་གསར་གཏོད་བྱེད་ཕྱོགས་ལ་སྡུག་ཕྱོགས་ཀྱི་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མ་བསམ་གི།

གཞོན་ནུ་་ཟླ་མེད། * རེད་ཡ། གསར་བརྗེ་ཡོངས་སུ་རྫོགས་པར་མི་གསོད་ཁྲག་སྦྱོར་དེ་འདྲ་དགོས་ངེས་ཞིག་ཀྱང་མ་རེད། དཔེར་ན་༧གོང་ས་མཆོག་གིས་སྔར་གྱི་བླ་མའི་རྒྱལ་ཁབ་འདི་ཉིད། རིམ་གྱི་མང་གཙོ་རྒྱལ་ཁབ་ཀྱི་ཕྱོགས་སུ་ལེགས་བཅོས་བྱེད་བཞིན་པ་འདི་ཡང་གསར་བརྗེ་ཞིག་ཡིན་ན་ཡང་། འདི་བརྒྱུད་རིམ་ཞིག་གི་ལམ་ནས་འོང་བ་ཡིན་པས། མི་མང་ནང་དུ་བརྡབ་བསིག་མེད་པ་རེད། འོན་ཀྱང་དེང་སང་གི་གསར་བརྗེ་བ་དག་ལ་འདི་ལྟ་བུའི་གསར་བརྗེས་བློ་ཁ་ཁེངས་གི་མེད་པ་རེད། འདི་ལྟར་རིམ་གྱི་གསར་བརྗེ་བྱས་པས་བློ་ཁ་ཁེངས་གི་མེད་པ་རེེད། དེང་སང་གི་གསར་བརྗེ་བ་དག་གིས་ ༧གོང་ས་མཆོག་གིས་གསར་བརྗེ་གནང་སྟངས་དང་། འབྲུག་རྒྱལ་ལྡན་རྒྱལ་ཁབ་ཀྱི་གསར་བརྗེ་གནང་སྟངས་དེས་བློ་ཁ་ཁེངས་ཀི་ཡོད་པ་མ་རེད། ཧོབ་དེ་ལྭ་བ་གསར་རྙིང་བརྗེས་པ་ལྟར། ལུགས་སྲོལ་ཡོངས་སུ་རྫོགས་པ་བརྗེ་བོ་བརྒྱག་དགོས་ཀི་ཡོད་པ་རེད། དེ་ནི་ངས་བསམ་ན་ཉེན་ཁ་ཅན་ཞིག་རེད། ཀྲུང་གོའི་སྲིད་འཛིན་ཏིང་ཞོ་ཕིན་གྱིས་ཨུ་རུ་སིའི་སྐབས་གཉིས་པའི་གསར་བརྗེ་ལ་དགག་པ་རྒྱག་གི་ཡོད། དེ་ཡང་གྷོར་པ་ཆོ་ཧྥུ་སྲིད་འཛིན་དུ་ལངས་སྐབས། བློ་བུར་དུ་སྔར་ཡོད་དམར་ཕྱོགས་ཀྱི་གཞུང་དེ་མང་གཙོ་ལམ་དུ་བརྗེ་བོ་བརྒྱབ་པ་ན། སྔར་ལོ་རྒྱུས་ཐོག་གི་རྒྱལ་ཕྲན་མང་པོ་ཞིག་རང་རང་སར་ཐོར་གཤིག་ཏུ་སོང་བ་དང་། དེ་བཞིན་དུ་མོ་སུ་ཁོ་གཞུང་ལ་མཚོན་ན་ཡང་མང་གཙོའི་ལམ་ནས་མི་མང་ལ་ཞབས་འདེགས་ཞུ་བ་དང་། སྲིད་གཞུང་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་རྣམ་བཞག་ཞིག་བློ་བུར་དུ་ཆགས་མ་ཐུབ་པའི་རྐྱེན་གྱིས། སྔར་གྱི་སྲིད་གཞུང་སྟོབས་ཤུགས་ཅན་དེ་ནུས་མེད་ཉམས་ཞེན་དུ་གྱུར་ཡོད་པ་རེད། དེ་ལྟ་བུའི་ལོ་རྒྱུས་ཞིག་མི་འབྱུང་བའི་ཆེད་དུ་ཀྲུང་གོའི་སྲིད་འཛིན་ཏིང་ཞོ་ཕིན་ནས་གནམ་སྡེ་སྒོ་མོ་ཆེའི་སློབ་ཕྲུག་བརྒྱ་ཕྲག་གསོད་པའི་དོན་རྐྱེན་དེ་སྐྲུན་མྱོང་བ་ཞིག་རེད། མ་རེད་དམ། ངས་བསམ་ན་ཏིང་ཞོ་ཕིན་གྱིས་གསར་བརྗེ་ལྟ་བ་དེས་དམར་ཕྱོགས་ལ་ཁྲག་དམར་གཅིག་ཀྱང་མ་འཛེགས་པར་བཅོས་བསྒྱུར་བྱས་ཡོད་ན་ཡང་། ཤིན་ཏུ་མགྱོགས་པའི་ལམ་ནས་བཅོས་བསྒྱུར་བྱེད་པའི་ལྟ་བ་གང་ཐུབ་བཀག་ཡོད་པ་རེད་བསམ། དེང་སང་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱི་ཕྱོགས་སུ་བསྐྱོད་བཞིན་པ་འདི་ནི་ཀྲུང་གོ་བ་ཚོས་བཤད་ན༼མོའོ་ཙེ་ཏུང་མེད་ན། ཀྲུང་གོ་གསར་བ་མེད༽ཅེས་ངེས་འཛིན་བྱེད་ཀྱི་ཡོད་ན་ཡང་། ངས་བསམ་ན་ཏིང་ཞོ་ཕིན་དེ་ཀྲུང་གོ་གསར་བའི་རྩ་བ་ཞིག་རེད་འདོད། དེ་བས་ན་ངས་བསམ་བཞིན་པ་ནི་མོའི་བྱེད་སྟངས་ཐད་ན་ང་ཚོ་བོད་པ་ལ་ལེན་རྒྱུ་གང་ཡང་མེད་ན་ཡང་། ཏིང་ཞོ་ཕེན་གྱི་ལྟ་བའི་ཐད་ན་ང་ཚོ་བོད་པ་ལ་ལེན་རྒྱུ་ཤིན་ཏུ་མང་པོ་ཞིག་ཡོད་པར་འདོད།

རྔ་བ་ཚེ་སྐྱིད། * བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས། དགོངས་འགལ་མེད་པར་ཞུ། ཉིད་ཀྱི་ལན་དེ་རྗེས་ནས་ཞུ་ཆོག་གྱིས། གང་ཡིན་ཟེར་ན། གཅིག་ནས་སྔོན་མའི་གསར་བརྗེ་བྱེད་སྟངས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་དགོས་པ་དང་། གཉིས་ནས་དེང་གི་གསར་བརྗེ་བྱེད་ཕྱོགས་ཀྱི་ཐབས་ཚུལ་འདོན་དགོས་པ་མ་ཟད། གོ་དོན་དང་འཇུག་རིམ་ལ་ཕྱོགས་སྟོན་ལྟ་བུ་ཞིག་དགོས་པར་མཐོང་། གསུམ་ནས་གཞུང་ལུགས་ཀྱི་རྒྱབ་ལྗོངས་སྟོན་པའི་ཐོག་ལ། ལག་ལེན་གྱི་གྲུབ་འབྲས་ཡང་གང་འཚམ་མངོན་ལྟ་བུ་འདུག བཞི་ནས་ཉིད་ཀྱིས་ཞིབ་འཇུག་དང་ལོ་རྒྱུས་བྱེད་ཕྱོགས་དེ། གཏིང་ཟབ་ཅིང་གསལ་ཁ་ཆེ་སྟབས་སླ་བོའི་ཐོག་ནས་ལན་ཞིག་བྲིས་ཀྱང་རུང་དོན་དག་ཆེར་མཐོང་མ་བྱུང་། ལྔ་ནས་ད་སྐབས་བོད་རང་ལ་གསར་བརྗེ་གང་ཞིག་བྱེད་དགོས་པ་དང་བྱེད་སྟངས་དེ་ཡང་གསལ་འདོན་གནད་འགག་ཅིག་མཐོང་བྱུང་། དྲུག་ནས་རྒྱ་ནག་རྒྱལ་ཁབ་ཀྱིས་གཙོས་གསར་བརྗེ་བྱེད་སྟངས་དང་དེས་བཞག་པའི་ཤུགས་རྐྱེན་གྱིས། ད་ལྟའི་བགྲོད་ལམ་དེ་གང་ཞིག་ཏུ་བསྐྱལ་ཡོད་མེད་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱེད་དགོས་པའང་ཤེས་བྱུང་། བདུན་ནས་འདི་ནི། རྩེད་མོ་ཙམ་ཞིག་དང་མཚར་སྣང་ཙམ་གི་ངོ་བོར་བཞག་ན། ངོས་འཛིན་མ་འགྲིགས་པའི་སྐྱོན་ཞིག་ཡོང་བས་ན། ངེས་པར་དུ། ཞིབ་འཇུག་ཟབ་མོའི་སྒོ་ནས་ཤེས་རྟོགས་དང་ལག་ལེན་གྱི་ཐོག་ནས་འགྲོ་བ་ལས་སྤྱིར་བཏང་ཙམ་ཞིག་གིས། གསར་བརྗེ་དང་གསར་གཏོད་ཀྱི་དོན་སྙིང་སྔོག་ཐུབ་ཀྱི་མ་རེད། དེས་ན། ད་ནས་བཟུང་ངས། ངའི་བློ་རིག་བསྒྲིམས་ནས། རྣམ་དཔྱོད་བཏོན་ནས། ཐབས་ཚུལ་སྤྱད་ནས། ལག་ལེན་བསྟར་ནས། འཇུག་རིམ་བསྟན་ནས། ཡུན་གྱིས་ངའི་ལྟ་ཚུལ་དང་ལངས་ཕྱོགས་དེ་གསལ་ཐང་ཐང་བཟོ་ཕྱོགས་ལ་འབད་འབུངས་བྱ་རྒྱུ་ཡིན་ལགས། བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས། དེང་སང་གི་དུས་འདིར། ཉིད་ཀྱིས་བསྙད་པ་ལྟར། གསར་བརྗེ་བྱེད་ཕྱོགས་ནི། དེ་འདྲ་ཞིག་ཡིན་རྒྱུ་རེད་ལ། དགོས་པ་ཞིག་ཀྱང་རེད། དེའི་རྒྱབ་ལྗོངས། ཞི་བདེ་དང་འཆམ་མཐུན་གྱི་དུས་རབས་ཤིག་བསྐྲུན་བཞིན་ཡོད་པས་རེད། རེད་དེ། བོད་ཀྱི་གསར་བརྗེ་བྱེད་ཕྱོགས་ནི། ཡིད་ཆེས་དང་དད་པས་སྐྱེད་སྲིང་བྱེད་བཞིན་པ་ལྟ་བུ་རེད། དེ་ནི། ཕྱི་ནས་བལྟས་ན། རྣམ་འགྱུར་ལེགས་པོ་ཞིག་ཡིན་ཡང་། དོན་དངོས་སུ། སྤྱི་དམངས་ཀྱིས་རྨང་གཞི་བཏང་བ་ཞིག་མ་རེད། དེ་ལྟར་ཡིན་སྟབས། ཡོངས་ཁྱབ་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད་པ་མ་རེད། གང་ཡིན་ཟེར་ན། མི་གཅིག་གི་རྣམ་དཔྱོད་ཀྱིས་བཏོན་པའི་སྤྱི་འཆང་ཞིག་ཡིན་ཀྱང་རུང་། བོད་མིའི་རིགས་སུ་གྱུར་པ་ཚང་མའི་དགོས་མཁོ་དང་འཚམ་མིན་སོམ་ཉིར་ཚུད་ཡོད་པ་རེད། དེའི་རྒྱུ་མཚན་ཡང་། བོད་འབངས་ཚང་མ་དེ་ལྟར་ངོས་འཛིན་མཐོན་པོ་ཞིག་གི་ཚད་གཞིར་སླེབས་ཨེ་ཡོད་དམ། གང་གིས་ཕྱིར་ན། བོད་མི་ཚང་མའི་བསམ་བློའི་ཁ་ལོ་བ་ནི། ཆོས་ལུགས་དང་འབྲེལ་བའི་རིག་གནས་རྐྱང་རྐྱང་ཡིན་པ་རེད། བྱས་ན། བོད་ཀྱི་གསར་བརྗེ་བྱེད་སྟངས་ཀྱི་ཁ་ཕྱོགས་གང་ཞིག་ལ་དམིགས་དགོས་སམ། ལྷག་པར་དུ། ཉེན་ཁ་དང་བློས་བཏང་མ་བརྒྱུད་པར་གསར་བརྗེ་དང་གསར་གཏོད་ཀྱི་ཆ་ཇི་ལྟར་བྱས་ནས་བསྐྲུན་དགོས་པ་རེད་དམ། བུ་མོ་ངའི་བསམ་ཕྱོགས་ལྟར་ན། བསྐྱངས་དང་སྐྱོང་བཞིན་པའི་རིག་གནས་ཤིག་དང་དེའི་ཁ་ཕྱོགས་ལ། གཡོ་འགུལ་གཏོང་དུས་འཕངས་སེམས་རེ་སྐྱེ་མི་སྲིད་པ་མིན། དེ་ནི། རིགས་ཞེན་གྱི་ཆ་འདྲེས་ཡོད་ཅིང་། གཙོ་བོ་དངངས་སྐྲག་ཅིག་གིས་འདེད་ཀྱིན་པའི་ཡིན་རྒྱུ་རེད། ད་དུང་། འདས་པའི་གསར་བརྗེ་བྱེད་སྟངས་མང་པོ་ཞིག་ནི། སྲིད་གཞུང་དང་མི་དམངས་ཚང་མ་སྡུག་སྤྱར་ཅིང་བཙན་སྐུལ་ཏག་ཏག་གིས་བདས་སོང་བས་ན། ད་སྐབས་ཀྱང་། གསར་བརྗེ་ཡི་གོ་བ་ལེན་ཕྱོགས་དང་འཇུག་སྟངས་སོགས་དེ་བཞིན་ཡིན་རྒྱུ་རེད་སྙམ་པས་རེད། འདི་ནི་མ་ཤེས་པ་ཉག་ཅིག་རེད། དེང་སང་ཡང་འགྲོ་ཕྱོགས་ཤིག་དང་ཐབས་ལམ་དམིགས་བསལ་བ་ཞིག་ཡོད་པར་མཐོང་།

གཞོན་ནུ་ཟླ་མེད།* རྔ་བ་ཚེ་སྐྱིད་ཀྱི་མཆན་ཞིག་ཏུ་༼ ང་ཚོ་བོད་མི་རིགས་ཀྱི་ཁྱད་ནུས་དང་སྟོབས་ཤུགས་དེའང་མི་རིགས་ཧྲིལ་བོ་ལ་དབང་དགོས་པ་ཞིག་ཡིན་ཀྱང་། ད་སྐབས། མི་གཅིག་གི་ཐོག་ཏུ་སྤུངས་གང་ཐུབ་བྱེད་ཀྱིན་པའི་རྣམ་འགྱུར་ལ་བལྟས་ཡོང་ན། ཧ་ལས་ཤིང་ཧང་སངས་དགོས་པའི་གནས་བབ་ཅིག་མ་རེད་དམ།༽ འདི་འདྲ་ཞིག་བཀོད་འདུག འདི་ལ་ངས་བསམ་བློ་མང་པོ་བཏང་བ་ཡིན། མཆན་ཡང་མང་པོ་བྲིས་པ་ཡིན། འོན་ཀྱང་མཆན་ཐེངས་རེ་བྲིས་ཚར་བའི་རྗེས་སུ། དེ་མ་ཐག་ཏུ་བསུབ་པ་ལས་དྲ་ལམ་ཏུ་བཀོད་ཐུབ་མ་སོང་། ངས་དྲ་ལམ་ཏུ་བཀོད་མ་ཐུབ་པའི་རྒྱུ་མཚན་ཡང་ང་རང་གིས་སྐད་ཆ་འདི་ཁ་ཕྱོགས་ཡག་པོ་ཞིག་མ་རྙེད་པའི་རྒྱུ་མཚན་གྱི་ཡིན། འདི་གང་ཞིག་ལ་དམིགས་ནས་བཤད་ཀྱི་ཡོད་མེད་མ་ཤེས་པའི་དབང་གིས་ཡིན། དྲ་གྲོགས་ཞིག་ནས་དེ་སུ་ཞིག་ལ་དམིགས་ནས་བཤད་ཀྱི་ཡོད་མེད་དྲི་བ་བཀོད་སོང་མོད། ཚེ་སྐྱིད་ལགས་ཀྱིས་མ་མཐོང་བའི་ཚུལ་བཟུང་ནས་གསལ་ཁ་བཏོད་མ་སོང་། ད་ནི་ངས་སྔ་རྒོལ་གྱི་འདོད་པ་བསུ་ནས་ལན་འདེབས་བྱ་འདོད་མོད། སྔ་རྒོལ་གྱི་འདོད་པ་བསུ་ནས་བྲིས་ན་སྔ་རྒོལ་གྱི་འདོད་པར་འགྲོ་མིན་མི་ཤེས་ན་ཡང་། དེ་ལས་ལྷག་སྔ་རྒོལ་ཡང་དམར་སྲུང་དམག་སྡེར་མ་ཞིག་ཡིན་པའི་ཆ་ནས་གསལ་ཁ་བཏོད་ཐུབ་ཀྱི་མི་འདུག དེ་མིན་གསར་བརྗེ་དང་གསར་བརྗེ་ཟེར་བའི་ཚིག་དེ་ཚོ་བར་སྣང་ནས་འཁོར་བསྡད་ན་དོན་ཐོག་ལ་འབབ་ཐུབ་ཀྱི་མི་འདུག བོད་ཀྱི་སྤྱི་ཚོགས་ཐོག་ལ་འབབ་ཐུབ་ཀྱི་མི་འདུག གང་ཞིག་གསར་བརྗེ་བྱེད་དགོས་པ། ཇི་ལྟར་གསར་བརྗེ་བྱེད་དགོས་པ། དེའི་ཚབ་ལ་ཅི་ཞིག་འཛུགས་དགོས་པ། ཆོས་ལུགས་དེ་གསར་བརྗེ་བྱེད་དགོས་ཟེར་བ་དེ་གོ་གི་འདུག འོན་ཀྱང་དེ་ཡང་ཁ་གསལ་མ་རེད། དཔེར་ན་བོད་ཀྱི་སྤྱི་ཚོགས་ནང་དུ་ཆོས་ལུགས་རྩ་མེད་གཏོང་དགོས་ཁྱོད་ཀྱིས་ཀྱང་ཟེར་གྱི་མེད་པ་འདྲ་འདུག་ལ། གལ་ཏེ་གཏན་མེད་བཟོ་ཐུབ་ཀྱི་ཡང་མ་རེད་ལ། བཟོས་རུང་དགེ་མཚན་ཡང་མེད་པ་རེད། དེ་མིན་བོད་སྤྱི་ཚོགས་ནང་དུ་ཆོས་ལུགས་བྱེད་སྟངས་ཀྱི་ལུགས་སྲོལ་ཁ་ཤས་འགྲིག་གི་མི་འདུག་ཟེར་ནས་བསམ་འཆར་འདོན་བཞིན་ཡོད་ན། དེ་ལུགས་ཀྱི་གསལ་ཁ་བཏོད་ནས་འགྱུར་བ་གཏོང་ལུགས་སོགས་ཐབས་ལམ་སྟོན་པ་གལ་ཆེན་དུ་མཐོང་།

Tibetan girl * གཞོན་ནུ་ཟླ་མེད་དང་རྔ་བ་ཚེ་སྐྱིད་གཉིས་ལ། གསར་བརྗེ་བྱེད་ན། ཐོག་མར་དགོན་པ་གསར་པ་རྒྱག་རྒྱུ་མཚམས་འཇོག་རྒྱུ། ལྷ་སྐུ་དང་མཆོད་རྟེན་གསར་པ་བཞེངས་རྒྱུ་མཚམས་འཇོག་རྒྱུ། སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་མཚམས་འཇོག་རྒྱུ། དེ་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་འབོར་ཆེན་གཏོང་ཡོང་ཕྱོགས་ལ་གསར་བརྗེ་ཡོང་བ་དང་། གྲྭ་པ་དང་སྤྲུལ་སྐུ་དག་འདུལ་ཁྲིམས་ཀྱིས་བཅོས་སྒྲིག་ཞུབ་ནན་དང་ཁྱིམ་པ་དང་གནས་སྒོ་ཐ་དད་དུ་བཟོ་རྒྱུ། ཁོང་ཚོའི་དཔལ་འབྱོར་ལམ་ལུགས་དང་སྒྲིག་གཞི་སོགས་དམ་ཆོས་འདུལ་བར་གཏུགས་ཐུབ་པ་དང་། ཁོང་ཚོར་ཁྱིམ་པ་དང་ཡང་ན་མི་ནག་བཟོ་རྒྱུར་ཐག་གཅོད་གཙང་མ་བྱེད་འཇུག་རྒྱུ་མ་ཟད། ཆོས་ཁོ་ན་མ་གཏོགས་ཁྱིམ་པ་གཏན་ནས་འབྲེལ་མེད་གཏོང་རྒྱུ། གང་ཡིན་ཟེར་ན། ཁོང་ཚོ་ཁྱིམ་ལ་ངེས་པར་འབྱུང་ནས་ཁྱིམ་དང་སྒོ་ཀུན་ནས་བྲལ་བར་ཁས་ལེན་བྱས་པ་རྫུན་མར་མ་འགྲོ་བའི་ཆེད་དང་། འདིས་ཁྱིམ་པ་དང་ཁྱིམ་འདོར་བའི་གྲྭ་པ་གཉིས་ཀྱི་འགྲོ་གནས་སྤྱོད་གསུམ་ཐད་གསར་བརྗེ་ཆེན་པོ་ཞིག་ཡོང་ཐུབ། ཆབ་སྲིད་པ་དང་རིག་གཞུང་སྨྲ་པ། མཚན་ཉིད་རིག་པ། ཆོས་ལུག་མཁས་པ། སྒྱུ་རྩལ་པ་སོགས་རང་སར་འཇོག་དང་རང་གནས་རང་སྤྲོད་ལས། གཅིག་ཚབ་གཅིག་དང་གཅིག་གིས་ཀུན་བྱེད་པའི་ལམ་སྲོལ་མཚམས་འཇོག་རྒྱུ། དེས་ཆེད་ལས་དང་ཆེད་མཁས་ཀྱི་སྒོ་ཡངས་པོར་བྱེད་ཐུབ་རྒྱུ་ཡིན། དེ་ལ་བརྟེན་ནས་མོ་འདེབས་པ་དང་ལྷར་འདྲི་བའི་རྨོངས་པ་ལས་ངེས་པར་འདྲོངས་པའི་སྒོ་འབྱེད་ཐུབ་པ་ཡོང་། ད་དུས་ཚོད་མེད་ཀི་སང་ཉིན་མུ་འཐུད་བྲིས་ཆོག

གཞོན་ནུ་ཟླ་མེད། * གསར་དུ་སླེབས་པའི་དྲ་གྲོགས། Tibetan girl ལགས་ལ། སྐུ་ཉིད་ཀྱི་བསམ་ཚུལ་ཁ་གསལ་བོ་རེད། ཐུགས་རྗེ་ཆེ་ཞུ། འོན་ཀྱང་ཁྱེད་ཀྱི་བསམ་ཚུལ་དེ་དགོན་པ་གསར་བརྗེ་ཙམ་ལས་བོད་སྤྱི་ཡོངས་གསར་བརྗེ་ཕྱོགས་ལ་གང་ཡང་ཕན་གྱི་མི་འདུག བཙན་བྱོལ་གནས་སྟངས་འོག་གི་དགོན་པ་ཁག་དང་འབྲེལ་བའི་གནས་ཚུལ་ལ་བལྟས་པ་ཡིན་ན། དགོན་པའི་ལས་བྱེད་ཁོ་རང་ཚོས་ཕྱི་ཕྱོགས་སུ་བསྐྱོད་པ། ཚོང་ལས། ཞིང་ལས། བཟོ་ལས་སོགས་སྣ་ཚོགས་པའི་ཐབས་ལམ་ལ་རྟེན་ནས་རང་འཚོ་བྱེད་པ་ལས། བོད་གཞུང་འབངས་གང་ལ་ཡང་དཔལ་འབྱོར་ཐོག་ནས་བསྡུ་ལེན་བྱེད་ཀྱི་མེད་པས་གྱོང་མེད་ཀི དེར་མ་ཟད་ཁྱེད་ཀྱི་དེ་འབྲེལ་དཔལ་འབྱོར་གསར་བརྗེ་ཟེར་བ་དེ་ཡང་སྟོང་པ་ཞིག་རེད། ཕྱི་ཕྱོགས་ན་དགོན་ཁག་དག་གི་ཆོས་ཚོགས་དང་ལས་བྱེད་ལ་བརྟེན་ནས་བོད་གཞུང་དཔལ་འབྱོར་འཚོལ་བསྡུ་དང་རོགས་དངུལ་འཚོལ་བསྡུ་སོགས་བྱེད་པ་འདི་དག་ལ་བལྟས་ན། ཁྱེད་ཀྱི་བཤད་པ་དེ་དག་བོད་གཞུང་གི་རོགས་དངུལ་དང་། དགོན་ཁག་ཚོའི་མ་དངུལ་འཁོར་བསྐྱོད་དང་ཡོངས་ཁུངས་སོགས་མ་ཤེས་པའི་བབ་ཅོལ་ཙམ་ལས་ཅང་མི་འདུག དེ་ནས་ཁྱོད་ཀྱིས་བཤད་བཞིན་པའི་དོན་ཚན་འོག་མ་དག་ལ་ངོས་ལེན་ཡོད། འོན་ཀྱང་གྲྭ་བའི་ཁྲོད་ན་ཆབ་སྲིད་པ་རེ་ཟུང་ལས་མེད་པས་དེ་དག་མེད་ནས་བོད་ལ་ཁེ་སང་ཆེ་ན་དེ་ལྟར་བྱེད་འོས། ལར་དགེ་འདུན་པའི་སྡེ་ལ་ཞུ་དག་དམིགས་བསལ་གཏོང་མ་དགོས་པར་ཇེ་ཉུང་ལ་འགྲོ་རྒྱུ་རེད། བོད་ལ་མཚོན་ན་བྱིས་པ་གཅིག་གཉིས་ལས་སྐྱེས་མི་ཆོག་པའི་ཆབ་སྲིད་དེའི་འོག་ནས་ང་ཚོའི་མི་རབས་འདིར་དགེ་འདུན་པའི་སྡེ་དེ་བལྟས་བལྟས་ལ་ཉུང་རུ་འགྲོ་བཞིན་པས། ཁྱེད་ཀྱི་ཐུགས་ཁྲལ་དེ་གནང་དགོས་དོག་མི་འདུག

Tibetan girl* དྲ་གྲོགས་གཞོན་ནུ་ཟླ་མེད་ལགས། ཡོ་རོབ་ཀྱི་གསར་བརྗེ་སྣ་མང་ལ་བརྟེན་ནས་འཛམ་གླིང་ངམ་ཨེ་ཤ་ཡ་ལ་གསར་བརྗེའི་ལས་འགུལ་གང་ཞིག་བསླངས་པའམ། ཡང་ན་ཡོ་རོབ་ཀྱི་གསར་བརྗེའི་ཆ་ཤས་ཤིག་ཏུའང་བརྩི་ཆོག གང་ལྟར་གསར་བརྗེ་དེ་དག་གི་རྩ་བའི་ནང་དོན་དེ་ཆོས་ལུགས་དང་སྤྱི་ཚོགས་བར་གྱི་འབྲེལ་བའི་ཐད་ཀྱི་གསར་བརྗེ་ཞིག་དང་། དཔལ་འབྱོར་ཐོག་གི་ལམ་ལུགས་སྟེང་འོག་བརྗེས་པའི་གསར་བརྗེ་ཞིག་རེད། གང་ལྟར་ལབས་འདོད་པ་ནི་གསར་བརྗེའི་མ་རྩ་དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་ལ་ཐུག་ཡོད། ཟླ་མེད་ལགས། ངས་ཚོད་དཔག་བྱས་ན་བོད་ཀྱི་དཔལ་འབྱོར་གཏོང་ས་གཙོ་བོ་དགོན་པ་དང་སྤྲུལ་སྐུ་རེད་ལ་ཁོང་ཚོ་བོད་ཀྱི་དཔལ་འབྱོར་ཁེ་ལེན་གྱི་བདག་པོ་རེད། ང་འགྲོ་མྱོང་བའི་ས་ཆ་ཁ་ཤས་སུ་མང་ཚོགས་ཚོ་དགོན་པའི་མང་ཇ་དང། སྤྲུལ་སྐུའི་བརྟན་བཞུགས་སོགས་ཀྱི་འོག་མགོ་གཏན་མེད་འཇོག་བཅུག་གི་མེད་པ་མཐོང་མྱོང་། ས་ཆ་འགའ་ཤས་ནས་ལོ་རེར་ཁོང་ཚོའི་སྤྲུལ་སྐུ་ལ་རྒྱ་ནག་སྒོར་མོ་ཁྲི་ཚོ་ཉིས་བརྒྱ་ལྷག་འབུལ་གྱིན་ཡོད་ཟེར། འོན་ཀྱང་ཁོངཚོའི་མི་འབོར་ཧ་ཅང་གི་ཉུང་ཉུང་ཞིག་རེད། ད་དུང་ཁོང་ཚོའི་དགོན་པར་ལོ་རེར་མང་ཚོགས་ནས་ཞབས་རིམ་སོགས་བཅོལ་བའི་ཡོང་སྒོ་རྒྱ་ནག་སྒོར་མོ་ཁྲི་ཚོ་དྲུག་བརྒྱ་ལྷག་འདུག་ཟེར། འོན་ཀྱང་ཁོང་ཚོའི་བུ་ཕྲུག་སློབ་གྲྭར་གཏོང་བའི་འགྲོ་སོང་མེད་རབས་ཟེར། མ་ཟད་ཁོང་ཚོའི་དཔལ་འབྱོར་ཐད་ཀྱི་ཚོང་ལས་པ་ཚོར་དཔལ་འབྱོར་ཉམས་ཉེསའོག་་ལོ་རེ་ནས་མར་མར་ཐུར་ཐུར་རེད་ཟེར། ཁོང་ཚོའི་སྤྲུལ་སྐུ་ལ་དེ་ལྟར་དངོས་འབུལ་བྱེད་སྒོས་དོན་ནི་རྒྱུད་སྐུལ་སྣ་ཚོགས་འོག་དེ་ལྟར་མ་ཕུལ་ན་ལྷ་སྡེ་དང་མི་སྡེའི་ཁྲོད་ནས་ནག་ཅན་དུ་ཆགས་པ་དང་། ཆོས་ལ་ལོག་ལྟ་ཅན་དང་སྐུལ་འདེབས་བྱེད་མཁན་དུ་ངོས་འཛིན་དང་སྡུག་དམོད་སྣ་ཚོགས་ཁུར་དགོས་ཡོང་གི་ཟེར། དེ་ལ་བརྟེན་ནས་བོད་ཀྱི་དགོན་སྡེ་དང་སྤྲུལ་སྐུ་ཁག་ནས་དཔལ་འབྱོར་ཐོག་དང་བསམ་བློའི་ཐོག་བཤུ་གཞོག་ཆེན་པོ་བྱེད་ཀྱིན་པའི་ཚོར་བ་བྱུང་།

གཞོན་ནུ་ཟླ་མེད། * tibetan girl ལགས་ལ་ཞུ་འདོད་པ་ནི། དགོན་པའམ་བླ་མ་ག་གེ་མོ་ཞིག་ལ་བསྔོ་རྟེན་ཕུལ་བ། ཞབས་རིམས་སྒྲུབ་འཇུག་པ། དེ་དག་ནི་ཁྱིམ་ཚང་གི་དགོས་མཁོ་ཞིག་གི་དབང་གིས་དགེ་འདུན་པ་དེ་དག་བེད་སྤྱད་ནས་ལས་ཀ་ལས་རུ་བཅུགས་པ་ཞིག་རེད། ཡིན་ད་ཡིན། ལས་ཀ་དེ་དག་ལ་གླ་ཆ་ཅུང་ཟད་ཆེན་པོ་དགོས་པ་རེད། རྒྱུ་མཚན་གང་ཡིན་ཟེར་ན་དགེ་འདུན་པ་དེ་དག་གིས་ལས་ཀ་དེར་དམིགས་བསལ་གྱིས་སྦྱོང་བརྡར་ག་ཚོད་ཞིག་གནང་ཡོད་པ་རེད། ཆོས་གཞུང་དག་ལ་སྦྱང་ནས་ནང་བྱན་ཆུད་པ། ད་དུང་སྔགས་ཕྱོགས་ཀྱི་དབང་དང་གདམ་ངག་བླང་ནས་ཆོས་གཞུང་ནས་བཤད་པ་ལྟར་སྐུ་མཚམ་ལ་བཞུགས་ནས་ཉམས་ལེན་གནང་དགོས་རིགས་ལས་ཀའི་སྔོན་འགྲོ་རེད། ལས་ཀའི་སྔོན་འགྲོ་དེ་ལྟར་བྱེད་དགོས་རིགས་ལ་གླ་ཕོག་མཐོ་པོ་ཡོད་པ་བཤད་མ་དགོས། ཕྱི་རྒྱལ་ན་ཡང་ཁྲིམས་རྩོད་པ་དང་སྨན་པ་སོགས་ལ་གླ་ཆ་མཐོ་ནི་རེད། ཅིའི་ཕྱིར་ཞེ་ན་ལས་ཀའི་སྔོན་འགྲོ་ལ་སློབ་སྦྱོང་མང་པོ་དགོས་པ་དེས་རེད། དེ་མིན་དོན་མེད་དུ་དངུལ་བསྡུ་ལེན་བྱེད་བཞིན་ཡོད་ན་དེ་མ་འགྲིག་པ་རེད། དོན་མེད་དུ་ཞལ་འདེབས་སོགས་གང་ཞིག་གི་ཆེད་དུ། ཅི་ལྟར་བསྡུ་བ་སོགས་ལ་དཔྱད་ནས། སྐབས་དོན་མི་མང་ལ་དགོས་མཁོ་མེད་པ་ཞིག་ཡིན་ན་དེ་ལ་ཞལ་འདེབས་སོགས་བསྡུ་མི་རིགས་ལ་བསྡུ་མི་འོས། འོན་ཀྱང་ངས་བསམ་ཚུལ་ལ་བོད་ཀྱི་ལུགས་སྲོལ་ཟེར་ན་འདྲ། གང་ལྟར་ཁ་ཤས་ཀྱིས་སྤྲུལ་སྐུའི་ཚོང་རྒྱགས་བཞིན་པ་དེ་དག་བསྟན་སྲིད་གང་ལ་བསམ་བློ་བཏང་ན་ཡང་ཡག་པོ་ཞིག་ཏུ་མ་མཐོང་། རྡ་སར་ཡོང་ནས་སྤྲུལ་སྐུའི་ཆོག་མཆན་ཡི་གེ་བླངས་རྗེས་བོད་ནང་དུ་གང་བྱུང་མང་བྱུང་བྱེད་བཞིན་པ་ཁ་ཤས་མཐོང་གི་འདུག འདི་དག་ནི་གནས་ཡོད་དང་འབྲེལ་ཡོད་སུ་ཡིན་ན་ཡང་གཟབ་གཟབ་བྱས་ན་མ་གཏོགས། གསར་བརྗེ་བ་དང་གིས་ནང་ཆོས་གསར་བརྗེ་མ་བྱས་སྔོན་ལ། འདི་དག་གིས་ངོ་ནས་ནང་ཆོས་དེ་རྩད་རྫོགས་བྱེད་པའི་ཉེན་ཁ་ལྟ་བུར་མཐོང་།

རྔ་བ་ཚེ་སྐྱིད། * བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།བུ་མོ་ངས་དེ་སྔོན་གྱི་མཆན་བུ་ཞིག་ཏུ་《ང་ཚོ་བོད་མི་རིགས་ཀྱི་ཁྱད་ནུས་དང་སྟོབས་ཤུགས་དེའང་མི་རིགས་ཧྲིལ་བོ་ལ་དབང་དགོས་པ་ཞིག་ཡིན་ཀྱང་། ད་སྐབས། མི་གཅིག་གི་ཐོག་ཏུ་སྤུངས་གང་ཐུབ་བྱེད་ཀྱིན་པའི་རྣམ་འགྱུར་ལ་བལྟས་ཡོང་ན། ཧ་ལས་ཤིང་ཧང་སངས་དགོས་པའི་གནས་བབ་ཅིག་མ་རེད་དམ》ཅེས་པ་དྲ་གྲོགས་ཉིད་ཀྱིས་《འདི་གང་ཞིག་ལ་དམིགས་ནས་བཤད་ཀྱི་ཡོད་མེད་མ་ཤེས་པའི་དབང་གིས་ཡིན་ཞེས་དང་། ད་དུང་དྲ་གྲོགས་ཞིག་ནས་དེ་སུ་ཞིག་ལ་དམིགས་ནས་བཤད་ཀྱི་ཡོད་མེད་དྲི་བ་བཀོད་སོང་མོད། ཚེ་སྐྱིད་ལགས་ཀྱིས་མ་མཐོང་བའི་ཚུལ་བཟུང་ནས་གསལ་ཁ་བཏོད་མ་སོང་།》 ཞེས་པ་འདི་གལ་གནད་ཅིག་དམིགས་སུ་བཀར་འདུག་ན། བུ་མོ་ངས་ཀྱང་དེ་ལུགས་ཀྱིས་སྒོ་ནས་དྲིས་ལན་ཞིག་ཨེ་འཁྱོངས་ལྟ་གི་ཡིན་ལགས། སྤྱིར་བཏང་ཡིན་ན། འདིའི་དམིགས་དོན་དང་བསྟན་དོན་ངོ་མ་ནི། ད་ལྟའི་བོད་མི་རིགས་ཀྱི་གནས་ཚུལ་ངོ་མ་ཞིག་དམར་རྗེན་དུ་གསལ་སྟོན་བྱས་ཡོད། དེ་ཡང་། ང་ཚོའི་མི་རིགས་ལ་རང་རྣམ་ཞིག་དང་ནུས་སྟོབས་ཤིག་ཡོད་པ་གོར་མ་ཆག་ཀྱང་། ད་ལྟའི་བོད་ཀྱི་ནུས་ཤུགས་མི་བསྐྱེད་ཅིང་ངར་སྟོབས་མི་འདོན་པར་སོས་དལ་བག་ཕེབས་ངང་ནས་ལྷོད་ཀྱིས་འདུག་སྟངས་འགྲོ་སྟངས་སོགས་རྣམ་འགྱུར་ལ་བལྟས་ཡོང་ན། ད་ནི་བོད་མི་རིགས་སྒྱུད་ལུག་དང་རང་འགན་རང་གི་མི་འཁྱེར་བར་གཞན་བརྟེན་སྐྱབས་བཅོལ་གྱི་འདུ་ཤེས་ཆེན་པོ་ཞིག་གིས་བཟུང་ཡོད་ཀི། དེའི་སྟོབས་ཀྱིས། བོད་མི་རིགས་ཀྱི་དོན་དག་ཡོད་ཚད་ནས་ཡོད་ཚད་སྤྱི་ནོར་༸རྒྱལ་དབང་ཚང་ཁོ་ནར་བཅོལ་ཞིང་རེ་བ་བརྒྱབས་པ་ནི་བོད་མི་རིགས་ཀྱི་ཞན་ཆ་ཆེ་ཤོས་ཤིག་རེད། མ་ཟད། གནས་ཚུལ་དེའི་རྐྱེན་པས། ད་ལྟའི་བོད་མི་རིགས་ཀྱི་འགྲོ་ལམ་མི་གསལ་ཞིང་མ་འོངས་པའི་ཁ་ཕྱོགས་དེ་བས་ཀྱང་ཆེས་ཉེན་ཁའི་གནས་སུ་ལྷུང་ཡོད་པ་དེ་རེད། འདི་ནི། ཟུར་ཟ་མིན་ལ་དོན་དངོས་ཀྱི་གནས་ཚུལ་ཞིག་ཡིན་ལ། འདི་ནི། སྐུར་འདེབས་མིན་ལ་དངོས་ཡོད་ཀྱི་གནས་སྟངས་ཇི་བཞིན་པའང་རེད། འདི་ནི། མཐོང་ཆུང་མིན་ལ་མིག་མཐོང་མྱོང་གསལ་གྱི་གནས་བབ་ཅིག་རེད། དྲ་གྲོགས་གཞོན་ཟླས་ད་དུང་བསྙད་ཕྱོགས་ལ་བལྟས་ཡོང་ན། 《༡ གང་ཞིག་གསར་བརྗེ་བྱེད་དགོས་པ། ༢ ཇི་ལྟར་གསར་བརྗེ་བྱེད་དགོས་པ། ༣ དེའི་ཚབ་ལ་ཅི་ཞིག་འཛུགས་དགོས་པ》 སོགས་ཀྱི་དྲི་བར་རེ་རེར་བཞིན་ལན་འདེབས་བྱེད་ཀི་ཡིན་ལགས་ན། དེ་ལུགས་གཟིགས་ཞིབ་ཡོང་བར་ཞུའོ།། ངའི་གཞོན་ཟླ་ལགས། དྲིས་ལན་དང་པོ། ཆོས་ཆོས་དང་སྲིད་སྲིད་ཀྱི་བགྲོད་ལམ་མ་བསྲེས་པ་རེ་འཚོལ་དགོས་ཀི། ཆོས་ལུགས་དང་མ་འབྲེལ་བའི་བོད་མི་རིགས་ཀྱི་ད་ལྟ་དང་མ་འོངས་པའི་ལོ་རྒྱུས་དེ་ལྷ་འདྲེ་དང་མ་འདྲེས་པའི་ངོས་གཙང་ཞིག་དགོས་ཀི། ང་ཚོའི་རྩོམ་རིག་གཞུང་ལུགས་དེ་གཡར་མ་ཞིག་གིས་ད་ལྟའི་བར་དུ་ཚད་བཀག་བྱས་བསྡད་པ་ཞིག་རེད་དེ། ད་ནས་བཟུང་བོད་རང་གི་ཡུལ་ཁམས་དང་འཚམ་པའི་རྩོམ་རིག་ཅིག་དགོས་ཀི། བོད་ཀྱི་དཔལ་འབྱོལ་ལམ་ལུགས་དེའང་འགྲོ་སྟངས་དེ་ཆེས་མི་གསལ་བ་ཡིན་པས་ན། ཁ་གསལ་གཏིང་གསལ་ཅན་དུ་བསྒྱུར་དགོས་ཀི། ཆོས་པ་དང་འཇིག་རྟེན་པའི་འགྲོ་འདུག་སྤྱོད་གསུམ་ནི། གཞི་རྩའི་ཆ་ནས་ཁ་ཁ་སོ་སོ་ཡིན་དུས། དེང་སང་ནང་བཞིན་མིན་པར། རང་རང་སོ་སོའི་བཤད་སྟངས་འགྲོ་སྟངས་གཙིགས་འཛིན་བྱེད་རྒྱུ་ལས་ཆོས་པ་འཇིག་རྟེན་པར་ཆགས་པ་དང་འཇིག་རྟེན་པ་ཆོས་པར་བརྫུས་པའི་རིགས་དེ་མཚམས་འཇོག་དགོས་ཀི། གྲྭ་གྲངས་ཇེ་མང་དུ་གཏོང་བའི་ལམ་ལུགས་དེའང་བསྒྱུར་དགོས་ཀི། དགོན་སྡེ་དང་སྤྲུལ་སྐུ། བླ་མ་དང་གྲྭ་པ་རྣམས་ཀྱིས་ད་ནས་བཟུང་བོད་འབངས་ལག་ནས་འབུལ་སྡུད་བྱེད་མཚམས་འཇོག་དགོས་ཀི། སྤྲུལ་སྐུའི་ལམ་ལུགས་ནི་ངེས་པར་དུ་མེད་པར་གཏོང་དགོས་ཀི། ཨོ་རེད། འདིའི་དྲིས་ལན་རྗེས་ནས་ཞིབ་ཕྲ་ཞུ་ཆོག་པ་གྱིས། དྲིས་ལན་གཉིས་པ། བློས་བཏང་དང་བློ་སྟོབས་ཆེན་པོ་སྒོ་ནས། གཞན་ལྟ་དང་རང་ཉམས་ངོས་འཛིན་གནད་སྨིན་བྱས་ནས། ཚུར་ལེན་དང་འཐུས་སྒོ་ཚང་ཐབས་ཀྱི་སྒོ་ནས། འགྱུར་ལྡོག་དང་འགྱུར་བའི་ཁ་ཕྱོགས་ལ་བསྟུན་ནས། དབྱེ་ཞིབ་དང་དཔྱད་བསྡུར་གྱི་སྒོ་ནས། མདུན་ནས་མདུན་དུ་བསྐྱོད་དགོས་པ་ནི། གལ་གནད་ཅིག་རེད། ད་རུང་། ཨུ་ཚུགས་དང་མཁྲེགས་འཛིན་མི་བྱེད་པར། རང་རློམ་དང་ཁེངས་སེམས་མི་སྐྱེས་པར། བག་འཁུམས་དང་རྙིང་ཞེན་མི་བགྱིད་པར། མཉམ་འབྲེལ་དང་གུ་ཡངས་བྱེད་དགོས། གསར་བརྗེ་དང་གསར་གཏོད་བྱེད་དགོས། སྙིང་སྟོབས་དང་བློ་རིག་བསྐྱེད་དགོས། ཆོད་སེམས་དང་བློ་ཐག་རྦད་ཆོད་དགོས། དྲིས་ལན་གསུམ་པ། དེང་དུས་སུ་དགོས་མཁོ་ཆེ་ཞིང་ལྷག་པར་དུ། མ་འོངས་པའི་མདུན་ལམ་ལ་ཕན་ནུས་ཐོན་པའི་རིགས་དེ། དཔེར་ན། ཆབ་སྲིད་ཀྱི་སྒྲོམ་གཞི་ཞིག་གསར་སློང་བྱ་རྒྱུ། ཆོས་ལུགས་པའི་འགྲོ་ལམ་གཙང་མ་བཟོ་རྒྱུ། མི་རིགས་ཀྱི་སློབ་གསོའི་སྤུས་ཀ་མི་རིགས་ཅན་དུ་བསྒྱུར་རྒྱུ། ལོ་རྒྱུས་རིག་པའི་རིགས་ལམ་ཞིག་བཏོད་རྒྱུ། བོད་མི་ཚང་མ་ཆོས་ལུགས་ཀྱི་དྲིལ་བསྒྲགས་ཡོ་བྱད་དུ་མི་འགྱུར་བར་བྱེད་རྒྱུ། བླ་མ་སྤྲུལ་སྐུའི་མིང་ཅན་མང་པོ་མང་པོ་ཞིག་གིས་དད་པ་དམ་ཚིག་ཁ་འཁྱེར་གྱིས་སྒེར་གཅོད་ཀྱི་གོམས་གཤིས་གཏོར་རྒྱུ་སོགས་མང་པོ་ཞིག་ཡོད་ཀྱང་རུང་། དེ་རིང་གི་དུས་ཚོད་དང་དྲན་འཛིན་བྲེལ་བའི་སྟབས་ཀྱིས་ཞིབ་ཅིང་རྒྱས་པའི་ལན་ཞིག་མ་ནུས་པས་ན། ད་དུང་ཡིན་རུང་། འདི་དག་གི་ལན་དེ། རྗེས་ནས་ཇེ་གསལ་དུ་གཏོང་རྩིས་ཡོད་ལགས། བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་དང་Tibetan girlགཉིས་ལགས།ཁྱེད་རྣམ་གཉིས་ཀྱི་ངོས་ནས་དགོངས་ཚུལ་ཞིབ་ཅིང་ཟབ་བརླིང་ལྡན་པ་རེ་གསུངས་པ་དེ་དངོས་གནས་དགའ་སྤོབས་སྐྱེས་སོང་། གང་ཡིན་ཟེར་ན། དགའ་བ་ནི་ང་ཚོའི་བརྗོད་གཞི་འདི་ཚ་ཚ་འུར་འུར་གྱིས་གླེང་རིན་ཡོད་པ་ཞིག་ཏུ་བསྒྱུར་བཞིན་འདུག་ལ། སྤོབས་སེམས་ཡོང་བ་ནི། གང་ལྟར་གསར་བརྗེ་དང་གསར་གཏོད་ཀྱི་རིན་ཐང་རྟོགས་ཤིང་ཐབས་ཚུལ་ལྡན་པའི་མི་རབས་ཤིག་ཆགས་གྲབ་བྱེད་ཀྱིན་པའི་རྣམ་འགྱུར་གྱིས་རེད། དེ་ནས། དེང་སང་། ནང་བསྟན་དཔལ་འབྱོར་རིག་པ་ཟེར་བ་དང་གངས་རིའི་རིང་ལུགས་ཀྱི་ནང་བསྟན་ཟེར་བ་སོགས་ཀྱི་རང་རང་གི་དགོས་དོན་ཉི་ཚེ་བ་རེའི་ཆེད་དུ། ནང་ཆོས་ཀྱི་གཞི་རྩའི་གཞུང་ལུགས་དང་འགལ་བའི་ཁྱད་མཚར་རྐྱང་རྐྱང་གིས་རང་ཉམས་ཕྱིར་སྟོན་བྱེད་ཀྱིན་འདུག་ལ། མ་ཟད། ང་ཚོའི་མི་རིགས་ཀྱི་གདོང་མདོག་ངོ་མ་དེ་རྫུན་མ་དང་བརྫུས་མས་བསྒྱུར་བཞིན་པའི་དུས་འདིར། དབྱེ་མཚམས་ཤིག་དང་ས་མཚམས་ཤིག་དགོས་པའི་ཚད་དུ་སླེབས་ཟིན་པའི་ཚད་ལས་འདས་ཡོད་པ་རེད། དེར་བརྟེན། ང་ཚོའི་མི་རབས་ཀྱི་ངོས་ནས་ཅམ་འཇོག་དང་སྣང་མེད་དུ་མི་བསྐྱུར་བར། བསྐྱར་ཞིབ་དང་འགྱུར་བ་ཞིག་གཏོང་དགོས་པའི་དུས་ཚོད་གནད་འགག་ཅན་ཞིག་རེད། བྱས་ན། བློ་རིག་གནད་ལ་ཟིན་པར་བསྐྱེད་ནས། ངོས་འཛིན་ཐོབ་པར་བྱས་ནས། ཁ་ཕྱོགས་ཡོད་པར་བྱས་ནས། གྲ་སྒྲིག་ཡོད་པར་བྱས་ནས། འཆར་གཞི་བཟོ་ནས། མདུན་དུ་བསྐྱོད་ནས། ཆོད་སེམས་ཤིག་དང་བློ་སྟོབས་ཤིག་གི་སྟེང་ནས་འགྲོ་དགོས་པ་ནི། དུས་བབ་དང་དགོས་མཁོ་ཞིག་གིས་དེད་པའི་རྟིང་སྐུལ་རྣལ་མ་ཞིག་རེད། དེས་ན། བུ་མོ་ངས་ཀྱང་དེ་དག་གི་གནད་དོན་ཤེས་ནས། སེམས་ཤུགས་ཤིག་བཅིངས་ནས། བློས་བཏང་ཞིག་འཁྱེར་ནས། བསམ་བློ་ནན་མོ་ཞིག་བཏང་ནས། འགྲོ་འདོད་ཆེན་པོ་ཞིག་གིས་སྙིང་ཁམས་འཕར་ལྡིང་བྱེད་ཀྱིན་འདུག་ལགས་ན། བུ་མོ་ངའི་སྙིང་གི་ཚི་ལུ་དེ་རང་གི་དམིགས་འབེན་དང་དགའ་ཕྱོགས་རེད། དེའི་དབང་གིས། ད་ལྟ་བུ་མོ་ང་ནི། རང་དབང་མེད་པའི་ཁེར་ཚུགས་ཀྱི་རྣམ་འགྱུར་ཞིག་བསྟན་པ་ཡིན་ལ། མ་འོངས་པ་ན། ལག་ལེན་གྱི་གྲུབ་འབྲས་ཤིག་ཡོད་པའི་འབད་བརྩོན་བྱེད་འདུན་སླད་མེད་ཅིག་ཡིན་སྟབས། བུ་མོ་ང་ལ་མཁྱེན་ལྡན་ཁྱེད་དང་ཁྱེད་རྣམ་པའི་ཕྱོགས་ཡོངས་ནས་རོགས་འདེགས་ཤིག་ཡོང་བའི་སྐུལ་མ་བྱས་དང་བྱེད་ཀྱིན་པའི་གནས་སྟངས་འདི་རེད། འདི་ནི། བུ་མོ་ངས་ཐབས་སྒོ་འཚོལ་བའི་གོ་རིམ་ཞིག་རེད་ལ། རང་ཚུགས་རྙེད་པའི་དུས་རབས་ཤིག་ཡོང་བས་ན། དོགས་འདྲི་དང་དགོངས་ཚུལ། དྲི་བ་དང་དགག་བཞག་གི་འགྲོ་ཕྱོགས་དེ་ཤིན་ཏུ་དགོས་མཁོ་ཆེ་བ་ཞིག་ཏུ་འཁུམས་སོ། ། གོང་གསལ་གཞོན་ནུ་ཟླ་མེད་དང་རྔ་བ་ཚེ་སྐྱིད། Tibetan girl བཅས་ཀྱི་གསར་བརྗེ་བགྲོ་གླེང་འདི་ནི་ཀུན་ཕན་ཐེབས་རྩའི་ལ་རྩེ་དཔེ་མཛོད་ཀྱི་སྙིང་གི་ཚི་ལུ་ཞེས་པའི་ཚོགས་འདུའི་གསལ་བསྒྲགས། ཅེས་པའི་འོག་ཏུ་བགྲོ་གླེང་མཆན་༢༨༣ ཡོད་པ་ལས་ཟུར་ཏུ་བཀོད་པའོ།།