གསང་སྔགས་ཀྱི་བཟླས་བརྗོད་བྱ་ཐབས་ཀྱི་ཡན་ལག་

ཡོང་ཁུངས་Wikipedia

༄༅།།གསང་སྔགས་ཀྱི་བཟླས་བརྗོད་བྱ་ཐབས་ཀྱི་ཡན་ལག་བཞུགས།

གསང་སྔགས་ཀྱི་བཟླས་བརྗོད་བྱེད་པའི་ཚེ། ཆོ་ག་ཡན་ལག་བརྒྱད་དང་དམིགས་པ་མང་ན་ཡང་། གཞུང་དག་ལས་མཐོང་བ་ཙམ་མདོར་བསྡུ་ན། ཁ་ཅིག་ནི། སྔར་ཏིང་ངེ་འཛིན་བསྒོམ་པ་དང་། ཡེ་ཤེས་ཀྱི་ལྷ་མཆོད་པའི་ཆོ་ག་རྒྱས་པར་བྱས་ཏེ་བཟླས་བརྗོད་བྱེད་པ་ཡང་ཡོད། ཁ་ཅིག་ནི།དེ་དག་དང་མི་ལྡན་པ་ཡང་ཡོད་དོ། །དམིགས་པའི་རིམ་པ་ཡང་། ཁ་ཅིག་ནི། ཐ་མལ་པའི་ལུས་ཀྱི་དམིགས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་དུ་བསམ་སྟེ། གཡེངས་བ་སྤངས་ནས་བཟླས་བརྗོད་བྱེད་པ་ཡང་ཡོད། ཁ་ཅིག་ནི། བདག་གི་ཐ་མལ་པའི་ལུས་ཀྱི་ནམ་མཁའ་ལ་འཕགས་པའི་སྐུ་བསམ་སྟེ་ཟློས་པ་ཡང་ཡོད། ཁ་ཅིག་ནི། སྐུ་གཟུགས་ལྟ་བུ་མདུན་དུ་བཞག་སྟེ། དེ་ཉིད་རང་གི་དད་པའི་ལྷ་དང་མི་གཉིས་པར་བརྟགས་ནས། བ་སྤུ་གཡོ་ཞལ་འཛུམ་སྙམ་དུ་རྟོག་ཅིང་ཟློས་པ་ཡང་ཡོད། ཁ་ཅིག་ནི། རང་ཉིད་ལྷའི་སྐུར་བརྟགས་ཏེ། སྙིང་ཀ་ལ་སོགས་པའི་གནས་རྣམས་སུ་ཇི་ལྟར་གྲགས་པའི་ཡི་གེ་རྣམས་བརྟགས་པའམ། རྡོ་རྗེ་ལ་སོགས་པའི་མཚན་མ་དང་བཅས་པ་ཡང་རུང་སྟེ། དེ་དག་ཡིད་ལ་ཀློག་པའི་ཚུལ་གྱིས་ཟློས་པ་ཡང་ཡོད། ཁ་ཅིག་ནི། དེ་ཉིད་ཀྱི་མདུན་དུ་རང་དང་འདྲ་བའི་ལྷ་བསམ་སྟེ། དབུགས་རྔུབ་པའི་ཚུལ་གྱིས་བདག་དང་མི་གཉིས་པའི་ལྷའི་སྐུ་ལ་དམིགས་ཤིང་། དབུགས་འབྱུང་བའི་ཚུལ་གྱིས་མདུན་ན་བཞུགས་པའི་ལྷ་ལ་དམིགས་པ་ཡང་ཡོད། ཁ་ཅིག་ནི། ཚུལ་དེ་ཉིད་ལ་འོད་ཟེར་འཕྲོ་བའི་ཚུལ་གྱིས་ལྷ་ལ་ཐིམ་སྟེ་ཐུགས་དམ་བསྐུལ་ཞིང་མཉེས་པར་བྱེད། འདུ་བའི་ཚུལ་གྱིས་བདག་ལ་ཐིམ་ཞིང་དངོས་གྲུབ་ནོད་པ་ཡོད། ཁ་ཅིག་ནི། བདག་ཉིད་ཀྱང་ལྷ་དང་མི་གཉིས་པའི་སྐུ་ཕྱག་རྒྱ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིད་ལ་བྱེད་ཅིང་། ཆོས་ཐམས་ཅད་ཀྱང་བདག་དང་། རང་བཞིན་ཐ་མི་དད་པའི་འཕགས་པའི་སྐུས་ཡོངས་སུ་གང་བར་དམིགས་ཏེ། འོད་ཟེར་འཕྲོས་པས་འཕགས་པ་ཐམས་ཅད་མཉེས་པར་བྱེད་ཅིང་ཐུགས་དམ་བསྐུལ་བ་དང་།དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཡང་སྒྲིབ་པ་སྦྱོང་ཞིང་ལས་རྣམ་བཞི་རྫོགས་པར་བྱེད་པ་དང་། སླར་འདུ་བའི་ཚུལ་གྱིས་སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་ཐོབ་པར་བསམ་པ་ཡང་ཡོད། དེ་དག་ནི་འདུལ་བའི་དབང་གིས་སོ་སོའི་མོས་པ་དང་། ནུས་པའི་ཁྱད་པར་གྱི་དབང་དུ་གསུངས་པས་ཏེ། གཞུང་སོ་སོ་ལ་གཞན་གྱིས་སུན་དབྱུང་བར་མི་བྱའོ། །སྤྱིར་སྔགས་ནི་གསུང་གི་ཕྱག་རྒྱ་སྟེ། དེ་ཉིད་ཀྱི་སྒོ་ནས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཐམས་ཅད་དང་ལྡན་པར་བྱིན་གྱིས་རློབས་པར་ཤེས་པར་བྱའོ། །གསང་སྔགས་ཟློས་པ་ཡང་སངས་རྒྱས་ཀྱི་མཛད་སྤྱོད་ལ་ཞུགས་པ་ཡིན་པས། ཆོས་ཐམས་ཅད་མ་སྐྱེས་པར་རྟོགས་པའི་ཐུགས་དང་། སྐུ་ཕྱག་རྒྱར་གསལ་བའི་ཏིང་ངེ་འཛིན་དང་། གསང་སྔགས་དག་པར་བཟླས་པ་དང་ལྡན་པར་བྱས་ན་དོན་ཆེན་པོར་བཤད་དོ། །གསང་སྔགས་རང་གི་ངོ་བོ་ནི། ཐབས་ཤེས་རབ་ཕུལ་དུ་བྱུང་བའོ། །རྟགས་ནི་ལྷའི་སྐུའོ། །སྒོ་ནི་ཡིག་འབྲུའོ། །ངེས་པའི་ཚིག་ནི་ཐུན་མོང་མ་ཡིན་པའི་དོན་དང་། དམ་པར་གྱུར་པ་དང་། བློ་གྲོས་དང་། ཐབས་ལ་མཁས་པ་ལ་ཡང་འཇུག །ཡན་ལག་བསྒྱུར་ན་གསང་སྟེ་བརྗོད་པ་དང་། ཤེས་པ་དང་དཔུང་གཉེན་དུ་ལྡན་པ་ལ་བྱ་བར་ཡང་བཤད་དོ། །སྨྲ་བ་ཐམས་ཅད་ཀྱི་མཆོག་གསང་སྔགས་སྨྲ་བ་ཡིན་པར་བཤད་དོ། །འདི་ལྟར་དགེ་སློང་སོའུ་ཁྱ་དེ་བས་ཚིགས་སུ་བཅད་པ་བརྗོད་པ། སྨྲ་བ་ཐམས་ཅད་སྤངས་ནས་སུ། །གསང་སྔགས་སྨྲ་བ་བརྩམ་པར་བྱ། །བདེ་བའི་ལྷ་ཡང་བསྒྲུབ་པས་ན། །སྔགས་ཀྱི་མཐུ་ནི་ཤིན་ཏུ་ཆེ། །ཞེས་པ་ལྟ་བུའོ། །གསང་སྔགས་བརྗོད་པའི་བསོད་ནམས་ཀྱང་། བཀའ་དམ་པ་བཏོན་པ་དང་། ཆོས་ཉིད་ཡིད་ལ་བྱེད་པ་དང་། བདེན་པ་དང་། རིག་པ་དང་། དྲན་པ་ཐོབ་པ་དང་། ཆོས་ལ་དབང་བསྒྱུར་བ་ཐོབ་པ་དང་། འདོད་པའི་དངོས་གྲུབ་ཐམས་ཅད་ཐོབ་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཞེས་གསུངས་སོ། །རིག་སྔགས་ནི་མ་རྟོགས་པའི་གཉེན་པོའོ། །གསང་སྔགས་ནི་ལོག་པར་རྟོགས་པའི་གཉེན་པོའོ། །གཟུངས་སྔགས་ནི་དྲན་པ་ཉམས་པའི་གཉེན་པོའོ། །སྤྲོས་པ་དང་བྲལ་བའི་དོན་སྒོམ་པ་ནི་དེ་དག་གི་ཤེས་རབ་ཀྱི་ཆོ་ག །ཐབས་ཀྱི་ཆོ་ག་ནི། དམ་པའི་ཆོས་ཉན་པ་དང་། ཤེས་རབ་དང་སྙིང་རྗེ་སྒོམ་པ་དང་། ཐོས་པའི་དོན་བཟླས་བརྗོད་བྱེད་པ་རྣམས་ནི། དེ་དག་གི་རིམ་པ་བཞིན་དུ་ཐབས་ཀྱི་ཆོ་གར་སྦྱར་རོ། །བཟླས་བརྗོད་བྱ་ཐབས་ཀྱི་ཡན་ལག་རྫོགས་སོ། །