གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་

ཡོང་ཁུངས་Wikipedia

༄༅། །གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་བཞུགས་སོ། ། དུས་གསུམ་རྒྱལ་བ་སྲས་བཅས་མ་ལུས་དང་། །འགྲོ་བའི་སྐྱབས་གྱུར་པདྨ་སཾ་བྷ་ཝ། །སྲིད་ཞིའི་རྒུད་པ་ཀུན་སེལ་རཏྣའི་ཞབས། །མི་འབྲལ་སྙིང་ནས་གུས་པས་ཕྱག་བགྱིའོ། །ཚེ་འདིའི་ལོངས་སྤྱོད་རྨི་ལམ་དགའ་སྟོན་བཞིན། །ལང་ཚོའི་དཔལ་ཡང་འཇའ་ཚོན་ལྟ་བུ་སྟེ། །ཚེ་སྲོག་མི་རྟག་གློག་གི་ཟློས་གར་བཞིན། །འཇིག་རྟེན་ཕུན་ཚོགས་ཀུན་ལ་དབང་བསྒྱུར་ཀྱང་། །སྟོན་དུས་མཛེས་པའི་སྤྲིན་དཀར་ཕུང་པོ་བཞིན། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་དུ། །མཐོང་ནས་སྲིད་པར་ཡིད་ནི་འབྱུང་བར་ཤོག །བདེ་ལེགས་དངོས་གྲུབ་ཀུན་གྱི་འབྱུང་གནས་ནི། །མཚན་ཉིད་ཀུན་ལྡན་ཐེག་མཆོག་བཤེས་གཉེན་ཏེ། །དྲན་པ་ཡིས་ཀྱང་སྲིད་ཞིའི་འཇིགས་འཕྲོག་ཅིང་། །མི་ཕྱེད་དད་པས་ཚུལ་བཞིན་བསྟེན་པར་ཤོག །དེ་ལྟར་དགེ་བའི་བཤེས་ལས་རྙེད་པའི་དོན། །གཏན་གྱི་སྐྱབས་གྱུར་བླ་མ་དཀོན་མཆོག་གསུམ། །ཡིད་ལ་འབྲལ་མེད་གདུང་བས་གསོལ་འདེབས་ཤིང་། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཡིས། །ཀུན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་། །བདག་གི་བདེ་དགེ་མ་ལུས་གཞན་ལ་བཏང་། །བླ་མེད་བདེ་ལ་བདག་གིས་འགོད་བྱ་ཞེས། །སེམས་ནི་བྱང་ཆུབ་པ་དམ་པ་བསྐྱེད་བྱས་པས། །ཕྱིན་དྲུག་སྤྱོད་པས་ཉིན་མཚན་འདའ་བར་ཤོག །མངོན་མཐོ་སྒྲུབ་བྱེད་རྒྱལ་བའི་གསུང་རབ་ཀུན། །དོན་རྣམས་སྐྱེས་བུ་ཆུང་ངུའི་ལམ་དང་ནི། །ཐར་པ་བསྒྲུབ་པའི་ཐབས་ལ་བརྩོན་པ་ཡིས། །ཆོས་ཀྱི་རྣམ་གྲངས་ཀུན་གྱི་བརྗོད་བྱའི་དོན། །སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་སྟེ། །ངེས་པར་འབྱུང་བས་སྲིད་ལས་གྲོལ་བར་ཤོག །རྣམ་མཁྱེན་གོ་འཕང་མྱུར་དུ་བསྒྲུབ་པའི་ཐབས། །རྒྱུ་དང་འབྲས་བུའི་ཐེག་ཆེན་རྣམ་གཉིས་ལས། །ཇི་བཞིན་གསུངས་པའི་གསང་བ་མ་ལུས་པ། །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྟེ། །བདག་གིས་མ་ལུས་ཉེ་བར་བླངས་པ་ལས། །ཆོས་རྣམས་ཐམས་ཅད་རྨི་ལམ་སྣང་བ་བཞིན། །སྣང་ཙམ་དེ་ལས་ཡུལ་གྱི་སྟེང་ཉིད་དུ། །གྲུབ་པའི་ངོ་བོ་རྡུལ་ཙམ་མ་མཆིས་ཀྱང་། །ལས་འབྲས་བསླུ་བ་མེད་པར་ངེས་རྙེད་ནས། །བདེན་གཉིས་ཟབ་མོའི་གནད་ལ་གོམས་པར་ཤོག །ཉིས་བརྒྱ་ལྔ་བཅུ་སྤོང་བའི་ཚུལ་ཁྲིམས་དང་། །བཅུ་བདུན་བླང་བྱ་འཇུག་པའི་ཚུལ་ཁྲིམས་ཏེ། །ཀུན་གྱི་རྩ་བ་འགྲམ་གཞི་བསྟན་པོ་ནི། །ལྷག་པའི་ཚུལ་ཁྲིམས་འདུལ་སྡེ་ལ་གནས་ཤིང་། །བྱིང་རྒོད་དྲི་ཡི་བཞོན་པས་མི་གཡོ་བའི། །མངོན་རྟོགས་རིན་ཆེན་རྣམ་བཞིའི་རང་བཞིན་ཅན། །ཏིང་འཛིན་འཆི་མེད་རི་བོར་གནས་པའི་གཞི། །ཟབ་ཡངས་མདོ་སྡེའི་གནས་ལ་འཇོག་པ་དང་། །ཆོས་མངོན་གསལ་བའི་རྣམ་དབྱེ་མིག་སྟོང་ལྡན། །གནས་ལུགས་རྟོགས་པའི་ཡེ་ཤེས་ལག་ཉལ་གྱིས། །མཐར་ལྟའི་རྨིག་མ་འདུལ་བྱེད་ལྷ་ཡི་དབང་། །ཆོས་མངོན་བལྟ་ན་སྡུག་པའི་གྲོང་ཁྱེར་དུ། །སྡེ་སྣོད་གསུམ་གྱི་རྗོད་བྱེད་ཚིག་རྣམས་དང་། །བརྗོད་བྱ་བསླབ་པ་རྣམ་གསུམ་མངོན་གྱུར་ཤོག །དེ་ལྟར་རྒྱུ་ཡི་ཐེག་པས་རྒྱུད་སྦྱངས་ནས། །འབྲས་བུ་སྨིན་གྲོལ་རྡོ་རྗེ་ཐེག་པའི་ལམ། །ཉམས་ལེན་དྲོད་རྟགས་སྣང་བཞི་མངོན་གྱུར་ནས། །དམ་ཚིག་དབང་དང་ཤེས་རབ་རྒྱུད་འཆད་ཅིང་། །མན་ངག་ལུང་སྦྱིན་ཉམས་ཆགས་སྐོང་མཛད་པའི། །མཐོང་ཐོས་དྲན་རེག་སློབ་དཔོན་རྣམ་བཞི་ལས། །རྒྱུད་སྡེ་བཞི་དང་རྫོགས་པ་ཆེན་པོའི་ལམ། །ལེགས་པར་བཤད་པའི་སྨིན་གྲོལ་ལམ་གྱི་གནད། །ཆུ་དབང་སོགས་ཀྱིས་རང་རྒྱུད་སྨིན་བྱས་ནས། །མདུན་བསྐྱེད་ཐུགས་ཀར་ཡིག་འབྲུའི་ས་བོན་བཀོད། །ཕྱི་ཡི་སྤྱོད་ལམ་དྲང་སྲོང་རྗེས་མཐུན་ཞིང་། །ནང་གི་ཉི་མ་རྣལ་འབྱོར་སྙིང་ལ་ཤར། །ལྷ་མོ་རྣམས་དང་ཕན་ཚུན་བལྟས་པ་ལས། །བྱུང་བའི་བདེ་བ་ལམ་བྱེད་ཀྲྀ་ཡའི་རྒྱུད། །རྗེ་དཔོན་ལྟ་བུར་དངོས་གྲུབ་ལེན་པ་དང་། །རྡོ་རྗེ་དྲིལ་བུའི་དབང་གི་སྨིན་བྱས་ནས། །བདག་མདུན་གཉིས་ཀའི་ཐུགས་ཀར་ཡིག་འབྲུ་བཀོད། །ཕྱི་རོལ་བྱ་བའི་ཐབས་དང་ནང་གི་ནི། །ཟབ་མོའི་རྣལ་འབྱོར་ཆ་ལ་མཉམ་པར་སྤྱོད། །འཛུམ་ཞིང་དགོད་པའི་བདེ་བས་རྣམ་རོལ་པ། །ཡན་ལག་བཞི་ལ་གཞོལ་བ་ཨུ་པའི་རྒྱུད། །གྲོགས་པོར་ལྟ་བུར་དངོས་གྲུབ་ལེན་པར་བྱེད། །བྱ་སྤྱོད་གནས་ལ་ཚུལ་བཞིན་སྤྱོད་པར་ཤོག །སློབ་དཔོན་དབང་བསྐུར་རང་རྒྱུད་སྨིན་བྱས་ནས། །བདག་མདུན་གཉིས་ཀ་དག་པའི་ལྷ་རུ་བསྐྱེད། །ཡེ་ཤེས་སྤྱན་དྲངས་དེ་སྲིད་ང་རྒྱལ་བཟུང་། །ཕྱག་རྒྱ་བཞི་ཡི་རྒྱ་ལས་མི་འདའ་ཞིང་། །ཏིང་འཛིན་གསུམ་གྱི་ལང་ཚོས་སྙིང་ལ་འགྲོགས། །ལག་པའི་པདྨོ་འབྲེལ་བའི་བདེ་བས་ཚིམས། །ནང་གི་རྣལ་འབྱོར་གཙོ་བོར་གྱུར་པ་ཡི། །ཡོ་གའི་ལམ་གྱི་གཞི་ལ་རྣམ་གྲོལ་ཤོག །རྒྱུ་དབང་བསྐུར་ནས་རགས་པའི་ཕུང་སོགས་རྣམས། །ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རྣམས་སུ། །དག་པའི་སྐུ་དང་མཆོག་དབང་གསུམ་བསྐུར་ནས། །བསྐྱེད་རིམ་ཚོགས་ཞིང་བསྲུང་འཁོར་སྔོན་འགྲོ་བས། །རིམ་པ་ལྔ་དང་རྗེས་མཐུན་ལམ་གྱིས་འགྲོས། །ཁམས་དྲུག་ལྡན་པའི་མི་རྣམས་ཕུང་ཁམས་སོགས། །རིམ་གྱིས་ཐིམ་ནས་འཆི་བའི་རིམ་པའམ། །ཇི་ལྟར་མཚན་མོ་གཉིད་དུ་སོང་བའི་ཚེ། །ཡུལ་ལྔའི་ཤེས་པ་རིམ་གྱིས་ཡིད་དུ་ཐིམ། །དེ་ཡང་ཀུན་གཞིར་ཐིམ་པས་མི་རྟོག་པ། །རྩེ་གཅིག་སྣང་ཡུལ་མེད་པའི་ངང་དེ་ཉིད། །ཆོས་དབྱིངས་ཐིམ་པས་རང་བཞིན་སྤྲོས་དང་བྲལ། །ཐུན་བར་ལྷག་མོས་འོད་གསལ་དུ་འཇུག་པའི། །བར་འདིར་ཆོས་སྐུའི་རྣལ་འབྱོར་ལ་གནས་ཤིང་། །གཉིད་དམ་འཆི་བས་འོད་གསལ་ལུགས་ལྡོག་ཏུ། །སླར་ཡང་མཆེད་པའི་ཀུན་གཞིའི་རྣམ་ཤེས་ལས། །ཡིད་ཉིད་གཅིག་པུ་ཡངས་པས་རྨི་ལམ་སེམས། །དབང་པོ་ཀུན་ཚངས་ཡིད་ཀྱིས་ལུས་གྲུབ་པ། །དེ་མཚུངས་སྐད་ཅིག་མངོན་བྱང་ལྔ་ལས་ནི། །དང་པོའི་མགོན་པོ་ལེགས་པར་བསྐྱེད་པའི་ཚུལ། །བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བར་ཤོག །སླར་ཡང་སད་པའི་གནས་སྐབས་ཉིན་སྣང་དུ། །གདན་གསུམ་ལྷ་ཡི་སྐུ་རུ་ངེས་བྱས་ནས། །བར་དོའི་ལུས་དེ་མ་ཡི་མངལ་དུ་ནི། །ཞུགས་ཚུལ་དང་པོའི་མགོན་པོ་མི་བསྐྱོད་པའི། །སྐུ་ལས་ཞུགས་པས་རྡོ་རྗེའི་སེམས་བསྐྱེད་ཅིང་། །དེ་ལ་ལུས་དཀྱིལ་བཀོད་ཅིང་སྒོ་གསུམ་དག །བྱིན་གྱིས་བརླབ་ཅིང་སེམས་དཔའ་གསུམ་བརྩེགས་སུ། །བྱས་ནས་རིག་མའི་འདོད་ཡོན་རྣམ་རོལ་བས། །ཉིན་སྣང་སྐྱེ་ཤིའི་བར་དོ་གོམས་འདྲིས་ཀྱིས། །སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད་ཤོག །དེ་ལྟར་རིམ་པ་དང་པོ་མཐར་ཕྱིན་ནས། །གསང་བའི་སྣ་རྩེར་ཨ་ཝ་དྷུ་ཏིའི་ནང་། །དྭངས་མའི་ཐིག་ལེ་རང་སེམས་དབྱེར་མེད་དུ། །བཟུང་བས་མཉམ་བཞག་དགའ་བཞིའི་ཏིང་འཛིན་དང་། །རྗེས་ཐོབ་རིགས་བརྒྱ་རིགས་ལྔ་རིགས་གསུམ་སོགས། །བདེ་སྟོང་དབྱེར་མེད་ལྷ་ཡི་རྣམ་རོལ་བསྒོམ། །སླར་ཡང་དབེན་པ་གསུམ་གྱི་རིམ་པ་དང་། །ཀུན་རྫོབ་སྒྱུ་མ་དོན་དམ་འོད་གསལ་ཉིད། །བདེན་གཉིས་དབྱེར་མེད་ཟུང་འཇུག་ཉམས་ལེན་རྣམས། །གསང་བ་སྙིང་པོ་དཔལ་ལྡན་འདུས་པ་དང་། །བསྐྱེད་པ་མ་ཧཱ་ཡོ་ག་ཇི་བཞིན་དུ། །བསྐྱེད་རྫོགས་ཟབ་མོའི་དོན་རྣམས་མངོན་གྱུར་ཤོག །མཚན་ཉིད་ཀུན་ལྡན་བླ་མ་ཡབ་ཡུམ་ལས། །ལམ་དབང་ཟབ་མོས་ལེགས་པར་སྨིན་བྱས་ནས། །རྣམ་དག་དབང་ལྔའི་ཆུ་བོས་སྒྲིབ་གཉིས་ཀྱི། །དྲི་མ་ཀུན་བཀྲུས་སྐུ་བཞིའི་ས་བོན་བཞག །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུངས་བ་ལས། །ཟབ་མོའི་ལམ་བཟང་སྐྱེ་བའི་སྣོད་གྱུར་པས། །མ་དག་སྐྱེ་ཤི་བར་དོའི་སྣང་ཞེན་རྣམས། །ཡིད་ངོར་སྦྱངས་ནས་སྐུ་གསུམ་ལམ་ཁྱེར་བ། །སྦྱང་གཞི་སྦྱོང་བྱེད་ཚང་བའི་བསྐྱེད་རིམ་གྱིས། །རིམ་པ་དང་པོའི་ལམ་ལ་མངོན་གྱུར་ཤོག །ཕྱི་ནང་རང་ལུས་དཀྱིལ་འཁོར་ལྷ་ཡི་ཚོགས། །རྩ་ཡིག་བདུད་རྩི་དཔའ་བོ་རྣལ་འབྱོར་མ། །ཐིམ་ལུགས་བཞི་བསྒོམ་ཡེ་ཤེས་བསྐྱེད་བྱེད་ཅིང་། །རྫོགས་རིམ་རྟོག་པ་འདྲེན་པའི་རྒྱུད་སྨིན་བྱས། །ཉི་ཟླའི་ལམ་ནས་དཀྱིལ་འཁོར་བཅུ་ཡི་རླུང་། །སྒྲ་གཅན་ལམ་དུ་འགོག་པའི་ཐབས་མཁས་ཀྱིས། །མུན་པའི་ལམ་ནས་འབར་བའི་ཙཎྜ་ལིས། །ཧཾ་ཡིག་རི་བོང་འཛིན་པ་ཞུ་བ་ལས། ། ལྷན་སྐྱེས་བདེ་བས་མཉམ་བཞག་དྲངས་པ་ཡིས། །འཁོར་འདས་ཆོས་རྣམས་ཀུན་གྱི་གནས་ལུགས་དང་། །དབྱེར་མེད་གྱུར་པ་དཔེ་ཡི་ཡེ་ཤེས་ཉིད། །སྒྱུ་འཕྲུལ་དྲྭ་བའི་སྐུ་རུ་ལངས་པ་ལས། །མ་དག་སྐྱེ་ཤིའི་འཕྲང་ལས་གྲོལ་བ་ཡི། །རྫོགས་རིམ་ཨ་ནུའི་ལམ་དུ་འཇུག་པར་ཤོག །དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཨ་ཏི་ཡེ་དག་རོ་མཉམ་ཆེན་པོ་ཉིད། །ཡོད་མིན་མེད་མིན་སྟོང་མིན་མི་སྟོང་མིན། །རང་བཞིན་གཤིས་ལ་གཞལ་ན་ཐམས་ཅད་མིན། །མེད་པ་མ་ཡིན་གཉིས་མེད་ཟུང་འཇུག་སྟེ། །རྟག་མིན་ཆད་མིན་སྨྲ་བསམ་བརྗོད་ལས་འདས། །ངང་གནས་ཡེ་གནས་རྫོགས་པ་ཆེན་པོ་ནི། །ཀུན་མིན་ཕྱོགས་ཙམ་གཞལ་ན་ཐམས་ཅད་མིན། །བློ་ཡིས་བཀོད་ན་དྲན་བསམ་བརྗོད་ལས་འདས། །རྣལ་མའི་དོན་ལ་ཀུན་མིང་བཏགས་པ་ཙམ། །ཇི་ལྟར་སྣང་བ་དེ་ཡང་ཝ་ལེ་བ། །ཚིག་གིས་མ་བསྐྱེད་ལྷ་སྔགས་ལྷུན་གྱིས་གྲུབ། །གང་ལྟར་བསམ་བརྗོད་འདས་པའི་རང་བཞིན་ཏེ། །ཨ་ཏིའི་དགོངས་དོན་ཚུལ་བཞིན་རྟོགས་པར་ཤོག །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །རང་བཞིན་བབ་ཡིན་སྟོང་པས་ཕན་ཅི་ཡོད། །སོ་མ་ངང་བཞག་མ་བཅོས་རང་ག་མ། །ཐ་མལ་ཤེས་པ་རང་གྲོལ་རྒྱལ་བའི་ལམ། །རང་གིས་རང་གྲོལ་གཉེན་པོས་བཅོས་མི་དགོས། །ཡེ་གྲོལ་བསྐྱར་གཞི་མེད་དེ་གདོད་མའི་ངང་། །ཅེར་གྲོལ་ངོ་བོ་མེད་དེ་བདེན་པས་སྟོང་། །རང་གྲོལ་གཉེན་པོ་མེད་དེ་རང་བཞག་ཉིད། །འགྱུ་གྲོལ་རང་སར་དག་དེ་སྐད་ཅིག་མ། །ཤར་གྲོལ་དུས་མཉམ་ཡིན་ཏེ་སྔ་ཕྱི་མེད། །མ་བཅོས་རང་བཞག་རང་བབས་ཀ་དག་ཀློང་། །ངོ་བོ་རང་བཞིན་ཐུགས་རྗེའི་དོན་རྟོགས་ཤོག །ཤེས་རབ་རང་བྱུང་སྒྲོན་མའི་དབྱིངས་རུམ་ནས། །རྒྱང་ཞགས་སྒྲོན་མས་རིག་གདངས་སྒོ་ཕྱེ་ནས། །དག་དབྱིངས་སྒྲོན་མས་སྣ་ཚོགས་རྒྱན་བཀྲམ་སྟེ། །ཐིག་ལེ་སྟོང་སྒྲོན་ཞི་ཁྲོའི་དཀྱིལ་འཁོར་རྫོགས། །དང་པོ་རྒྱུ་ཡིས་མ་བསྐྱེད་དབྱིངས་ལྔ་ཤར། །བར་དུ་རྐྱེན་གྱིས་མ་བསྐྱེད་ཚོམ་བུར་གྲུབ། །ཐ་མ་ལྟ་བའི་གནས་དག་དབྱིངས་རིག་འདྲེས། །ཡིད་དཔྱོད་དང་བྲལ་མངོན་སུམ་མཐར་ཕྱིན་ཤོག །ཁྲེག་ཆོད་ལྟ་བས་སྲིད་ཁུང་གདར་ཤ་བཅད། །ཐོད་རྒལ་བསྒོམས་པས་སྐུ་གསུམ་རྩལ་རྫོགས་ཏེ། །གདོད་ནས་རྣམ་དག་དང་པོའི་སངས་རྒྱས་ཉིད། །དབྱེར་མེད་ཐིག་ལེའི་གཟུགས་སུ་གང་སྣང་བ། །དེ་ལས་སྤྲོས་ཚེ་སྐུ་གསུམ་སྣོད་བཅུད་དང་། །བསྡུས་ཚེ་སྟོང་ཉིད་སྙིང་རྗེ་ཆོས་ཀྱི་སྐུ། །ཐིག་ལེ་ཉག་གཅིག་ཡིད་ལ་གཡོ་མེད་ཤོག །སླར་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །གཉིས་སྣང་འཁྲུལ་བའི་བག་ཆགས་ཀུན་བཅོམ་ནས། །རིམ་པ་བཞི་པའི་དོན་གྱི་འོད་གསལ་དང་། །དབྱེར་མེད་ལྷན་ཅིག་སྐྱེས་པ་བདེ་བའི་དངོས། །བདེན་གཉིས་ཟུང་དུ་འཇུག་པའི་ཧེ་རུ་ཀ །མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་བཞིན་དུ། །གསལ་མདངས་འོད་ཟེར་ལྔ་ཡི་དྲྭ་བ་ཅན། །སྟོབས་བཅུ་མི་འཇིགས་བཞི་དང་སོ་སོ་རིག །མ་འདྲེས་བཅོ་བརྒྱད་རྫོགས་པའི་སངས་རྒྱས་དང་། །བླ་མེད་ཡོན་ཏན་རང་བཞིན་གཞལ་མེད་ལས། །རྣམ་ཀུན་མཆོག་ལྡན་ངོ་བོ་ཆོས་ཀྱི་སྐུ། །རྣམ་པ་ལོངས་སྤྱོད་རྫོགས་སྐུ་གྲངས་མེད་ཀྱིས། །སྤྲུལ་པའི་སྤྲིན་འཕྲོ་སྐུ་གསུམ་དབྱེར་མེད་ཤོག །མཁའ་ཁྱབ་གཟུགས་བཟུང་བགྲང་ཡས་སེམས་ཅན་ལ། །ཇི་སྙེད་ཁམས་དང་བསམ་པའི་དབྱེ་བ་བཞིན། །རང་རང་སྐད་དུ་རྒྱུ་དང་འབྲས་བུ་ཡི། །ཐེག་པ་གཉིས་ལས་བརྩམས་པའི་ཆོས་ཀྱི་ཚུལ། །ལེགས་པར་སྟོན་ལ་སྐྱོ་ངལ་མེད་པར་ཤོག །འདི་དང་བར་དོར་མཆོག་གི་གོ་འཕང་ནི། །ངེས་པར་གྲུབ་པའི་ལམ་བཟང་མ་རྙེད་ན། །ཟབ་ལམ་འཕོ་བའི་རྣལ་འབྱོར་ལ་གོམས་པས། །རྣམ་ཤེས་མཁའ་སྤྱོད་གནས་སུ་འཕོ་བྱས་ཏེ། །བསྐྱེད་རྫོགས་ལམ་གྱིས་རིམ་པའི་འཕྲོ་མཐུད་ཤོག །དེ་ལྟར་རྒྱུ་ལམ་འབྲས་བུའི་ཁྱད་པར་ལས། །སྐུ་དང་ཞིང་ཁམས་འཁོར་དང་མཛད་པ་ནི། །ཡོངས་སུ་དག་པའི་ཡེ་ཤེས་ལམ་ཉིད་དུ། །བྱེད་དང་མི་བྱེད་སྔགས་དང་ཕ་རོལ་ཕྱིན། །སོ་སོར་འབྱེད་པའི་བློ་གྲོས་དང་ལྡན་ཤོག །བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་བླ་མ་མཆོག་དང་མི་འབྲལ་ཞིང་། །དེས་གསུངས་གསུང་གི་བདུད་རྩི་མྱོང་བ་དང་། །དེ་དོན་སྒྲུབ་ལ་ཞུམ་པ་མེད་པ་ཡིས། །ཚེ་རབས་ཀུན་ཏུ་ཡོངས་འཛིན་དམ་པ་དང་། །ནམ་ཡང་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །ཅེས་པའི་གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་ཞེས་བྱ་བ་འདི་ཡང་། དག་པའི་སྣང་བ་ལྷུར་ལེན་པ་རསྨིའི་མཚན་ཅན་དང་། སྐྱེས་ཐོབ་ཀྱི་བློ་གྲོས་དང་ལྡན་པའི་ཆོས་རྗེ་རྣམ་སྣང་། ལས་དང་སྨོན་ལམ་གྱིས་འབྲེལ་བ་སྲས་མོ་ཡུམ་སྲས་སོགས་ཀྱིས་གསུང་གིས་བསྐུལ་ངོར། པྲ་ཛྙ་རསྨིས་ཐུབ་བསྟན་རྡོ་རྗེ་བྲག་ཏུ་སྦྱར་བའོ། །དགེའོ།། །།