གསང་བ་ཟབ་མོས་དུས་འདས་པའི་སྐབས་ཡིན་
དེ་སྔོན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་གཤེགས་ཁར་སྐབས་དེའི་བོད་ས་གནས་ཕྱི་ནང་གང་སར་དུས་བདེ་ཞོད་འཇགས་ཡོང་བ་དང་ངན་སེམས་འཆང་བའི་དགྲ་བོས་གཏོར་བཤིག་མི་འབྱུང་བའི་ཆེད་དུ་ལོ་ཤས་རིང་གསང་བ་བྱེད་དགོས་པའི་ཞལ་ཆེམས་གནང་བ་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་(༡༦༨༢)ལོ་ནས་རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་(༡༦༩༤)ལོ་བར་ལོ་བཅུ་གསུམ་རིང་གསང་བ་བསྟམས་ནས་དེའི་རིང་ཕྱི་རྒྱར་གོང་ས་སྐྱབས་མགོན་ལྔ་བ་སྐུ་ཚེའི་བར་ཆར་ཞི་བའི་ཆེད་དུ་སྐུ་མཚམས་དམ་པི་བཞུགས་ཡོད་དང་། ཁོང་གི་དངོས་སློབ་ཕ་བོང་ཁའི་དགེ་སློང་འཇམས་དབྱངས་གྲགས་ པ་དང་རྣམ་རྒྱལ་གྲྭ་ཚང་གི་སྡེ་པ་བཀྲས་རབ་པ་ཟེར་བ་གཉིས་མཁྱེན་ཡོན་བཟང་ཞིང་ཞལ་ཁྱིམ་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་འདྲ་ཉམས་དོད་པོ་ཡོད་པའི་ཁུལ་གཉིས་ཏའ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངོ་མ་ཡིན་པའི་ཁུལ་བྱས་ནས་ཆོས་བཤད་པ་དང་། དབང་བསྐུར་བ་། ཡིག་ལན་དང་དོགས་སེལ་བསྐུར་བ་། མོ་འདེབས་པ་། རྩོམ་ཡོག་འབྲི་བ་སོགས་བྱེད་དུ་བཅུག་དེ་ནས་རབ་བནཏུང་གོང་གསལ་གྱི་ལྕགས་རྟ་(༡༦༩༠)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་ཚེའི་ཞབས་བརྟན་དུ་ཁག་བཏགས་ནས་པོ་ཏ་ལའི་ཕོ་བྲང་དམར་པོ་རྒྱ་བསྐྱེད་ཐོག་ལྷ་ཁང་དང་རྟེན་གསུམ་མང་པོ་གསར་བཞེངས་དང་དུས་མཚུངས་མངོན་ཆུང་གི་སྒོ་ནས་གསེར་གདུང་མཛམ་གླིང་རརྒྱན་གཅིག་ཀྱང་གསར་བཞེངས་བྱས་ཤིང་། ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་ལ་འཚམས་འདྲིའི་ཞུ་ཡིག་དང་སྦྲགས་ཏཱ་ལའི་བླ་མ་སྐུ་གཤེགས་ཟིན་པིའ་བརྡ་མཚོན་དུ་རྒྱུན་བཞེས་ན་བཟའ་འབྲས་སྤང་ཆོས་གོས་རྣམ་གསུམ་ཆ་ཚང་དང་འཛིམ་བཟོས་འདྲ་སྐུ་གཅིག་བཅས་ཕུལ་ཡང་། གོང་མ་ཁང་ཤིས་ནང་པའི་ཆོས་ལུགས་ཀྱི་ཤེས་ཡོན་དམའ་བའི་རྐྱེན་གྱིས་གོ་བ་ལོན་མ་ཐུབ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོར་སྐུ་ཕྲེང་ལྔ་པ་ཆེན་པོ་སྐུ་གཤེགས་པའི་གནས་ཚུལ་སྐོར་ང་ལ་གསང་བ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཞེས་དྲི་བ་ནན་པོ་བཏོན་ཡོད་། གསང་བ་བྱས་པའི་རིང་ལ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མངོན་ཆུང་གི་ཐོག་ནས་ངོས་འཛིན་ཞུས་རྗེས་རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་(༡༦༩༤)ལོར་སྐུ་ཕྲེང་ལྔ་པ་སྐུ་གཤེགས་པའི་གནས་ཚུལ་གསང་བ་བརྟོལ་ཏེ་དགོངས་རྫོགས་ཀྱི་དུས་ཆེན་དུ་དམིགས་པའི་ཚོགས་མཆོད་ཆེད་མོ་སེར་སྦྲེང་དང་བཅས་པ་བཙུགས་པ་ཡིན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།