གསང་བ་ཆོས་ལུགས་
༡.བཙན་པོའི་དུས་སྐབས་སུ་བོད་ས་གནད་ཀྱི་མི་དམངས་ཚང་མས་བོན་ཆོས་ལ་དད་པ་བྱེད་ཀྱི་ཡོད་པ་དེ་རྣམས་སེམ་སདགའ་བའི་ཆེད་དུ་ཆོས་ཀྱི་གླེགས་བམ་དང་། གཟུགས་སྔགས་བསྐོས་ཕོར་སོགས་གནམ་ནས་བབས་པ་རེད་ཅེས་པའི་བཤད་ཚུལ་ཡོངས་བསྒྲགས་བྱེད་དགོསབྱུང་བ་ནི་ཕྱི་ཙམ་དང་། དོན་དངོས་སུ་པཎྜ་ཏ་བླ་སེམས་འཚོས་བསྣམས་ཕེབས་ཏེ་རྒྱས་པོ་ལྷ་ཐོ་ཐོ་རི་གཉན་བཙན་ལ་ཕུལ་བའི་ནང་པ་སངས་རྒྱས་པའི་ཆོས་ཡིན་ཀྱང་དེ་གནས་ཚུལ་ངོ་མ་བོན་པོ་རྣམས་དང་། མང་ཚོགས་ལ་ཁྱབ་བསྒྲགས་བྱེད་མི་རུང་བའི་སངས་རྒྱས་ཆོས་ལུགས་ཀྱི་གསང་བ་ཡིན་པའི་དོན་། ༢.བོད་པོའི་ཆོས་ལུགས་ཀྱི་བཤད་སྲོལ་དུ་ཡོད་པའི་རྒྱལ་པོ་གཉའ་ཁྲི་བཙན་པོའི་ལོ་རྒྱུས་ནང་རྒྱལ་པོ་གཉན་ཁྲི་བཙན་པོ་དེ་ལྷ་ཡུམ་ནས་འོངས་པ་དང་། གནམ་ནས་བབས་པ་ཡིན་ཟེར་བ་ལས་། རྒྱ་གར་ནས་འོངས་པའི་བཤད་ཚུལ་དེ་འདྲ་བཀོད་མེད་ཀྱང་《བཀའ་ཆེམས་ཀ་ཁོལ་མ་》དང་《འཇམ་དཔའ་རྩ་རྒྱུད་》གཉིས་ཀྱི་ནང་རྒྱལ་པི་གཉལ་ཁྲི་བཙན་པོ་དེ་ཤཱཀྱ་མུ་ནེ་དང་རུས་རྒྱུད་གཅིག་ཡིན་པ་སོགས་ཀྱི་བཤད་ཚུལ་ཡོད་པས་དེ་ལྟར་ཁས་ལེན་བྱས་ན་། བོད་ཀྱི་རྒྱལ་པོའི་ཐོག་མ་དེ་རྒྱ་གར་བ་ཡིན་པ་ལས་བོད་མི་མིན་པར་ཁས་ལེན་དགོས་པ་དང་། ཡོངས་གྲགས་ཀྱི་བཤད་ཚུལ་དེ་ཁས་ལེན་མ་བྱས་ན་། རྒྱལ་རབས་སྤྱིའི་བཤད་ཚུལ་ལྟར་མི་རིགས་རང་རང་སོ་སོའི་ཐོག་མའི་རྒྱལ་པོ་དེ་རུས་རྒྱུད་ཁྱད་པར་ཅན་ཞིག་ཡིན་པའི་བརྗོད་ཐབས་མི་རྙེད་པ་ལྟ་བུའི་དོགས་གནད་ཡོད་པའི་གནད་ཀྱིས་གསང་བ་ཆོས་ལུགས་ཀྱི་བཤད་ཚུལ་ཞེས་གསུངས་པ་མིན་ནམ་སྙམ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།