Jump to content

གཤེན་ཚང་

ཡོང་ཁུངས་Wikipedia

༄༅། །དམུ་རིགས་གཤེན་གྱི་གདན་ས་གཙོ་བོ་གསས་ཁང་གསེར་སྒོ་ཁྲ་མོ་དང་རི་རྒྱལ་དགོན་ཁྲི་བརྟན་ནོར་ བུ་རྩེ་གཉིས་ཀྱི་ལོ་རྒྱུས།

སྤངས་དང་རྟོགས་པ་མཐར་སོན་ལུང་དང་རིགས་པའི་བདག་ཉིད་ཅན། ། མཁས་དང་གྲུབ་པ་བྱེ་བའི་འབྱུང་གནས་གོང་འཕང་བརྙེས་ཟིན་པའི། ། ཐབས་དང་ཐུགས་རྗེའི་མཛད་བཅུའི་འོད་ཆེན་སྐྱ་རེངས་ཤར་བའི་རྒྱུན། ། གནས་གསུམ་བོན་གྱི་མགོན་པོ་དམུ་རྒྱལ་ཐོད་དཀར་སྲས་དེར་འདུད། །

གཤེན་བསྟན་སྲོལ་འཛུགས་ཀུན་སློང་བཟང་པོའི་གདུགས་དཀར་མཁའ་ལ་འཕྱར། ། ངོ་མཚར་ཁྱད་འཕགས་དུ་མས་རྒྱན་བསྟན་བ་དན་ལྷུབ་མོས་སྤུད། ། རླབས་ཆེན་བསྟན་པའི་དར་ཆེན་ཁྲི་བརྟན་ནོར་རྩེར་ལྷུན་པོ་བཞིན། ། རྒྱལ་ཀུན་སྤྱི་གཟུགས་གཤེན་བླ་ཀུ༵ན་མཁྱེ༵ན་ཡེ༵་བློ༵་ཕྱག་གི་ཡུལ། །

དགེ་བཅུའི་འོད་ཞགས་ཆུང་ནས་ཀུན་བཟང་དགོངས་པ་གཡོ་མེད་ཅིང་། ། བཅུ་རིག་གནས་དང་དཀྱིལ་ཆོག་སྟོང་དང་དྲུག་བརྒྱ་ཐུགས་སུ་ཆུད། ། རབ་འབྱམས་བོན་སྒོ་ཡོངས་དང་གསང་མཆོག་ཟབ་མོའི་མངའ་བརྙེས་ཤིང་། ། གཞལ་དཀའི་དྲིན་མཆོག་དམུ༵་དབ༵ང་ཉི༵་མི༵ང་མི་ཕྱེད་དད་པས་མཆོད། ། །

དམུ་རྒྱལ་གདུང་ལས་རྒྱལ་ཀུན་དཔྱིད་དཔལ་གཤིན་པའི་ཞིང་ས་རུ། ། འདུལ་བསྟན་སྔགས་སེམས་བཤད་དང་སྒྲུབ་པའི་ས་བོན་དགོད་འཛུམ་སྟེ། ། ཞྭ་དཀར་གཡུང་དྲུང་བསྟན་འཛིན་སློབ་འབངས་པད་དཀར་འདབ་ཕྲེང་རྒོད། ། མཚུངས་མེད་གཤེན་བླ་མི༵་འགྱུ༵ར་གཙུ༵ག་དབ༵ང་རྟག་ཏུ་རྒྱལ་གྱུར་ཅིག ། གཤེ༵ན་རབ་ཀུན་གྱི་མཆོག་གྱུར་ཐོད་དཀར་སྲ༵ས། ། སྲ༵ས་མཆོག་དེ་ཡི་རྒྱུད་འཛིན་དབྱིག་གི་ནོ༵ར། ། ནོ༵ར་བུ་ཀུན་ལས་རྣམ་རྒྱལ་དམུ་རིགས་བུ༵། ། བུ༵་རྒྱུད་དྲི་བྲལ་སྲིད་གསུམ་ཡོངས་ལ་དབ༵ང་། ། དབ༵ང་བསྒྱུར་འཁོར་ལོས་ཉོན་མོངས་ཀུན་ལས་རྒྱ༵ལ། ། རྒྱ༵ལ་བསྟན་ཉིན་མོར་བྱེད་ལ་མཆོད་ཅིང་བསྟོད། ། དེ་ཡང་སྤྱི་ཁོག་ལོ་རྒྱུས་མདོར་བཤད་དང་། གདན་སའི་གནས་ཀྱི་ཆགས་དབྱིབས། གནས་དེར་ཆགས་པའི་གསས་ཁང་གསེར་སྒོ་ཁྲ་མོའི་ལོ་རྒྱུས་དང་། རྟེན་གཙོ་བོ་ རྣམས་རྒྱས་བཤད། ཁྲི་བརྟན་ནོར་གླིང་དགོན་གྱི་ལོ་རྒྱུས་དང་། ནང་རྟེན་གཙོ་བོ་ རྣམས་རྒྱས་བཤད། དེ་བཞིན་མཁན་རབས་རིམ་བྱོན་བཅས་ལས། དང་པོ། སྤྱི་ཁོག་ལོ་རྒྱུས་ལ། སྤྱིར་སངས་རྒྱས་ཀྱི་གདུང་རྒྱུད་འཛིན་པ་བསམ་གྱི་མི་ཁྱབ་པ་ ཡོད་པའི་ནང་ནས། སྒོས་སུ་རྒྱལ་རིགས་དམུ་ཡི་གདུང་རྒྱུད་བྱུང་ཚུལ་ནི། གཡོ་མེད་བོན་སྐུའི་ཐུགས་ལ་གཡོ་བ་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ། གདུང་རྒྱུད་རྒྱལ་པོ་ དབྱིངས་ཀྱི་ལྷ་དྲུག་བྱུང་བའི་ མཁའ་འགྱིང་ལ་གཉན། གཤེན་ལྷ་ལ་དམུ། གར་གསས་ལ་ཤྭཀ། གནམ་གསས་ལ་སྤོ། གསས་རྗེ་ལ་ཧོས། རྒོད་གསས་ ལ་རྒྱ་ཡི་གདུང་རྒྱུད་བྱུང་བའི་ནང་ནས། གཤེན་ལྷ་དམུ་ཡི་གདུང་རྒྱུད་ནི་དང་ ཐོག་དམུ་རྗེ་བཙུན་པོ་དང་ལྷ་མོ་འོད་གསལ་མ་གཉིས་བཤོས་པའི་སྲས་བཞི་སྟེ། དམུ་རྒྱལ་འབུམ་རྗེ་འོད་ཀྱི་འཁོར་ལོ་ནས་བཟུང། ད་ལྟའི་གཤེན་སྲས་ནོར་བུ་ དབང་གི་རྒྱལ་པོ་ཡབ་སྲས་གསུམ་བར་གྱི་གདུང་རབས་སྐྱེས་བུ་རིམ་བྱོན་རྣམས་ དུས་དེབ་གོང་མའི་ནང་རྒྱས་པར་བསྟན་ཟིན་པས་སླར་ཡང་མི་སྤྲོ། གཉིས་པ། གདན་སའི་གནས་ཀྱི་ཆགས་དབྱིབས་བཤད་པ་ལ། དམུ་རིགས་གཤེན་གྱི་ གདན་ས་སྦ་བ་གཡོན་རུའམ་རུ་ལག་ལྷོ་ཡི་གནས། འབྲིག་གཉན་རྩེ་གད་མར་གྱི་ལྷ་ ཁང་ནི། གཤེན་དཔལ་དགོན་ཕྲིན་ལས་ཀྱི་སྐུ་དུས་ཡིན་པ་དང་། བསྟན་པ་ཕྱི་དར་ དུས་ཀྱི་འབྲིག་མཚམས་མང་ལ་རྩེའི་དགོན་པ་ནི་སྤྲུལ་པའི་སྐུ་མཆོག་གཤེན་ཆེན་ཀླུ་དགའི་གཏེར་གནས་ཡིན་ཏེ། དེ་དུས་གཤེན་གྱི་བོན་སྡེ་གནས་དེར་ཆགས་ཤིང་ བླ་མ་གཤེན་ཆེན་པོ་དང་སྲས་རིན་ཆེན་རྒྱལ་མཚན་ནས་བཟུང་གདུང་རབས་བཞི་ ལྔ་ཙམ་གྱི་བསྟན་སྲིད་འཕེལ་རྒྱས་སུ་གྱུར་བ་དང་། ཕྱིས་རིམ་པར་དར་སྡིངས་སུ་ འཕོས་ཤིང་། འདིར་རྩོད་ལྡན་ཚེ་ལོ་བརྒྱ་བའི་སྟོན་པ་རྫོགས་པའི་སངས་རྒྱས་ གཤེན་རབ་མི་བོ་མཆོག་དང་། དམ་པ་ཁོང་རྣམས་ཀྱི་བྱིན་གྱིས་རླབས་པའི་གནས་ དང་རྗེས་མ་རྣམས་ཀྱི་འཁྲུངས་ཡུལ་དམུ་རིགས་གཤེན་གྱི་གདན་ས་གཤེན་ཚང་བླ་བྲང་དང་། གསས་ཁང་གསེར་སྒོ་ཁྲ་མོ། རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་ བཅས་ཡིན་ཞིང་། དེ་གསུམ་གྱི་གནས་ཡུལ་ནི། གངས་རིའི་རྭ་བས་བསྐོར་བའི་ ཞིང་མཆོག་གཙང་སྟོད་ས་ཡི་ཐིག་ལེ། སྤྱིར་ཞང་ཞུང་སྒོ་ཕུག་བར་གསུམ་ ཏེ་སྒོ་བའི་ས་གསུམ་གྱི་བར་བ་མདོ་སྟོད་སྨད་བར་གསུམ་གྱི་ནང་ཚན། བར་དབུས་ གཙང་རུ་བཞི་ཡི་ཡ་གྱལ་གཡས་རུ་འཇེད་ཀྱི་ས་གནས། རྟ་ནག་དུང་ཕོར་ཞེས་ གཏེར་སྟོན་འགུ་རུ་་རྣོན་རྩེའི་གཏེར་གནས་ཀྱི་ནུབ་རྒྱུད། བཞད་ཀྱི་དཔལ་ལྡན་ དར་སྡིངས་ཞེས། དེང་སྐབས་གཞིས་རྩེ་ས་གནས་བཞད་མཐོང་སྨོན་རྫོང་དར་ སྡིངས་ཤང་གི་ཁོངས་གཏོགས་སུ། རི་བོ་གླང་པོ་ཆེ་འགྱིང་བ་འདྲ་བའི་སྟེང་ནོར་བུ་ བཞག་པ་དང་ཀུན་ནས་མཚུངས། རི་བོ་དེའི་མདུན་གྱི་གནས་ནང་ཞེས་པའི་གྲོང་ དཀྱིལ་དུ་ངོ་མཚར་ཤིན་ཏུ་ཆེ་བའི་གསས་ཁང་གསེར་སྒོ་ཁྲ་མོ་དང་གཤེན་གྱི་སྐྱེས་ ཆེན་དམ་པ་རྣམས་ཀྱི་བླ་བྲང་ལྷན་དུ་ཆགས་ཡོད་པ། གནས་མཆོག་དེ་ཡི་ཤར་དུ་ བྲག་རི་གཏེར་ལུང་མེ་ཤེལ་ཟེར་བ་ལ་ཟབ་གཏེར་སྣ་ཚོགས་ཡོད་པ་ལུང་ལས་གསལ་བ་དང་། རལ་ཐུལ་སྒྲུབ་ཕུག་ཅེས་གཤེན་ཚང་གི་སྲས་མོ་རབ་བྱུང་མ་ཞིག་ཚེ་ གཅིག་ལ་སྒྲུབ་ཕུག་དེའི་ནང་མུན་མཚམས་སྒྲུབས་པ་བཞུགས་པ་ལ། དབུ་རལ་ལུས་ ལ་ན་བཟའ་བཞིན་བཞེས་ཡོད་པར་བརྟེན། གཤེན་སྲས་རལ་ཐུལ་སྒྲུབ་ཕུག་ཅེས་ དང་། དེའི་མདུན་དུ་དམུ་གཤེན་ཉི་མ་རྒྱལ་མཚན་གྱི་ཞབས་རྗེས་དང་། བྱང་དུ་ རྟ་རི་ཟེར་བའི་རི་བོ་དར་དཀར་གྱི་ཡོལ་བ་ནུབ་ལ་འཐེན་པ་འདྲ་བ་དེའི་སྟེང་དུ་ གཤེན་ཉི་མའི་ཞབས་རྗེས་ཡོད། ནུབ་རི་ནི་རི་གཅིག་ཟེར་བ་དངུལ་དཀར་གྱི་མཎྡལ་ བཀོད་པ་འདྲ་བ་གླིང་བཞི་གླིང་ཕྲན་ཕྱི་ནང་འདོད་ཡོན་དང་བཅས་པ་གཤེན་གྱི་ གཙུག་ལག་ཁང་གནས་ཆེན་གསེར་སྒོ་ཁྲ་མོ་དང་དགོན་ཁྲི་བརྟན་ནོར་གླིང་ལ་ འབུལ་བའི་ཚུལ་དུ་ཡོད་པ་དང་རི་དེའི་སྟེང་གཤེན་ཉི་མའི་ཞབས་རྗེས་ཡོད། ལྷོ་རི་ ནི་དར་སྨུག་གི་ཡོལ་བ་ནུབ་ལ་འཐེན་པ་འདྲ་བ་ཁ་མདོག་ནི་ཤིན་ཏུ་སྣུམ་ཤིང་ དྭངས་བ་ཞིག་ཡོད་པ་དེའི་སྟེང་དུ་ཡང་གཤེན་ཉི་མའི་ཞབས་རྗེས་ཡོད་པ། དགོན་ དེ་ཡི་ཤར་རྒྱབ་རིའི་ཚུལ་དུ་གནས་པ་རི་ཁྲོད་སྨིན་གྲོལ་བདེ་གླིང་ཞེས། གཤེན་ཚེ་ དབང་བསོད་ནམས་བསྟན་རྒྱལ་གྱི་འཁོར་འདས་ཀྱིས་བསྡུས་པའི་བོན་ཐམས་ཅད་སྟོང་ཞིང་བདག་མེད་དུ་རྟོགས་ཤིང་སྲིད་བདེ་ཀུན་སྒྱུ་མར་མཁྱེན་ཅིང་། གསང་ སྔགས་ཀྱི་ཡི་དམ་ཕལ་ཆེར་གྱི་བསྙེན་བསྒྲུབས་མཛད་ཅིང་ལྷ་ཞལ་འཁུམས་གནས་ དང་། བླ་བརྒྱུད་གོང་མའི་ཞབས་རྗེས་ཡོད་པ་རྒན་རབས་རྣམས་ཀྱི་མཐོང་ཆོས་སུ་ གྱུར་ཡང་དེང་དུས་མཇལ་བར་དཀའ། དེ་གཉིས་ཀྱི་བར་ན་འགྲོ་ཀུན་མཐོ་རིས་གོ་ འཕང་བགྲོད་པའི་གླིང་བསྐོར་ལམ་གོང་ཉག་ལ་ཞེས་པ་ཡོད་པ་དང་། ཁམས་གསུམ་