གཤེད་མ་
གཤེད་མ་ནི་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་གཞུང་ནང་དུ་དམྱལ་བ་དང་ངན་སོང་གི་གནས་སུ་སེམས་ཅན་རྣམས་ལ་སྡུག་བསྔལ་སྦྱིན་པའི་གསོད་བྱེད་ཀྱི་སྐྱེ་བོ་ཞིག་དང། ངོ་བོ་ནི་ཉོན་མོངས་པའི་དབང་གིས་སེམས་ཅན་རྣམས་ལ་ལས་ངན་པའི་རྣམ་སྨིན་གྱི་སྣང་བ་ཞིག་གོ །
མཚན་ཉིད།
[རྩོམ་སྒྲིག]ཉོན་མོངས་པས་བསྐྱེད་པའི་ལས་ངན་པའི་དབང་གིས་སེམས་ཅན་གྱི་ཤེས་པ་ལ་སྣང་བའི་འཁྲུལ་བའི་སྣང་བ་སྟེ། གསོད་བྱེད་ཀྱི་ཚུལ་དུ་མངོན་པར་འཆར་ཞིང་སེམས་ཅན་ལ་སྡུག་བསྔལ་བསྐྱེད་ཀྱང་ངན་སོང་དང་མཐོ་རིས་ཀུན་ཏུ་གནོད་པ་སྦྱིན་པར་བྱེད་པའོ། །
ནང་དོན།
[རྩོམ་སྒྲིག]ཉོན་མོངས་པའི་གསོད་བྱེད། དཔྱད་གཞི་ཁག་གི་ནང་དུ་གསལ་བའི་ལྟར་ན། གཤེད་མ་ནི་ཉོན་མོངས་པའི་དབང་གིས་སྣང་བའི་གསོད་བྱེད་ཅིག་ཡིན་ཏེ། "ཉོན་མོངས་པས་བསྐྱེད་པའི་ལས་ངན་པའི་དབང་གིས་དམྱལ་བ་ཡི་དྭགས་སོགས་ཀྱི་གནས་སུ་མི་དང་བྱ་ཁྱི་སོགས་གཤིན་རྗེའི་སྐྱེས་བུའི་ཚུལ་དུ་སྣང་བའི་གསོད་བྱེད་ཀྱི་གཤེད་མར་གྱུར་ཅིང་མཐོ་རིས་དང་ཐར་བའི་སྲོག་གཅོད་པར་བྱེད་པའི་ཉོན་མོངས་པའི་དགྲ་བོ་མ་རུངས་པ་ཉེས་པ་མ་ལུས་པའི་འབྱུང་གནས་སུ་གྱུར་པ་"[༡]ཞེས་གསུངས་པའི་དོན་ནི་ང་རྒྱལ་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པས་བསྐྱེད་པའི་ཉེས་ལས་ཀྱིས་དམྱལ་བ་དང་ཡི་དྭགས་ལ་སོགས་པའི་གནས་སུ་སྐྱེས་ཚེ། སྔོན་གྱི་ལས་ཀྱི་དབང་གིས་གཤིན་རྗེའི་ཕོ་ཉ་མོ་ཉ་སོགས་ཀྱི་གསོད་བྱེད་ཆེན་པོ་རྣམས་སྣང་བ་དེ་ལ་གོ་དགོས་སོ། །འཁོར་བའི་བཙོན་རའི་སྲུང་མ། གཤེད་མ་དེ་དག་ནི་འཁོར་བའི་བཙོན་ར་ལས་སེམས་ཅན་རྣམས་མི་ཐར་བར་བྱེད་པའི་སྲུང་མའི་འགན་འཁུར་བ་ཞིག་ཡིན་ཏེ། "ཉོན་མོངས་དེས་འཁོར་བ་ལས་འདར་མི་སྟེར་བས་འཁོར་བའི་བཙོན་རའི་སྲུང་མ་དང་བཙོན་དོང་དམྱལ་བ་སོགས་སུ་བསྐྱུར་བ་"[༢]ཞེས་པའི་དོན་ནི་བཙོན་ཁང་ལ་བཙོན་མ་ཡོད་པ་བཞིན། འཁོར་བ་ཞེས་པའི་སྡུག་བསྔལ་གྱི་བཙོན་ཁང་ཆེན་པོ་འདི་ལས་ང་ཚོ་མི་ཐར་བར་བྱེད་པའི་སྲུང་མ་ནི་ཉོན་མོངས་པ་ཉིད་ཡིན་ལ། དེ་དག་གི་དབང་གིས་ང་ཚོ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཆེན་པོའི་གནས་སུ་འཕེན་པར་བྱེད་པར་གོ་དགོས་སོ། །གནས་རིས་ཀུན་ཏུ་གནོད་པ་སྦྱིན་པ། གཤེད་མ་རྣམས་ནི་དམྱལ་བ་ཙམ་ལ་ཞེན་པ་མ་ཡིན་པར། "ངན་སོང་དང་མཐོ་རིས་སུའང་གསོད་པར་བྱེད་པའི་གཤེད་མར་གྱུར་པ་"[༣]ཞེས་གནས་རིས་ཀུན་ཏུ་སྲོག་གཅོད་པར་བྱེད་པ་ཞིག་ཡིན་ནོ། །འདིས་སྟོན་པ་ནི་ཉོན་མོངས་པ་དེ་དག་ནི་དམྱལ་བ་དང་ཡི་དྭགས་ལ་སོགས་པའི་ངན་སོང་དུ་སྐྱེས་པའི་སྐབས་སུ་ཙམ་མ་ཟད། མི་དང་ལྷ་ལ་སོགས་པའི་མཐོ་རིས་སུ་སྐྱེས་ཀྱང་བདེ་བ་མི་སྤྱོད་ཅིང་སྡུག་བསྔལ་སྦྱིན་པར་བྱེད་པ་དེ་ལ་གོ་དགོས་སོ། །
གཤིན་རྗེའི་སྐྱེས་བུའི་སྣང་བ།
[རྩོམ་སྒྲིག]ཤེས་འཛིན་འཁྲུལ་བའི་སྣང་བ། གཤེད་མ་རྣམས་ནི་གཤིན་རྗེའི་སྐྱེས་བུའི་ཚུལ་དུ་སྣང་བ་ཞིག་སྟེ། "དམྱལ་སོགས་ནའང་གསོད་བྱེད་གཤེད་མ་ནི་གཤིན་རྗེའི་སྐྱེས་བུ་དེ་དག་ཡིན་ཏེ། ཉོན་མོངས་པའི་དབང་དུ་གྱུར་པ་ལ་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་དེ་དག་སྣང་བའི་ཕྱིར་རོ། །"[༤] ཞེས པའི་དོན་ནི་གཤེད་མ་དེ་དག་ནི་དངོས་སུ་ཡོད་པའི་སྐྱེ་བོ་རེ་རེ་མ་ཡིན་པར། ང་ཚོའི་སེམས་ལ་ཉོན་མོངས་པ་སྐྱེ་བ་དང་། སྔོན་གྱི་ལས་ཀྱི་རྣམ་སྨིན་གྱི་དབང་གིས་སྣང་བའི་འཁྲུལ་པའི་སྣང་བ་ཞིག་ཏུ་ཤེས་པར་བྱ་སྟེ། རྨི་ལམ་དུ་སྡུག་བསྔལ་འཚེར་བ་བཞིན་ནོ། །
བློ་ལ་གནས་པའི་སྐྱོན།
[རྩོམ་སྒྲིག]ཚུལ་མིན་ཡིད་བྱེད་ཀྱི་དྲ་བ། གཤེད་མ་རྣམས་བདག་གི་བློའི་ནང་ན་གནས་ཚེ། "གལ་ཏེ་བདག་གི་བློ་ལ་གནས་ཏེ་སྤང་དུ་མི་འདོད་པའི་ཆགས་པའི་དྲ་བ་ན་མི་འབྲལ་བར་བྱ་བྱ་འཛིན་གྱི་དྲྭ་བས་བཟུང་བ་ལྟར་གནས་པར་གྱུར་ན་བདག་ལ་ཚེ་འདི་ཕྱི་ཀུན་ཏུ་བདེ་བ་ཡི་གོ་སྐབས་ག་ལ་ཡོད་དེ་མེད་པས་འདི་ཉིད་སྤོང་བ་ལ་འབད་པར་བྱའོ། །"[༥]ཞེས་པའི་དོན་ནི་ཉོན་མོངས་པ་རྣམས་ང་ཚོའི་སེམས་ཀྱི་ནང་ན་གནས་ཏེ། དགྲ་བོ་ལྟར་རྟག་པར་སྡུག་བསྔལ་སྦྱིན་པ་འདི་ཇི་ལྟར་སེལ་བ་ཡིན་ཞེ་ན། ཉོན་མོངས་པ་སྤང་བ་མ་གཏོགས་གཞན་པའི་ཐབས་གང་གིས་ཀྱང་མི་ཐུབ་པ་དེ་ལ་གོ་དགོས་སོ། །དམྱལ་བའི་གཤེད་མའི་རྒྱུ། "དགྲ་དེ་ལྟ་བུ་བདག་གི་སྙིང་ངམ་སེམས་ལ་རྟག་པར་བཞག་ནས་ཡིད་བདེར་འདུག་པ་མི་རིགས་ཏེ་དམྱལ་བའི་གཤེད་མ་ལ་སོགས་པའི་རྒྱུ་ཡང་དགྲ་འདི་ཁོ་ན་ཡིན་སྟེ་འདི་ཡོད་ན་དེ་དག་ཡོད་པའི་ཕྱིར་རོ། །"[༦]ཞེས་གསུངས་པའི་དོན་ནི་ཉོན་མོངས་པ་ཞེས་པ་འདི་མ་སྤངས་ན། དེའི་དབང་གིས་ལས་ངན་པ་སྐྱེད་ཅིང་དེ་ལས་བྱུང་བའི་འབྲས་བུ་ཉོན་ཅིང་དམྱལ་བ་དང་འགྲོ་བའི་སྡུག་བསྔལ་དེ་ལ་གཤེད་མ་ཞེས་བརྗོད་པ་དེ་སྣང་བར་འགྱུར་བ་ཡིན་པས། རྒྱུ་མེད་ན་འབྲས་བུ་མེད་པ་བཞིན། ཉོན་མོངས་པ་སྤང་ན་གཤེད་མ་ཞེས་པའི་སྡུག་བསྔལ་དེ་ཡང་ཟློག་ཐུབ་པར་གོ་དགོས་སོ། །
སྤང་ཐབས།
[རྩོམ་སྒྲིག]ཞེན་པའི་དྲ་བ་གཅོད་པ། "འཁོར་བའི་བཙོན་ར་ལས་མི་ཐར་བར་བྱེད་པས་ན་དེའི་སྲུང་མ་དམྱལ་སོགས་སུ་གསོད་བྱེད་གཤེད་མར་གྱུར་པའི་ཉོན་མོངས་པ་འདི་དག་ནི་གལ་ཏེ་བློ་ཡི་གནས་ལ་ཆགས་པ་སྟེ་ཞེན་པའི་དྲྭ་བ་ན་གནས་ན་བདག་ལ་བདེ་བ་ག་ལ་ཡོད་"[༧]ཅེས་གསུངས་པའི་དོན་ནི་ཞེན་པ་ཞེས་པ་ནི་དོན་དམ་མེད་པའི་ཆོས་རྣམས་ལ་བདེན་པར་ཞེན་པའི་རྟོག་པ་དེ་ཡིན་ལ། འདི་ཐམས་ཅད་བདེན་པར་ཡོད་པའི་ངང་དུ་ཞེན་ནས་འགྲོ་འོང་བྱེད་པ་དེ་ཉིད་ཉོན་མོངས་པའི་གཤེད་མ་སྣང་བའི་གཙོ་བོའི་རྒྱུ་ཡིན་པས། དེ་སེལ་ན་གཤེད་མ་ཞེས་པའི་སྡུག་བསྔལ་སྣང་བ་ཟློག་ཐུབ་པར་ངེས་སོ། །
བསྡུས་དོན།
[རྩོམ་སྒྲིག]གཤེད་མ་ནི་ཉོན་མོངས་པའི་དབང་གིས་སེམས་ཅན་གྱི་ལས་ངན་པའི་རྣམ་སྨིན་གྱིས་སྣང་བའི་གསོད་བྱེད་ཅིག་ཡིན། དེ་དག་ནི་འཁོར་བའི་བཙོན་རའི་སྲུང་མ་དང་། དམྱལ་བ་ནས་མཐོ་རིས་བར་གྱི་གནས་ཀུན་ཏུ་སྡུག་བསྔལ་སྦྱིན་པའི་འགན་འཁུར་བ། གཤིན་རྗེའི་སྐྱེས་བུའི་ཚུལ་དུ་སྣང་བའི་འཁྲུལ་སྣང་ཞིག་ཡིན་ལ། དེ་དག་བློའི་ནང་ན་གནས་ཚེ་བདེ་བའི་གོ་སྐབས་ཇི་ལྟར་ཡང་མེད་པར་འགྱུར་བས། ཞེན་པའི་དྲ་བ་གཅོད་པས་དེ་དག་སྤང་ཐུབ་པར་འདོད་དོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།